བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་བཙན་བྱོལ་བོད་མིའི་འཕྲོད་བསྟེན་ཡར་རྒྱས་དང་ཉེན་སྲུང་སྨན་བཅོས་ཆེད་༼བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞི༽ཟེར་བ་ཞིག་ ༢༠༡༢ལོར་མགོ་འཛུགས་གནང་ཡོད་སྟབས། འདས་པའི་ལོ་གཉིས་རིང་ལས་གཞི་དེའི་གནས་སྟངས་གང་འདྲ་ཆགས་ཡོད་མེད་ཐད། འཕྲོད་བསྟེན་དྲུང་འཕར་སྦྲ་གཉིས་ཚེ་རྒྱལ་ལགས་སུ་བཅར་འདྲི་ཞུས་ཡོད།
དྲི་བ། བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་སྐོར་ངོ་སྤྲོད་ཅིག་གནང་རོགས།
ལན། བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞི་ (Tibetan Medicare System) ཞེས་པ་འདི། བཀའ་ཤག་སྐབས་སྔོན་མ་དང་འཕྲོད་བསྟེན་ལས་ཁུངས་ཀྱིས་ལོ་མང་རིང་བཙན་བྱོལ་བོད་མིའི་འཕྲོད་བསྟེན་ལ་གཟིགས་སྐྱོང་གནང་དགོས་པ་དང་། ལྷག་པར་དུ་བོད་མི་ཉམ་ཐག་ཚོར་ཛ་དྲག་སྨན་བཅོས་རོགས་སྐྱོར་འོག་དམིགས་བསལ་སྨན་བཅོས་རོགས་སྐྱོར་གནང་ཡོད་ཀྱང་། འཕྲོད་བསྟེན་ལས་ཁུངས་ལ་ཛ་དྲག་སྨན་བཅོས་ཀྱི་རོགས་དངུལ་དམིགས་བསལ་གང་ཡང་མེད་སྟབས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་རོགས་སྐྱོར་ལ་རྟེན་དགོས་པ་དང་། ལོ་ཤས་གོང་འཛམ་གླིང་དཔལ་འབྱོར་ཉམས་རྒུད་ཀྱི་དབང་གིས་རོགས་སྐྱོར་བྱེད་མཁན་ཉུང་དུ་ཕྱིན་པ་དང་། བཙན་བྱོལ་སྤྱི་ཚོགས་ནང་ཛ་དྲག་སྨན་བཅོས་རོགས་དངུལ་ཞུ་མཁན་མང་དུ་ཕྱིན་སྟབས། བཀའ་ཤག་གིས་ཉེན་ཁ་ཆེན་པོར་གཟིགས་ཏེ་ཕུགས་རྒྱང་རིང་པོའི་ལས་གཞི་ཞིག་འཆར་འགོད་དགོས་པའི་བཀའ་ཕེབས་པ་གཞིར་བཟུང་ཐོག འཕྲོད་བསྟེན་ལས་ཁུངས་ཀྱིས་རྒྱ་གར་ནང་གི་ཉེན་སྲུང་ཁེ་ལས་མཉམ་སྡེ་( Insurance Company) ཁག་ལ་ཞིབ་འཇུག་བྱས་མཐར། ལྡི་ལིར་རྟེན་གཞི་བྱས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ (Micro Insurance Academy) ཞེས་པ་དེར་འབྲེལ་བ་བྱས་ཀྱང་། ཁོ་ཚོས་བོད་མིའི་གཞིས་ཆགས་ཁག་གི་ཉིན་རེའི་འཚོ་བའི་ཟས་སྤྱོད་དང་འཕྲོད་བསྟེན་གྱི་དཀའ་ངལ་སོགས་ལ་ཞིབ་འཇུག་བྱས་མཐཪ་སྙན་ཐོ་ཞིག་བཏོན་ཡོད་པ་དེའི་ནང་བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་དེ་ཉེན་སྲུང་ཁེ་ལས་མཉམ་སྡེ་ནང་བཞག་ན་མ་འགྲིག་པའི་རྒྱུ་མཚན་མང་པོ་བཤད་ཡོད་པ་རེད། སྙན་ཐོ་དེའི་ནང་བོད་མི་ཚོ་དམར་ཟས་དང་སྣུམ། ཞག་ཚིལ། ཚྭ་སོགས་ལ་དགའ་བོ་ཡོད་སྟབས་འཕྲོད་བསྟེན་ཉེན་ཁ་ཆེན་པོར་མཐོང་སྟབས། མདོར་བསྡུས་ན་ཁོང་ཚོས་བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞི་འདི་འཕྲོད་བསྟེན་ལས་ཁུངས་རང་གིས་བྱེད་ཐུབ་ན་ཡག་པོ་འདུག་ཚུལ་བརྗོད་པ་རེད། ཁོང་ཚོས་འཕྲོད་བསྟེན་ལ་རིམ་པ་གསུམ་དབྱེ་བའི་ནང་རིམ་པ་དང་པོ་ཆམ་པ་རིཊ་ཀྱི་ན་ཚ་ཡིན་ན་བོད་མིའི་ས་གནས་སྨན་ཁང་གིས་སྨན་བཅོས་བྱེད་ཐུབ་པའི་མཐུན་རྐྱེན་འདུག་ལབ་ཡོད་ཀྱང། རིམ་པ་གཉིས་པ་གཤག་བཅོས་དང་གློག་པར་ཆུང་ཚག་རིགས་དང་རིམ་པ་གསུམ་པ་ཆེད་ལས་སྨན་པ་ཁོ་ནར་བསྟེན་གཏུག་དགོས་པའི་ན་ཚའི་རིགས་དཔེར་ན་སྐྲན་ནད་སོགས་ཡིན་སྟབས། འཕྲོད་བསྟེན་ལས་ཁུངས་ཀྱིས་འཕྲོད་བསྟེན་རིམ་པ་གཉིས་པ་དང་གསུམ་པར་དམིཊ་ཏེ་བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞི་འདི་མགོ་བཙུཊ་བྱས་པ་ཞིག་རེད།
དྲི་བ། སྨན་བཅོས་ལྟ་སྐྱོང་ལས་གཞིའི་ནང་འཛུལ་ཞུགས་ཆོག་པའི་ཆ་རྐྱེན་དང་དུས་ཡུན། ཐོ་འགོད་བྱེད་ཡུལ། ཚོགས་དངུལ་བསྡུ་སྟངས་སོགས་ག་འདྲ་ཡིན་ནམ།
ལན། རྒྱ་གར་ནང་བོད་མིའི་དྭང་བླངས་དཔྱ་ཁྲལ་དུས་ལྟར་འབུལ་མཁན་གྱི་བོད་མི་ཞིག་ཡིན་ན་འཛུལ་ཞུགས་བྱེད་ཆོག་གི་རེད། ལས་གཞི་འདི་བཙན་བྱོལ་བོད་མིའི་ལོ་འཁོར་དངུལ་རྩིས་ཀྱི་འགྲོ་སྟངས་ལྟར། ཕྱི་ཟླ་ ༤ ཚེས་ ༡ ནས་ཚེས་ ༣༠ ཉིན་བར་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ནང་ཐོ་འགོད་དུས་ཡུན་རེད། ལོ་རེའི་ཟླ་ ༤ ཚེས་ ༡ ནས་ལོ་རྗེས་མའི་ཟླ་ ༣ ཚེས་ ༣༠ བར་ལོ་གཅིག་གི་ཉེན་སྲུང་དུས་ཡུན་རེད། ཐོ་འགོད་བྱེད་ཡུལ་ནི། ས་གནས་གཞིས་མགོ་ལས་ཁུངས་དང་ས་གནས་སྨན་ཁང་གང་རུང་ལ་ཐོ་འགོད་བྱེད་ཆོག་གི་རེད། འབྱུང་འགྱུར་ལས་གཞི་རྒྱ་ཆེ་རུ་བཏང་སྟེ་བལ་ཡུལ་དང་འབྲུག་གཉིས་ནང་ཡོད་པའི་བོད་མི་སྐྱབས་བཅོལ་བ་ཚོ་ཡང་ལས་གཞི་འདིའི་ཁོངས་སུ་ཞུགས་ཐུབ་ཐབས་བྱེད་འཆར་ཡོད་པ་རེད།
ཚོགས་དངུལ་ལ་བསྡུ་སྟངས་རིགས་གཉིས་ཡོད། ནང་མི་ཡོད་མཁན་ཞིག་ཡིན་ཚེ། ནང་མི་གཉིས་ནས་ལྔ་བར་ལོ་གཅིག་གི་ཉེན་སྲུང་ཚོགས་དངུལ་ཧིན་སྒོར་ ༣༥༦༥ ཡིན་པ་དང་། ནང་མི་ལྔ་ལས་བརྒལ་ན་མི་གཅིག་ལ་ཚོགས་དངུལ་འཕར་མ་ཧིན་སྒོར་ ༧༡༣ སྤྲོད་དགོས་པ་རེད། འདི་གཉིས་ཀྱི་ནང་མི་གང་རུང་ན་བ་ཡིན་ན་ཉེན་སྲུང་ཧིན་སྒོར་ ༡༠༠༠༠༠ རག་གི་རེད། ནང་མི་མེད་མཁན་ཧྲེང་ཧྲེང་དང་དགོན་སྡེ་ཁག་ནང་མ་བསྡད་པའི་གྲྭ་རྐྱང་རིགས་ཀྱིས་ཚོགས་དངུལ་ལོ་གཅིག་ལ་ཧིན་སྒོར་ ༩༥༠ སྤྲོད་དགོས་པ་རེད། ཁོང་ཅག་ན་བ་ཡིན་ན་ཉེན་སྲུང་ཧིན་སྒོར་ ༥༠༠༠༠ རག་གི་རེད། རྒན་གསོ་ཁང་དང་དགོན་པ། སློབ་གྲྭ་ཁག་བཅས་ཀྱི་ཚོགས་སྡེ་ཁག་ནང་། མི་གྲངས་ལྔ་རེ་མཉམ་སྒྲིག་བྱས་ནས་ཚོགས་དངུལ་ ༣༥༦༥ སྤྲོད་དགོས་པ་རེད། ཁོང་ཅག་ན་བ་ཡིན་ན་ཉེན་སྲུང་ཐོབ་ཐང་གོང་གི་ནང་མི་ཡོད་པ་དེ་དང་གཅིག་མཚུངས་རེད།
ད་ལོར་ལས་གཞི་འདིར་འགྱུར་བ་ཕྲན་བུ་ཕྱིན་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་དང་ཉམ་ཐག་རིགས། དེ་བཞིན་ཆབ་སྲིད་བཙོན་ཟུར་སོགས་ལས་གཞི་འདིའི་ནང་བཞག་ཡོད་པ་མ་རེད། གང་ཡིན་ཟེར་ན། གཞུང་གི་སྒྲིག་གཞིའི་ནང་སྲི་ཞུ་ལས་བྱེད་རྣམ་པ་ན་བ་ཡིན་ན་གཞུང་གིས་སྨན་ཡོན་འབུལ་བཞིན་ཡོད་པ་རེད། སྨན་བཅོས་འགྲོ་སོང་ལ་ཚད་བཀག་ཡོད་པ་མ་རེད། དེ་སྔོན་གྱི་ཛ་དྲག་སྨན་བཅོས་ཟེར་བ་དེ་ད་ལྟ་སྒོ་བརྒྱབ་ཚར་ཡོད་པ་རེད། བོད་ཁྱིམ་དང་མ་སུ་རི་སློབ་གྲྭ་ཁག་ལ་ལས་གཞི་འདི་ངོ་སྤྲོད་གནང་ཡོད་ཀྱང་། ངེས་པར་ལས་གཞིའི་ནང་འཛུལ་ཞུགས་དགོས་པའི་ཨུ་ཚུགས་བརྒྱབ་ཡོད་པ་མ་རེད།
དྲི་བ། དགོན་པ་ཁག་ནང་གྲྭ་བ་མི་ལྔ་རེ་མཉམ་སྒྲིག་བྱས་ནས་ཚོགས་དངུལ་ཕུལ་བ་དེའི་རྒྱུ་མཚན་ག་རེ་ཡིན་ནམ།
ལན། ཚོགས་མི་ཉུང་དྲགས་པའི་དཀའ་ངལ་རེད། ལོ་དང་པོའི་སྐབས་ང་ཚོའི་ཚད་གཞི་དེ་ཚོགས་མི་ ༢༠༠༠༠ ལྷག་ རེད། ཡིན་ནའང་ཚོགས་མི་ ༩༧༧༠ ལས་བྱུང་ཡོད་པ་མ་རེད། སྔོན་མ་ང་རང་ལྷོ་ཕྱོགས་གཞིས་ཆགས་ཁག་དང་དགོན་པ་ཁག་ཏུ་སོང་ནས་ལས་གཞི་འདིའི་སྐོར་ལ་འགྲེལ་བཤད་བརྒྱབ་པ་ཡིན། དགོན་པ་ལྟ་བུར་མཚོན་ན་དགོན་པའི་ནང་གྲྭ་བ་ཚོ་ན་བ་ཡིན་ན་དགོན་པས་འགྲོ་སོང་ཚང་མ་སྤྲོད་ཀྱི་འདུག དགོན་པའི་འཛིན་སྐྱོང་གིས་ཀྱང་ལས་གཞི་འདིའི་ནང་ཞུགས་པའི་ཚོགས་དངུལ་དེ་དགོན་པའི་སྨན་བཅོས་འགྲོ་སོང་ལས་མང་བ་འགྲོ་བའི་དཀའ་ངལ་ཡོད་སྟབས། རི་ཅལ་ཊི་གྷར་ཐེབས་རྩ་ཁང་( The Gere Foundation) གིས་བོད་ཀྱི་ཐེབས་རྩ་ཁང་བརྒྱུད་དེ་ཚོགས་དངུལ་རོགས་སྐྱོར་ཆེད་དགོན་པ་ཁག་གི་གྲྭ་བ་ལྔ་རེ་མཉམ་སྒྲིག་བྱས་ཏེ་གྲྭ་བ་ ༥༠༠༠ གི་ཚོགས་དངུལ་ཕུལ་ཡོད་པ་དང་། ཐའེ་ཝན་གྱི་ཚོགས་པ་ཞིག་གིས་ཀྱང་རྒྱུད་སྟོད་གྲྭ་ཚང་གི་གྲྭ་བ་ ༡༠༠ ཡི་ཚོགས་དངུལ་ཕུལ་ཡོད་པ་རེད།
དྲི་བ། འདས་པའི་ལོ་གཉིས་རིང་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ཚོགས་མི་དང་ཚོགས་དངུལ་གྱི་གནས་སྟངས་གང་འདྲ་ཡོད་དམ།
ལན། སྤྱིར་བཏང་ཡིན་ན་ལོ་རྒན་པར་ན་ཚ་མང་བ་ཡོད་དུས་གྲངས་འབོར་མང་པོ་ཆགས་དགོས་རེད་དེ། ང་ཚོའི་ལས་གཞི་འདིའི་ནང་ཚོགས་མིའི་རྒན་གཞོན་སྣ་ཚོགས་རེད། ༢༠༡༢ ལོའི་ཕྱི་ཟླ་ ༤ ཚེས་ ༡ ནས་ ༢༠༡༣ ལོའི་ཕྱི་ཟླ་ ༣ ཚེས་ ༣༠ བར་ཚོགས་ཞུཊ་གནང་མཁན་གྱི་གྲངས་ཁྱོན་ ༨༠༧༣ ཙམ་བྱུང་ཡོད་པ་དང་། དེ་དག་ལས་ཚུར་ཚོཊ་དངུལ་རག་པ་ཧིན་སྒོར་ ༦༠༩༥༣༤༣ དང་། ཕར་སྨན་ཡོན་འགྲོ་སོང་བཏང་བ་ཧིན་སྒོར་ ༧༠༠༣༠༧༢ ཆེ་འདུག མི་མང་གིས་རེ་སྐུལ་བྱས་པ་ལྟར། ཚོགས་ཞུགས་རིམ་པ་གཉིས་པ་དེ་ ༢༠༡༢ ལོའི་ཕྱི་ཟླ་ ༡༢ ཚེས་ ༡ ནས་ ༢༠༡༣ ལོའི་ཕྱི་ཟླ་ ༡༡ ཚེས་ ༣༠ བར་ཚོགས་ཞུགས་གནང་མཁན་ཁྱོན་ ༡༦༩༧ ཙམ་བྱུང་ཡོད་པ་དང་། དེ་དག་ལས་ཚུར་ཚོགས་དངུལ་རག་པ་ཧིན་སྒོར་ ༡༣༨༩༠༣༠ དང་། ད་ལྟའི་བར་ཕར་སྨན་ཡོན་ཧིན་སྒོར་ ༡༤༦༧༢༧༥ སོང་འདུག་ཀྱང་། ལོ་དང་པོར་ཚུར་རག་པ་ལས་ཕར་བཏང་བ་ཧིན་སྒོར་འབུམ་ ༣ གྱིས་མང་བ་ཆགས་འདུག
ད་ལོར་མཚོན་ན། སྨན་བཅོས་ལྟ་སྐྱོང་ལས་གཞིའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་དང་ཉམ་ཐག་ཕུད་བའི་ཚོགས་ཞུགས་གནང་མཁན་གྱི་གྲངས་ཁྱོན་ ༡༠༡༩༥ བྱུང་ཡོད་པ་དང་། དེ་དག་ལས་ཚུར་ཚོགས་དངུལ་རག་པ་ཁྱོན་ཧིན་སྒོར་ ༧༩༨༢༤༧༨ དང་། ད་སྔ་ཕར་སྨན་ཡོན་ཧིན་སྒོར་ ༣༨༤༨༨༣༤ ཙམ་བཏང་ཟིན་འདུག མ་འོངས་པར་ཚོགས་མིའི་གྲངས་འབོར་ད་ལྟ་ལས་འཕར་རྒྱུ་ཡིན་པར་ཡིད་ཆེས་ཡོད། རྒྱ་གར་གྱི་ཉེན་སྲུང་ཁེ་ལས་མཉམ་སྡེ་དག་གིས་ལོ་ ༦༠ ལས་བརྒལ་ན་ཉེན་སྲུང་བྱེད་ཀྱི་མེད་པ་མ་ཟད། མི་སྒེར་གྱི་འཕྲོད་བསྟེན་ལོ་རྒྱུས་ནང་ཊི་སྦི་དང་། སོ་ནད། མིག་ནད་སོགས་ཀྱི་ན་ཚ་ཡོད་ན་ཉེན་སྲུང་བྱེད་ཀྱི་མེད། བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞི་ལ་དེ་འདྲའི་ཆ་རྐྱེན་གང་ཡང་ཡོད་པ་མ་རེད།
དྲི་བ། ནད་པའི་གནས་སྟངས་ག་འདྲ་ཞིག་གི་འོག་སྨན་བཅོས་ལྟ་སྐྱོང་གི་སྨན་ཡོན་རག་གི་རེད་དམ།
ལན། ནད་པ་ཞིག་དུས་ཚོད་ ༢༤ ལས་མང་བ་སྨན་ཁང་ནང་ཉལ་དགོས་བྱུང་སྟེ་སྨན་བཅོས་བྱས་ཡོད་ན་སྨན་ཡོན་གང་ཡོད་རག་གི་རེད། འོན་ཀྱང་། དང་པོ་སོ་སོའི་ས་གནས་ཁྱབ་ཁོངས་སྨན་ཁང་དུ་འགྲོ་དགོས། དཔེར་ན། ངྷ་ས་ལྟ་བུར་མཚོན་ན། དང་པོ་བདེ་ལེགས་སྨན་ཁང་དང་སྨན་རྩིས་ཁང་གང་རུང་ལ་སོང་ནས་སྨན་པ་ (MBBS) ཅན་ཞིག་ལ་བསྟེན་དགོས་པ་དང་། གལ་སྲིད་ནད་པ་དེར་སྨན་ཁང་དེ་ནས་བཅོས་ཐབས་མེད་ན། སྨན་པས་ངོས་སྦྱོར་དང་སྦྲགས་འབྲེལ་ཡོད་སྨན་ཁང་དུ་འགྲོ་དགོས་པ་རེད། སོ་སོས་སྨན་ཡོན་སྔ་འདོན་བྱས་ཏེ་ཕྱིས་སུ་སྨན་ཡོན་ཅི་ཙམ་ཕྱིན་པ་དེའི་དངུལ་འཛིན་འཁྱེར་ཡོང་བ་ཡིན་ན། ས་གནས་མགོ་འཛིན་བརྒྱུད་ཉེན་སྲུང་སྨན་ཡོན་དོ་བདག་སོ་སོར་གནང་གི་ཡོད། ཡང་འབྲེལ་ཡོད་སྨན་ཁང་ནང་འཕྲོད་བསྟེན་ལས་ཁུངས་ཀྱིས་བསྐོ་བཞག་བྱས་པའི་སྨན་པས་ནད་པ་དེར་ཆེད་ལས་སྨན་པར་བསྟེན་གཏུག་དགོས་པའི་ངོ་སྦྱོར་གནང་ཡོད་ན། རྒྱ་གར་གཞུང་དང་སྒེར་གྱི་སྨན་ཁང་གང་རུང་ལ་ན་ཚ་བསྟེན་གཏུག་བྱེད་ཆོག་གི་རེད། སྨན་བཅོས་ལྟ་སྐྱོང་ལས་གཞིའི་ནང་ཞུགས་ཡོད་མཁན་ཚོར་ལག་འཁྱེར་རེ་བཟོས་ཡོད། ལག་འཁྱེར་དེ་བསྣམས་ཏེ་འབྲེལ་ཡོད་སྨན་ཁང་གང་རུང་དུ་བསྟེན་གཏུག་བྱེད་ཆོག་གི་རེད་ལ། ལག་འཁྱེར་དེ་ཡོད་ན་སྨན་རིན་བརྒྱ་ཆ་ ༡༠ ནས་ ༢༠ ཆག་ཡང་ཡོད་པ་རེད། དཔེར་ན། ང་ཚོའི་སྤྱི་ཚོགས་ནང་ཁྲག་ཤེད་དང་གཅིན་པ་མངར་འགྱུར་ཀྱི་ན་ཚ་ཡོད་མཁན་མང་པོ་ཡོད་པ་དེ་དག་སྨན་ཁང་དུ་ཉལ་དགོས་ཀྱི་མེད་ཀྱང་དུས་རྒྱུན་སྨན་ཟ་དགོས་པ་དང་སྨན་རིན་ཡང་མཐོན་པོ་ཡིན་སྟབས། ན་ཚ་འདི་རིགས་ལ་ཉེན་སྲུང་སྨན་ཡོན་འཐོབ་ཀྱི་མེད་ཀྱང་འབྲེལ་ཡོད་སྨན་ཁང་ནང་སྨན་ཡོན་ཆག་ཡང་ཡོད་པ་དེས་ཏན་ཏན་ཕན་ཐོགས་ཡོད་པ་རེད། གཞན། རླངས་འཁོར་དང་སྦག་སྦག་རིགས་ཀྱིས་བརྡབ་སྐྱོན་ཤོར་རིགས་སྨན་ཁང་ནང་ཆུ་ཚོད་ ༢༤ ལས་ལྷག་སྡོད་དགོས་བྱུང་ན་ཉེན་སྲུང་སྨན་ཡོན་རག་གི་ཡོད་པ་རེད། ད་ལོ་འགྱུར་བ་ཕྲན་བུ་ཞིག་བཏང་ཡོད་པ་ནི། གལ་སྲིད་ནད་པ་ཞིག་སྨན་ཁང་ནང་བསླེབས་ནས་ཆུ་ཚོད་ ༢༤ མ་སོང་སྔོན་ལ་གྲོངས་པ་ཡིན་ན། ནང་མིར་སེམས་གསོ་དང་སྦྲགས་སྨན་ཁང་ནང་གི་འགྲོ་སོང་ཚང་མ་ང་ཚོས་སྤྲོད་རྒྱུ་བྱས་ཡོད་པ་རེད། གལ་སྲིད་ནད་པ་ཞིག་གིས་བདེ་ལེགས་སྨན་ཁང་ལ་མ་བསྟེན་པར་ཁ་ཐུག་ལྡི་ལིའི་སྨན་ཁང་ཆེན་པོ་ཞིག་ལ་བསྟེན་པ་ལྟ་བུ་ཡིན་ན། སྨན་བཅོས་ལྟ་སྐྱོང་གི་སྨན་ཡོན་རག་གི་མ་རེད།
དྲི་བ། སྨན་བཅོས་ལྟ་སྐྱོང་ལས་གཞི་འདི་ལ་དཀའ་ངལ་གཙོ་བོ་གང་དག་འཕྲད་ཀྱི་འདུག
ལན། མཚམས་རེར་ཚོགས་མི་ཁ་ཤས་ཀྱིས་ཉེན་སྲུང་སྨན་ཡོན་སྤྲོད་སྟངས་ལ་རྙོག་དྲ་བཤད་ཀྱི་འདུག སྦྱིར་ཉེན་སྲུང་སྨན་ཡོན་གྱི་རྩིས་གྲོན་དངུལ་འཛིན་གང་ཡོད་ས་གནས་འབྲེལ་ཡོད་ལས་ཁུངས་བརྒྱུད་འཕྲོད་བསྟེན་ལས་ཁུངས་སུ་འབྱོར་གྱི་ཡོད་པ་དང་འཕྲོད་བསྟེན་ལས་ཁུངས་ཀྱིས་ཞིབ་འཇུག་གནང་སྟེ་ཕྱིར་ས་གནས་འབྲེལ་ཡོད་ལས་ཁུངས་བརྒྱུད་དོ་བདག་སོ་སོར་སྤྲོད་ཀྱི་ཡོད་པ་རེད། སྔོན་མ་ཚོགས་མི་ཞིག་གིས་ཧིན་སྒོར་ ༡༠༠༠༠ ཙམ་གྱི་སྨན་ཡོན་བཏང་ཡོད་ཀྱང་། དབུས་ནས་རྩིས་ཞིབ་གནང་སྟེ་མཐར་ཉེན་སྲུང་སྨན་བཅོས་ཧིན་སྒོར་ ༧༠༠༠ སྤྲད་པ་རེད། ཡིན་ནའང་ཚོགས་མི་དེས་ཁོ་རང་ལ་ཧིན་སྒོར་ ༣༠༠༠ རག་མ་སོང་ཞེས་རྩོད་པ་བརྒྱབ་པ་དེ་འདྲ་རེ་ཟུང་བྱུང་སོང་། ང་ཚོས་ཁོ་རང་ལ་ཧིན་སྒོར་ ༣༠༠༠ མ་སྤྲད་པའི་རྒྱུ་མཚན་རེ་རེ་བཞིན་གསལ་བཤད་བྱས་ཡོད། མཚམས་རེར་རི་བོང་བཅལ་འདྲོག་ལྟ་བུ་དེ་འདྲ་ཡོང་གི་འདུག ང་རང་སྒེར་གྱི་ཉམས་མྱོང་གི་ཐོག་ནས་དཀའ་ངལ་གཙོ་བོ་གང་ཡིན་ཟེར་ན། བོད་མི་ཚོར་འཕྲོད་བསྟེན་ཉེན་སྲུང་སྐོར་ལ་གོ་རྟོགས་ཞན་པོ་དང་། བོད་མིའི་རང་གཤིས་བརྟན་པོའམ་སེར་སྣ་ཚ་བོ་ཡིན་པ། སྤྲོད་མཁན་ཞིག་བྱུང་ན་ལེན་རྐྱང་བྱེད་པའི་གཞན་རྟེན་གྱི་བསམ་བློ་ཤུགས་ཆེན་པོ་ཡོད་སྟབས། སྨན་བཅོས་ལྟ་སྐྱོང་ལས་གཞིའི་ནང་ཚོགས་ཞུགས་བྱེད་མཁན་ཉུང་ཉུང་བྱུང་པ་ཞིག་རེད་བསམ་གྱི་ཡོད།
དྲི་བ། གོང་གི་ཉམ་ཐག་ཅེས་པ་འདི་བོད་མིའི་སྒྲིག་འཛུཊ་སམ་འཕྲོད་བསྟེན་ལས་ཁུངས་ཀྱིས་ངོས་འཛིན་བྱེད་སྟངས་གང་འདྲ་ཡིན་ནམ།
ལན། བཀའ་ཤག་སྐབས་སྔོན་མས་ནང་སྲིད་ལས་ཁུངས་ཀྱི་འགན་ལེན་འོག ནང་སྲིད་དང་ཤེས་རིག འཕྲོད་བསྟེན་གསུམ་གྱི་འཐུས་མིས་ཟུར་དུ་ཚོགས་ཆུང་ཞིག་གསར་འཛུགས་བྱས་པ་དེར་དབུས་ཚོགས་ཆུང་ཟེར་ཞིང་། ས་གནས་མགོ་འཛིན་འོག་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཉམ་ཐག་ཚོགས་ཆུང་ཞིག་བཙུགས་ཡོད། དེས་ས་གནས་ཀྱི་ཉམ་ཐག་སུ་ཡིན་བདམས་ཏེ་དབུས་ཚོགས་ཆུང་གིས་བསྐྱར་ཞིབ་ཐག་གཅོད་གནང་གི་ཡོད། དགུ་བཅུའི་ནང་ཉམ་ཐག་སྐོར་ལ་ཞིབ་འཇུག་བྱས་ཀྱང་། སྐབས་དེར། ཉམ་ཐག་ལ་དམིགས་བསལ་ཚད་འཛིན་གང་ཡང་མེད།ཕྱིས་སུ་ཉམ་ཐག་ཚོགས་ཆུང་གིས་བཀའ་ཤག་ལ་སྙན་ཞུ་ཞིག་ཕུལ་ཏེ། བཀའ་ཤག་གིས་བཀའ་ལན་གནང་བའི་ནང་། རྒྱུ་དངོས་ཁང་པ་དང་རླངས་འཁོར་སྦག་སྦག ཐ་ན་བརྙན་འཕྲིན་སོགས་མེད་མཁན་ཡིན་ན་ཉམ་ཐག་ལ་ངོས་འཛིན་གནང་ཆོག་པའི་ལམ་སྟོན་གནང་འདུག ད་ལྟའི་བར་ལམ་སྟོན་དེ་གཞིར་བཞག་ཐོག་འགྲོ་བཞིན་ཡོད། ས་གནས་སུ་ང་སྐྱོ་བོ་ཡིན། ང་ཉམ་ཐག་ནང་འཇུག་རོགས་ཟེར་མཁན་ཡོད་པ་མ་རེད། དེ་ལས། ཁོ་ལ་རག་འདུག ང་ལ་རག་མི་འདུག་ཅེས་ས་གནས་མགོ་འཛིན་ལ་འཁྲུག་རྩོད་རྒྱག་མཁན་ཡོང་གི་ཡོད་པ་རེད། ཡང་ཁ་ཤས་ཀྱིས་འདོད་ཆུང་ཆོག་ཤེས་ཀྱིས། ད་ལྟའི་བར་གཞུང་གི་རོགས་སྐྱོར་གནང་སོང་བས་ད་རོགས་སྐྱོར་ལེན་རྒྱུ་མིན་ཟེར་མཁན་ཡང་རེ་ཟུང་ཡོང་གི་ཡོད་པ་རེད།
གསར་འགོད་པ། ལྷ་སྐྱབས་རྒྱལ།
ལས་གཞི་འདི་ཧ་ཅང་ཡག་པོ་རེད། འཛམ་གླིང་སྤྱི་ཡི་འགྲོ་ལུགས་རེད་ང་ཚོ་ཚང་མར་ཉེན་སྲུང་དགོས་པ་གལ་ཆེ་རེད། ཡིནའ་བོད་པས་གོ་ཤེས་དང་ཉན་ཤེས་བྱས་ནས་བློ་རྟོགས་གྲོལ་བ་དགོས་གལ་རེད་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།།།
ལས་ཀ་འདི་མ་གཞི་ཡག་པོ་ཡོད་ནའང་། གོང་གི་བཅར་འདྲིའི་ནང་ཞིབ་ཏུ་བལྟས་ཡོང་པ་ཡིན་ན། སྐབས་དང་པོ་ལས་གཉིས་པའི་ཚོགས་མིའི་གྲངས་ཀ་ཉུང་དུ་འགྲོ་བཞིན་ཡོད་པ་ཞིག་ལ་མཐོང་སོང་། འདི་བོད་གཞུང་འཕྲོེད་བསྟེན་ལས་ཁུངས་ཀྱི་སྲིད་བྱུས་དང་ལས་འགུལ་སྤེལ་སྟངས་ཤིག་མ་འགྲིག་པ་ཡིན་ནམ། ཡང་ན་ས་གནས་མང་ཚོགས་ཀྱིས་ཡིད་ཆེས་ཆུང་དུ་འགྲོ་བ་རེད། འདི་ང་ལ་དོགས་པ་ཆེན་པོ་ཞིག་ཆགས་སོང་།