རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་ཀྱི་མགོ་གཙོ་ཡུས་ཀྲིན་ཧྲིན་གྱིས་འདས་པའི་བདུན་ཕྲག་གཅིག་རིང་ལྷ་ས་ཁུལ་དུ་སྐོར་སྐྱོད་བྱས་ཏེ་མེས་རྒྱལ་གཅིག་གྱུར་ནན་བཤད་བྱས་འདུག
ཡུས་ཀྲིན་ཧྲིན་གྱིས་ཕྱི་ཚེས་ ༡ ཉིན་ནས་མགོ་འཛུགས་ཀྱིས་ནག་ཆུ་ཁུལ་གྱི་སློབ་གྲྭ་དང་དགོན་སྡེ་ཁག ལྷ་སའི་ཀླུ་སྦུག་གཞིས་ཁུལ་དང་། སྟོད་ལུང་བདེ་ཆེན་རྫོང་དུང་དཀར་སྡེ་བ། ལྷ་ལྡན་གཙུག་ལག་ཁང་དང་འབྲས་སྤུངས་དགོན་པ། ཞབས་བརྟན་དགོན་པ། བོད་ལྗོངས་ནང་བསྟན་སློབ་གླིང་བཅས་སུ་སྐོར་སྐྱོད་ཀྱིས་ཚོགས་འདུ་བསྐོངས་ཏེ། ‘བོད་ཁུལ་བརྟན་བརླིང་དང་མི་རིགས་མཐུན་སྒྲིལ། རྒྱལ་གཅེས་ཆོས་གཅེས།’ ཟེར་བ་སོགས་ཀྱི་ཐོག་ལ་གཏམ་བཤད་སྤེལ་ཡོད་འདུག
ཡུས་ཀྲིན་ཧྲིན་གྱི་གཏམ་བཤད་ནང་། “ ཏཱ་ལའི་བླ་མའི་བོད་ཁམས་ཆེན་པོ་དང་ཚད་མཐོའི་རང་སྐྱོང་ཞེས་པའི་ལྟ་བ་ནི་ཀྲུང་གོའི་རྩ་ཁྲིམས་དང་ཁྲིམས་ལུགས་དང་འགལ་ཡོད་ལ། བོད་བརྒྱུད་ནང་བསྟན་གྱི་རྩ་བའི་ཁེ་ཕན་ལའང་འགལ་ཡོད་པས། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་ཏཱ་ལའི་ཚོགས་པའི་ཁ་བྲལ་ངོ་བོར་ངོས་འཛིན་གསལ་བོ་བྱས་ཏེ། མེས་རྒྱས་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ། བོད་ལྗོངས་ཀྱི་འཆམ་མཐུན་དང་བརྟན་འཇགས་བཅས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་དགོས།” ཞེས་བསྟན་འདུག
ཉེ་ཆར་ཕྱི་ཟླ་ ༧ ཚེས་ ༩ ཉིན་ཡུས་ཀྲིན་ཧྲིན་མདོ་སྨད་ཀན་ལྷོ་ཁུལ་བླ་བྲང་དགོན་པའི་གྲྭ་མང་དང་ས་གནས་སློབ་གྲྭ་སོགས་སུ་ལྟ་སྐོར་དང་། ཁུལ་དང་རྫོང་ཆོས་ལུགས་སྡེ་ཁག་གི་མི་སྣ་དང་། ས་གནས་མང་ཚོགས་བཅས་ལ་ཚོགས་འདུ་བསྐོངས་ཏེ་གོང་གི་གཏམ་བཤད་དེ་དག་སྤེལ་ཡོད།