མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚིག་ཚོན་པོ་འཁུར་དུས་སྐྱབས་ཧམ་པར་བཅོལ་དགོས།

བོད་ཀྱི་དུས་བབ།
༢༠༡༣/༠༨/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཨ་ཚོགས་ཀླུ་མཁར་བྱམས། 

“ སེམས་ལྷོད་ལ་འབབ་རྒྱུ་ནི་ལས་སླ་བོ་ཞིག་མིན། སེམས་འདི་རྙོག་འཛིང་ཆེ་བའི་སྤྱི་ཚོགས་ཀྱི་སྣང་ཚུལ་སྣ་ཚོགས་དང་འབྲེལ་ཞིང་། ཞིབ་མོར་བཤད་ན་ད་བར་ང་ཚོར་བསྟན་ཅིང་གདམ་པ་དག་ནི་སེམས་ཁྲལ་དང་།   སུན་འཚེར། འཕྱ་སྨོད་བཅས་ཡིན་ཞིང་། མདོར་ན་སྤྱི་ཚོགས་ཀྱི་ཁོ་ར་ཁོར་ཡུག་ཚང་མ་(གཟབ་ནན་) དམིགས་གཏན་ཏུ་བཞག་ནས་བསྐྲུན་ཞིང་གྲུབ་པས་སོ།། ”

                                                                                               ་་་་་་་་ ཨོ་ཞའོ་(OSHO) ཞལ་ནས།

ཉིན་པོར་ང་གནམ་ཐང་ནས་ཐད་གར་ཚོགས་འདུར་ཕྱིན་པར་བརྟེན་ཐང་ཆད་པའི་ཁར།  ཚོགས་འདུ་མགོ་བཙུགས་མ་ཐག་དགེ་རྒན་དང་། བོད་ཀྱི་སྐུ་ཚབ།   ད་དུང་རྩ་སྟོང་དུ་ཕྱིོན་པའི་རྒྱལ་ཁབ་ཟེར་བ་སོགས།  ལྗིད་ཁོག་ཅན་གྱི་ཚིག་ཚོན་པོ་འདི་དག་ནི་གད་པའི་ལག་གི་ཕྱགས་མ་བཞིན། རེ་རེ་གོ་ཡོང་དུས་མཐར་ངའི་ཀླད་པ་སྟོང་པ་སྟོང་རྐྱང་བཟོས་སོང་། ལས་རིམ་ལྟར་ན་གཏམ་བཤད་བྱེད་མཁན་དང་པོ་ང་རེད་འདུག དེ་བས་སྐུ་ཞབས་ཐིམ་མུའུ་ཇུ་ལགས་སྔོན་ཆད་ངོ་ཤེས་ཀྱི་མེད་མོད། ཁོང་ལ་ཐོག་མར་ཁྱེད་ཀྱིས་གཏམ་བཤད་གནང་རོགས་ཞེས་རེ་སྐུལ་མི་ཞུ་ག་མེད་ཆགས། ཁོས་དང་ལེན་གནང་བ་དེས་ང་ཅུང་ལྷོད་ལ་བབས་སོང་། རྒྱ་མིར་མཚང་འབྲུ་དགོས་ན་ངེད་གཉིས་ཀྱི་རིག་ལམ་འདྲ་སེ་འདུག་ཀྱང་། མི་འདི་རྒྱ་སྐད་ང་ལས་བདེ་བོ་ཡོད་པ་ཙམ་མ་ཡིན་པར། སྐད་ཆར་གོ་རིམ་ལྡན་ཞིང་གཏན་ཚིགས་ཀྱིས་ཕྱུག་པ་ཞིག་རེད། ངས་ཆུ་ཚོད་ཕྱེད་ཀར་ཆུ་རྒྱུག་རྒྱུག་ཡིན་པའི་གཏམ་བཤད་དེར་ཉན་རྗེས། ཡ་ད་འདི་ནས་དེ་བར་བཤད་དགོས་བསམ་པའི་སྐྱ་ཐིག་ཅིག་སེམས་ངོར་གྲུབ་ཏུ་བཅུག

ང་གནམ་ཐང་ལ་ལེན་མཁན་ནི་ཐའེ་བོད་མཛའ་གྲོགས་ཚོགས་པའི་བུ་མོ་ཀྲི་ལན་རེད། མོ་རང་དང་གྲོགས་མོ་གཉིས་ཀྱིས་འཇེབ་འཁོར་ཉ་འདྲ་བ་ཞིག་ཁྲིད་འདུག  ཐའོ་ཡོན་གནམ་ཐང་ནས་ཚོགས་འདུ་འཚོགས་ཡུལ་བར་ཆུ་ཚོད་གཉིས་མ་ཟིན་ཙམ་ལ་འགྲོ་དགོས་འདུག  ལམ་སྐབས་ནས་ཁོང་གཉིས་ཀྱིས་རི་ཆུ་ནགས་གསུམ་དང་གྲོང་དང་གྲོང་ཁྱེར་སོགས་ངོ་སྤྲོད་བྱས་པར་ཉན།   མཐར་ཁོད་ཡངས་པའི་ཞང་ཁ་ཞིག་གི་ནང་བསླེབས། དེར་ཐོག་སོ་བཞི་ལྔ་ཅན་གྱི་ཁང་བརྕེགས་ཤིག་ཡོད་པ་ནི་ཁྲིན་ཏེན་ནན་རྗེས་དྲན་ཁང་ཡིན་པ་དང་། ཉི་མ་དེར་ང་ཚོའི་ཚོགས་འདུ་འཚོགས་སའང་དེ་རེད།

ཅུང་འགོར་སོང་བ་འདྲ། ཚོགས་བཅར་བ་ཚང་མས་ཕྱི་ལོག་ན་སྒུག་བསྡད་འདུག  ང་བྲེལ་འཚུབ་ངང་ཚོགས་ཁང་ནང་འཛུལ་སྐབས་རྒྱ་སྒོའི་གཡས་ཕྱོགས་སུ་(དགེ་རྒན)ཀླུ་མཁར་བྱམས་བྱོན་པ་ལེགས་ཅེས་པའི་བརྡ་སྦྱོར་ཆེ་ཐག་ཆོད་ཅིག་དང་།  ཕར་ཕྱོགས་དེར་(ཐའེ་ཝན་ཡང་རྩ་སྟོང་དུ་འགྲོ་བའི་རྒྱལ་ཁབ་ཅིག་ལ་མི་འགྱུར་བའི་ཆེད)ཅེས་པའི་མཚོན་ཁྲ་ཅན་གྱི་སྦྱར་བྱང་དེ་གཉིས་མཐོང་སོང་། དེ་མཐོང་འཕྲལ་ངའི་སེམས་པ་ལྗིད་ཏིག་གེར་ཕྱིན་པ་དང་། ལམ་སྐབས་ནས་གླིང་ཕྲན་(formosa) ལྗོངས་བཀོད་ལ་བློ་གཡེང་བྱས་པའི་སྤྲོ་སྣང་ཡང་ངང་གིས་ཡལ། ང་ལྟ་བུ་མི་ཚེ་སྦྱར་བྱང་ངོས་ནས་རྫོགས་གྲབས་ཡོད་པའི་མི་ཞིག་ལ་མཚོན་ན། མགོ་བོས་མི་ཐེག་པའི་མིང་དང་། བློས་མི་ལྕོགས་པའི་བརྗོད་གཞིར་ངན་གོམས་ལ་སོང་ཡོད་མོད།  དགེ་རྒན་ཞིག་ཡིན་ན་སྨན་པ་ནང་བཞིན་ནད་པར་མཁོ་བའི་སྨན་ཞིག་སྤྲོད་དགོས་ངེས་རེད། སོང་ཙང་ང་གཞན་ལ་ཕན་པ་ཞིག་ཁྲིད་དམ། ཡང་གཅིག་བཤད་ན། ངའི་བག་ཆགས་ཀྱི་མཐུག་སར་(དགེ་རྒན་)ཞེས་པའི་གོ་བབ་ང་ལས་མཐོ་མ་ཟད། ལྷ་ལས་ཀྱང་མཐོ་བའི་ཡིན།

ཉི་མ་དེར་དགེ་རྒན་ལས་ཀྱང་ལྗིད་བའི་ཐ་སྙད་ཅིག་ངའི་མགོར་བསྐྱོན་པ་ནི་( བོད་ཀྱི་སྐུ་ཚབ ) རེད། སྐུ་ཞབས་ཐིམ་མུའུ་ཇུ་ངེད་གཉིས་ཁ་ཐུར་འཁོར་ཏེ་བསྡད་མ་ཐག  གཙོ་སྐྱོང་བས་ངོ་སྤྲོད་གནང་སྐབས་བོད་ཀྱི་སྐུ་ཚབ་ཅེས་པའི་ཚིག་འདི་ངའི་རྣ་རྩར་རྡོ་ནང་བཞིན་ལྷུང་སོང་།  ལྷོ་སོག་( སྐུ་ཚབ་)ཅེས་པ་དེར་རྒན་ཐིམ་མུའུ་ཇུ་ཡང་ཅུང་བདེ་བོ་མ་བྱུང་བ་འདྲ། ཁོས་ང་འདིར་ཅིག་གི་ཚབ་བྱས་ནས་ཡོང་མེད་ཅེས་དང་པོ་ནས་འགྲེལ་བརྗོད་གནང་སོང་། ད་ཆ་བོད་དང་བོད་ཀྱི་ཚབ་གནང་མཁན་དེ་ཚོ་ང་དང་ང་འདྲ་བ་རྐྱང་ཡིན་སྟབས། ངས་བསམ་བློ་ཞིབ་མོར་བཏང་རྗེས། ང་ཅིག་གི་ཚབ་ཡིན་དང་མིན་གྱི་གསལ་བཤད་ཐོལ་པ་མ་བྱས། ཕྱི་ཉིན་གསར་འགྱུར་ཁག་གི་ནང་དུའང་བོད་ཀྱི་སྐུ་ཚབ་ཟེར་ནས་མང་པོ་ཐོན་འདུག  དྲང་མོར་བཤད་ན། ང་བོད་ཀྱི་ཚབ་བྱེད་ཐུབ་མིན་ནི་བཤད་སྟངས་ཙམ་ཡིན་མོད། མི་ང་འདི་ཅིག་གི་ཚབ་བྱ་རྒྱུར་དགའ་བོ་མེད་སྟབས་ཚིག་དེ་བདེ་པོ་མ་བྱུང་།

ཐའེ་ཝན་ཡང་་་(རྩ་སྟོང་དུ་འགྲོ་བའི་རྒྱལ་ཁབ་ཅིག་ལ་མི་འགྱུར་པའི་ཆེད་) ཅེས་པར་ཚིག་ངོས་ན་ང་སྐྲག་དགོས་ས་ཅང་མེད་མོད། ཡུས་ཕེན་གྱི་ངོ་སྤྲོད་གཏམ་བཤད་སྐབས། བརྗོད་གཞི་འདིའི་རྒྱབ་ལྗོངས་གླེང་མ་ཐག མོ་རང་གིས་སེམས་མགོ་གནོན་མ་ཐུབ་པར་མིག་ཆུ་ཤུར་ཤུར་ཐོན་བཞིན་འདུག  རྣམ་འགྱུར་དེས་ང་ལ་(ཁྱོད་རང་)གནས་འདིར་སྤྲོ་འཆམ་ལ་ཡོང་བ་མ་ཡིན་པར། གཟབ་ནན་གྱིས་གདོང་གཏད་དགོས་པའི་གནད་དོན་ཞིག་གི་ཁ་གཏད་དུ་ཡོད་པར་དྲན་སྐུལ་ལམ། གནོན་ཤུགས་འཕར་མ་སྤྲད་སོང་།

ལས་རིམ་ནང་ལྟར་གཏམ་བཤད་ཀྱི་ཁ་རེས་འཁོར་བ་དང་། ངས་ཀྱང་ཁྲལ་ལས་ཙམ་ཞིག་འགྲོ་ཐབས་བྱས།  ཀུན་གྱིས་དོ་སྣང་བྱེད་ས་རང་ལུས་མེར་བསྲེགས་རེད། སྐོར་བསྐྱོད་གཏམ་བཤད་ཚང་མའི་ནང་དུའང་མེར་བསྲེགས་ཀྱི་དྲི་བ་མང་པོ་སླེབས་སོང་། ངས་ཀྱང་གནད་དོན་འདིར་གང་གཟབ་གཟབ་བྱས་ཤིང་། མེར་བསྲེགས་ཐད་ང་རང་གི་བསམ་ཚུལ་བརྗོད་སྐབས། ཆེད་དུ་དོ་སྣང་བྱ་དགོས་པའི་ཕྱོགས་དམིགས་འདོན་བྱས་པ་དང་། དང་པོ་བོད་ཀྱི་མེར་བསྲེགས་གཏོང་མཁན་མང་ཆེ་བས་ཞལ་ཆེམས་བཞག་ནས་འགྲོ་བཞིན་འདུག  དེ་ནི་སྙིང་ནད་རྩོད་རྒྱུ་ཁོ་ན་ལས་རེ་བ་གང་ཡང་མེད་པའི་ཚད་ལ་ལྷུང་མེད་པའི་རྟགས་མཚན་ཡིན་སྟབས། དེ་ཡག་ཕྱོགས་ཀྱི་གནས་ཚུལ་རེད། ཁོ་ཚོར་དགོས་འདུན་ཡོད་སྟབས་སྐྱོབ་མཁན་ཞིག་ཡོད་ན། ལག་པ་འཆིང་སའི་གཞི་ཡོད་པ་དང་།  དགོས་འདུན་དེ་ཚོའང་བོད་ལ་རང་དབང་རང་བཙན་དགོས། ༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས། ཆོས་དང་རིག་གཞུང་ལ་བརྩི་འཇོག་བྱ་དགོས་ཟེར་བ་ལྟ་བུ། མདོར་ན། འགྲོ་བ་མིའི་གཞི་རིམ་ཐོབ་ཐང་གི་སྐད་ཆ་རྐྱང་རེད། མ་གཏོགས་རང་སྲོག་གཅོད་མཁན་མང་པོ་ཞིག་དང་། ཁྱད་པར་དུ་རང་དང་མཉམ་པོར་གཞན་ཀྱང་ཁྲིད་ནས་འགྲོ་མཁན་༼འཇིགས་སྐུལ་བར༽མཚོན་ན། ཤི་ཁར་དགོས་འདུན་ཙམ་ཡང་མེད་པར་ནག་ཁུངས་ནང་འགྲོ་རྐྱང་ཡིན་ལ། དེ་ནི་མི་ཡུལ་འདིར་རེ་ཐག་རྦད་དེ་ཆད་སོང་བའི་རྟགས་མཚན་ཡིན་སྟབས། ཚད་དེར་སླེབས་དུས་སྐྱོབ་ཐབས་མེད་པ་ཆགས་པ་རེད། 

གཉིས་ནས་རྒྱ་ནག་གི་སྤྱི་འབངས་ཀྱིས་བོད་ཀྱི་རང་སྲེག་ལ་གདུང་སེམས་མཉམ་སྐྱེད་ཙམ་ཡང་མེད་པར། གླེང་མ་དགོས་པ་གཙོ་འདོན་བྱེད་ཀྱིན་འདུག་ན། དེ་སྡུག་ཕྱོགས་ཀྱི་གནས་ཚུལ་རེད། སྔར་འཇར་མན་ནྭ་ཙིས་མི་སྡེབ་གསོད་གཏོང་སྐབས་སྤྱི་འབངས་ཀྱིས་མི་སྨྲ་བའི་བརྟུལ་ཞུགས་བཟུང་བར་བརྟེན། མི་རྣམས་དྲག་སྤྱོད་པས་མི་བསད་པ་ལས་ཀྱང་མང་ཚོགས་ལ་མི་སེམས་མེད་པ་དེར་ཧང་སང་པ་རེད། རྒྱ་ནག་གི་སྤྱི་འབངས་ཀྱང་གནས་ཚུལ་དེ་འདྲ་ཞིག་གི་འོག་ཡོད་སྟབས། དེ་ནི་ཉེན་ཁ་ཆེན་པོ་རེད་ཟེར་བ་སོགས་དྲང་ཕྱོགས་ནས་གསལ་བཤད་གང་ཐུབ་དང་། ཞོར་དུ་ངས་༼རྒྱ་མིས་རང་སྐྱོང་གིས་བོད་ལ་མེར་བསྲེགས་ཁྱེར་ཡོང་བ་རེད། བོད་རང་བཙན་མེད་ན་མེར་བསྲེགས་མཚམས་ཆད་ཐུབ་ཀྱི་མ་རེད།༽ཟེར་བ་སོགས། སྐད་ཆ་རང་བཙན་སྒང་འཁྲིད་གང་ཐུབ་བྱས་ཀྱང་། སྐོར་བ་རེ་བརྒྱབ་ནས་སླར་ཡང་མེར་བསྲེགས་ཁོ་ནའི་སྒང་འབབ་ཡོང་གི་འདུག་ལ། མགྲོན་བདག་ཕྱོགས་ནས་ཀྱང་མེར་བསྲེགས་སྐོར་མང་ཙམ་བཤད་རྒྱུར་རེ་སྐུལ་བྱས་སོང་། ཁོ་ཚོར་ཡང་ཁག་མི་འདུག དེང་སྐབས་ཐའེ་ཝན་གྱི་ཡུལ་མི་དཀྱུས་མ་ཚོར་མཚོན་ན། བོད་དོན་ལབ་ན་རང་ལུས་མེར་བསྲེགས་ཡིན་པ། འཐབ་རྩོད་ཀྱི་ངོ་བོ་ཡང་ཆོས་དད་རང་མོས་ཁོ་ན་ཡིན་པ། མེར་བསྲེགས་གཏོང་མཁན་ཡང་གྲྭ་བ་དང་ཨ་ནེ་རྐྱང་ཡིན་པ།  མེར་བསྲེགས་མཚམས་ཆད་སོང་ན་བོད་དོན་ཡང་རྫོགས་འགྲོ་བ་ལྟ་བུ་ལས་སླ་བོ་ཞིག་ལ་ངོས་འཛིན་བྱེད་བཞིན་འདུག  

སྐབས་ཤིག་ནས་ང་མེར་བསྲེགས་དང་འབྲེལ་བའི་དྲི་བ་དེ་ཚོར་འུ་ཐུག་སོང་། དེར་བརྟེན་ངས་ནི་མེར་བསྲེགས་གནང་ན་དཔའ་བོ་ཡིན་མིན། བློས་གཏོང་ཅན་ཡིན་མིན། འཐབ་རྩོད་ཀྱི་མིག་དཔེར་འོས་མིན་མི་ཤེས། དེ་ཁྱེད་རང་ཚོས་བསམ་བློ་གཏོང་རྒྱུ་ཞིག་རེད། ང་ལ་ཁྱོད་རང་བོད་མེར་བསྲེགས་ཤི་གྲངས་ཨང་ཉི་ཤུ་བ་( སྐབས་དེར་མེར་བསྲེག་ཞལ་གྲངས་བརྒྱ་དང་བཅུ་དགུ་ཡིན་པ་ཡོད) བྱེད་མ་ཐུབ་པའི་རྒྱུ་མཚན་ག་རེ་ཡིན་ཟེར་ནས་དྲིས་ཚེ། ངས་ལན་ཞིག་བརྒྱག་གི་རེད་དེ། སྐད་ཆ་དེ་ངའི་སེམས་གཏམ་ཡིན་མིན་ཁྱེད་ཅག་གིས་ཧ་གོ་གི་མ་རེད་འདྲ་བོ་ལན་གྱག་གྱག་དེ་འདྲ་ཡང་རྒྱག་དགོས་ཐུག་སོང་།  ང་ཚོའི་ཚོགས་འདུའི་སྐོར་ཕྱི་ཉིན་བརྒྱུད་ལམ་དེ་འདྲའི་ནང་སླེབས་སྐབས། ངས་བཤད་པའི་བསམ་ཚུལ་ཞེ་དྲག་མཐོང་ཡ་མི་འདུག་ལ། ཁྱད་པར་དུ་གལ་ཆེན་དོན་ཆེན་གྱི་ཚུལ་དུ་བཤད་པའི་རང་བཙན་སྐོར་རེ་གཉིས་ཙམ་རེད།   གཅིག་བྱས་ན་གོ་བརྡ་མ་འཕྲོད་པ་ཡིན་ཡང་སྲིད།  གཞན་རྒྱ་མི་བོད་ནང་འཛུལ་སྐབས་མི་ས་ཡ་གཅིག་དང་འབུམ་གཉིས་རྐྱེན་ཤི་བྱུང་ཚུལ། མེར་བསྲེགས་ཀྱི་སྔ་རྗེས་སུ་རྒྱ་གཞུང་གིས་དགོན་སྡེ་ཁག་གི་ཆུ་དང་གློག་བཅད་པ། རྒྱལ་བ་རིན་པོ་ཆེའི་སྐུ་པར་བཤམ་མ་བཅུག་པ་སོགས་ནམ་རྒྱུན་གྱི་སྐད་ཆ་རྣམས་འཁོད་འདུག་ལ། དེ་ངས་བཤད་པ་རེད་འདྲ་བོ་བྲིས་འདུག ངས་དེ་ལྟར་ཞིབ་བརྗོད་བྱས་མེད་མོད། ཡུས་ཕིན་གྱིས་བོད་ངོ་སྤྲོད་བྱེད་སྐབས་མོས་འགྲེལ་བརྗོད་དེ་ལྟར་གནང་ཡོད་པ་འདྲ། གནས་ཚུལ་དེ་ལས་ངས་ཐའེ་ཝན་གྱི་བརྒྱུད་ལམ་ཁག་དུའང་གྲངས་འབོར་ལ་གཙིགས་འཛིན་བྱེད་པ་ལས། བསམ་ཚུལ་དང་ལྟ་གྲུབ་གསར་འགྱུར་ཆགས་ཐུབ་ཀྱི་མེད་ཁར། བརྒྱུད་ལམ་མང་ཆེ་བའི་ནང་བོད་རང་བཙན་ལ་ཚད་བཀག་ཅིག་མེད་འགྲོ་སྙམ་པ་བྱུང་།

རྒྱ་གར་གྱི་རྟོག་པ་རྒྱ་ཡན་པའི་སློབ་དཔོན་ཆེན་མོ་ཨོ་ཞོས་བཤད་པ་ལྟར། སེམས་ནི་སྣང་བའི་རྗེས་སུ་མ་འབྲང་བར་ལྷོད་ལ་འབབ་རྒྱུ་ནི་ལས་སླ་བོ་ཞིག་མིན་ཐག་ཆོད་རེད། སེམས་དེ་ལྟར་འཁྲིག་ཡོང་དུས་སྐྱབས་ཧམ་པར་བརྟེན་པ་ལས་ཐབས་གཞན་མེད་པར་གྱུར། ཡོད་ཆོག་པ་ནི་དོན་གྱི་ང་རྒྱལ་སྟེ་སྤོབས་པ་ཡིན་ངེས་མོད།  ཁ་ཉིན་གྱི་སྤོབས་པར་དེ་རིང་ཡིད་རྟོན་མེད་པ་ཞིག་ཏུ་འགྱུར་ཚར་དུས། མགྲོན་ཐུན་འདིར་མཚོན་ནའང་གྲ་སྒྲིག་རྐང་གཅིག་མེད་པར་ཕྱིན། ཐ་ན་རྒྱལ་དར་ཞིག་ཀྱང་ཁྱེར་མེད།  དེ་ངའི་ཧམ་པ་མིན་ན་གང་རེད། ལྷོ་སོག་སྐུ་ཚབ་སྐུ་ཞབས་ཐིམ་མུའུ་ཇུ་དང་། ཡུ་གུར་སྐུ་ཚབ་མ་ཧ་མཌིཨེ་ཧམ་རྣམ་གཉིས་ཀྱིས་བརྗོད་གཞིར་འབབ་པའི་གྲ་སྒྲིག་འཐུས་ཚང་གནང་འདུག་ཁར། གང་ལ་ཕྱིན་ན་སོ་སོའི་ལུང་པའི་རྒྱལ་དར་དེ་ཁྱེར་ཡོད་ཡོད་པ་རེད། སྟབས་འགྲིག་པ་ཞིག་ལ། བོད་ཀྱི་རྒྱལ་དར་ནི་ཐའེ་ཝན་ན་མི་ཆོས་རིང་ལུགས་ཀྱི་དར་ཆ་འདྲ་ཞིག་ཆགས་ཏེ་ག་ས་གང་དུ་འདུག  ངས་དེ་ཡང་ཐའེ་ཝན་ནང་བོད་དོན་གོ་རྟོགས་སྔོན་ནས་ཡོད་པར་བརྟེན་མང་པོ་བཤད་མི་དགོས་པའི་ཁག་དཀྲི་ས་བྱས། དེར་བརྟེན། མགྲོན་ཐུན་འདིར་(བོད་ཀྱི་སྐུ་ཚབ་) ཚོགས་གྲལ་དུ་བཤམ་དུས་ལྷ་སྐུ་ཞིག་གི་ཚབ་འཁྱོང་ཡོད་ན་ལས། གནད་དོན་བཤད་སར་རམ་འདེགས་ཀྱི་རོལ་མོ་ནང་བཞིན་ཡོད་མེད་ལ་ངེས་པ་མེད་པར་གྱུར། འོན་ཀྱང་། ཧམ་པའི་ཤེས་འཇོན་གྱི་ཚབ་བྱས་ཟིན་པའི་རི་ངོགས་འདིར། ངས་བྱས་རབས་དང་། ངས་འཇོན་རབས་མ་བཤད་ན་སྡུག་གྱོང་ཡིན་ཡང་། ཐའེ་ཝན་ལྟ་བུ་ཤེས་རིག་དར་རྒྱས་ཆེ་བའི་སྤྱི་ཚོགས་ཤིག་གི་ནང་རུས་གསེང་ནས་ངོ་གནོང་དགོས་པ་ནི་(ཧམ་པ ) དེ་རེད།

རྩོམ་པ་པོའི་མཆན:   [ ཕྱི་ཟླ་ ༥ པའི་ནང་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་རུ་<< ཐའེ་ཝན་ཡང་རྩ་སྟོང་དུ་འགྲོ་བའི་རྒྱལ་ཁབ་ཅིག་ལ་མི་འགྱུར་བའི་ཆེད་དུ། ལྷོ་སོག་དང་ཡུ་གུར། བོད་བཅས་ཀྱི་ཐོག་ན་བློ་སྐྱེད་གང་ཡོད། >>ཅེས་པའི་ཚོགས་འདུ་ཞིག་ལ་བཅར་སྐབས་ཀྱི་མཐོང་ཐོས་དང་། བརྒྱུད་ལམ་ཁག་གིས་བཅར་འདྲི་བྱས་པ་གཞིར་བཞག་སྟེ། སྙན་ཞུའི་རྩོམ་ཡིག་གི་འབྲི་ཐབས་སྤྱད་དེ་བྲིས་པའི་དུམ་ཚན་ཞིག་ཡིན། ]

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༢༠ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༠ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༢༤ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 8

  1. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    ཕྱོགས་ཞེན་ཆེ་ས་ན་།
    དྲང་བདེན་བཤད་ས་མེད།
    རྨོངས་དད་ཆེ་ས་ན་།
    སྨྲ་བརྗོད་རང་དབང་མེད།
    དབང་བཀའ་བཙན་ས་ན་།
    བདེ་སྡུག་ཞུ་ས་མེད།
    དབང་དཔུང་ངོམས་ས་ན་།
    ཉམས་ཆུང་ཐར་ས་མེད།
    མདོར་ན་ལྟ་གཅིག་ལམ་གཅིག་སྟེང་བསྐྱོད་དགོས་ས་ན་།
    དམངས་གཙོ་ཡང་དག་ཅིག་མི་འབྱུང་ཁོ་ཐག།

    Reply
  2. འབྲོག་ཕྲུག་བྷེ་ལོ། says:
    ལོ་ 13 སྔོན།

    ང་ཆེ་ཁོ་བཙན་འཆད་པའི་སྐབས་མ་ཡིན། །
    ང་བཟང་ཁྱོད་སྡུག་སྨྲ་བའི་གནས་མ་ཡིན། །
    ང་ཁྱོད་ང་ཁྱོད་ཟེར་བའི་དུས་མ་ཡིན། །
    ཐམས་ཅད་རང་དབང་རང་ཡུལ་བྲལ་མིན་ནམ །

    ཕྱི་མཐུན་ནང་མཐུན་རྩ་དོན་ངང་གིས་མཐུན། །
    ང་མཐུན་ཁྱོད་མཐུན་སྤྱི་དོན་ལྷན་གྱིས་མཐུན། །
    ངོ་མཐུན་ལྐོག་མཐུན་སེམས་པ་གཏིང་ནས་མཐུན། །
    འདི་ནི་དགྲ་སྡུག་གཉེན་གྱི་གཞི་མ་ཡིན། །

    Reply
  3. ཀླུ་མཁར་བྱམས། says:
    ལོ་ 13 སྔོན།

    མཉམ་ཞུགས་ཅན་སོགས་ལ་་་་་

    ཕྱོགས་ཞེན་ཆེ་ས་ནས།
    ང་ཚོ་ཕམ་སྲིད་ཀྱང་།
    བདེན་པ་བརྡར་ས་ནས།
    ང་ཚོ་ཕམ་མི་སྲིད།
    སྣང་བར་མི་འགྲོ་ན།
    ཡུན་གྱིས་ལྟོས་ར་ཆོག

    Reply
  4. ཀླུ་མཁར་བྱམས། says:
    ལོ་ 13 སྔོན།

    མི་ཆུང་ལ་་་་
    ཁ་ཡོད་ལག་ཡོད་ཅིག
    ཁ་བ་ཅན་ལ་མེད།
    ཁ་ཚོད་མཐོང་པོ་ཡང་།
    ཁ་སང་དེ་རིང་འདིར།
    ཁ་ཚ་དགོས་གཏུགས་ཡིན།

    Reply
  5. མཉམ་ཞུགས says:
    ལོ་ 13 སྔོན།

    བསྟན་འཛིན་བརྩོན་འགྲུས་ཀྱི་གནས་སྟངས་ཅི་ཡིན་དང་ཁོ་ལ་ཕམ་ཉེས་བྱུང་ཡོད་མེད་ངས་ཤེས་ཀྱི་མེད།ཁོའི་སྐྱོན་གང་ཡིན་ཡང་ང་ལ་གསལ་བོ་བཤད་རྒྱུ་མེད།ཡིན་ནའང་དོན་གྲུབ་ལྷ་དར་ཟེར་བའི་མི་དེ་དངོས་གནས་འཇོན་ཐང་གང་ཡང་མེད་པ་ཞིག་ལ་ཁ་ཕོ་ཁོ་ལས་ཆེ་བ་ཞིག་བཤད་བསྡད་མཁན་གྱི་མི་ཞིག་ཡིན་པ་སྔོན་མ་ནས་ངས་ཚོར་མྱོང་ལ་སྟབས་ཡག་པ་ཞིག་ལ་དེང་སྐབས་ང་ཙམ་མ་ཡིན་པར་རྡ་སར་མཚོན་པའི་བཙན་བྱོལ་སྤྱི་ཚོགས་དང་ལྷག་པར་གཞི་ལུས་བོད་མི་རྣམས་ཀྱི་ནང་དུའང་ཁོའི་གདོང་རུས་ངོ་མ་ཤེས་མཁན་ཇེ་མང་དུ་འགྲོ་གི་འདུག་ཟེར་བ་ནི་ཧ་ཅང་གི་གནས་ཚུལ་ཡག་པོ་ཞིག་རེད་བསམ་གྱི་འདུག།ཀླུ་དཀར་བྱམས་ཟེར་བ་འདི་ཡང་དོན་གྲུབ་ལྷ་དར་དང་མི་གཤིས་ཧ་ཅང་འདྲ་བའི་མི་ཞིག་ཏུ་མཐོང་གི་ཡོད་ལ་ཁོ་ཡང་དོན་གྲུབ་ལྷ་དར་དང་འདྲ་བར་བོད་་མི་སྤྱིས་ཁོའི་རང་གཤིས་ངོ་མ་དེ་གང་མགྱོགས་མཐོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།མ་ཟད་རྣམ་དཔྱོད་ལྡན་པའི་ང་ཚོ་བོད་གངས་ཅན་པ་རྣམས་ཁོ་ཚོ་ལྟ་བུའི་མིའི་མགོ་སྐོར་འོག་ཏུ་ཚུད་དེ་ལྷག་མི་སྲིད་ཡིད་ཆེ་ཡོད།

    Reply
  6. ཚེ་རྡོར། says:
    ལོ་ 13 སྔོན།

    ༢༠༡༣ ལོར་ཕམ་ཉེས་སུ་སོང་བའི་མི་སྣ་ཁག གཞོན་ནུའི་ཚོགས་གཞོན་དོན་འགྲུབ་ལྷ་དར། ངྷ་སའི་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས། དགུ་བཅུ་གསུམ་ཚོགས་གཞོན་ཨ་ཚོགས་ཀླུ་མཁར་བྱམས་གསུམ་ཡིན། དོན་འགྲུབ་ལྷ་དར་ཁོང་སྤྱིར་བཏང་མི་རླུང་རྟ་རྒུད་པ་ཞིག་ཡིན། བོད་ནང་གི་རང་དགོན་དང་། རྒྱ་གར་ནང་ས་ར་མཐོ་སློབ། ནོར་གླིང་། གསོག་སྒར། མཐར་གཞོན་ནུ་ལྷན་ཚོགས་བཅས་སུ་ལབ་གླེང་མང་། བསྟན་འཛིན་བརྩོན་འགྲུས་རྡ་རམ་ས་ལ་ཙམ་མ་རེད་བཙན་བྱོལ་བོད་མི་ཁྱོན་ཡོངས་སུ་ངོས་འཛིན་ཇེ་གསལ་དུ་འགྲོ་བཞིན་ཡོད་ལ་བོད་ནང་དུའང་གླེང་སློང་རེ་ཟུང་འདུག ཨ་ཚོགས་ཀླུ་མཁར་བྱམས་ལ་འདས་པའི་ལོ་ངོ་ལྔ་དྲུག་གོང་ཁོ་རང་གི་ཁ་སྟོབས་དེའི་དབང་གིས་ན་གཞོན་ཚོར་བའི་རྗེས་འབྲང་པ་ཚོའི་ནང་དགའ་མོས་བྱེད་མཁན་རེ་ཟུང་ཡོད་མོད་རིམ་གྱིས་གོ་གནས་ཇེ་དམའ་རུ་སོང་ཡོད་ལ། ན་ནིང་ད་ལོར་རྦད་དེ་མར་ཆགས་ཏེ་དེང་སྐབས་ཁོས་བདེན་པ་ཞིག་བཤད་ཀྱང་ཡིད་ཆེས་མེད་པ་དང་དོ་སྣང་མེད་པ་ཆགས་ཡོད། གནས་ཚུལ་འདི་དག་མཐར་གཏུག་ན་ཧོལ་རྒྱུག་ཆེ་དྲགས་པས་ཡིན་པར་ངོས་འཛིན་མི་བྱེད་ཐབས་མེད་དོ།།

    Reply
  7. མི་ཆུང་། says:
    ལོ་ 13 སྔོན།

    སྐྱོབ་ཧམ་པར་བཅོལ།
    ཁ་ནས་ཧམ་པ་བཤད།
    ལག་གི་སྦར་མཐིལ་ན།
    མཛུབ་མི་བཞི་རང་ཡིན།

    མི་ཚེ་སྐྱེལ་སྟངས་ཞིག
    འཚོ་ཐབས་བཅོལ་སྟངས་ཞིག
    དོན་གྱི་མདུན་ས་ན།
    ཁ་སྟོང་ཚིག་སྟོང་འགའ།

    Reply
  8. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 13 སྔོན།

    གནད་དོན་དེ་འདྲ་ཞིག་ཡིན་རྒྱུ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese