མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པོ་ཞི་ལེ། ཕྱི་ནང་ངོ་གཉིས་མ། ༼ ༡ ༽

བོད་ཀྱི་དུས་བབ།
༢༠༡༣/༠༩/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཟླ་བ་ཚེ་རིང་།

ངས་‘‘པོ་ཞི་ལེ་’’རྙེད་སྟངས།

ལྦང་ལི་ཅོན་ཁྲིན་ཏུའུ་རུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་དུ་བྲོས་བྱོལ་མ་བྱས་སྔོན་ལ་ངས་པོ་ཞི་ལེ་མི་ཤེས་ལ། རྒྱ་རིགས་ཚོའི་ཁྲོད་རུས་མིང་འདི་འདྲ་ཡོད་མེད་ལ་དོ་སྣང་ཡང་བྱས་མྱོང་མེད། ལྦང་ལི་ཅོན་གྱི་དོན་རྐྱེན་དང་འབྲེལ་ཏེ་ངས་ཐོག་མར་པོ་ཞི་ལེ་གོ་ཐོས་བྱུང་ཞིང་། ཁོ་རང་རྒྱ་ནག་དང་རྒྱལ་སྤྱིའི་མཐོང་ལམ་ནས་ཡལ་བའི་ཟླ་ངོ་བཅོ་བརྒྱད་འདིའི་ནང་། ངས་ཁོ་རྒྱ་ནག་གུང་ཁྲན་ཏང་གི་མི་རབས་དང་དཔོན་རབས་གཉིས་པ། དེ་སྔོན་ཏཱ་ལེན་དང་ལེའོ་ཉིན། ཁྲུང་ཆིན་གྲོང་ཁྱེར་བཅས་ཀྱི་སྤྱི་ཁྱབ་དང་སྲིད་འཛིན་སོགས་གལ་ཆེའི་ལས་འགན་འཁུར་མྱོང་ཞིང་། རྒྱ་ནག་དབུས་ཆབ་སྲིད་རྒྱུན་ལས་ལས་ཐོག་སོགས་ཡིན་པ་ཤེས། དེས་མ་ཚད། གལ་ཆེའི་ལས་གནས་དེ་དག་འཁུར་རིང་ཁོས་ཁ་སྔོན་གྱི་ཁྲིམས་ཞིབ་སྐབས་བཤད་པ་ལྟར། རང་ཉིད་བརྩེ་བ་ཟབ་སའི་‘‘ཏང་དང་རྒྱལ་ཁབ་’’སྟེ། རང་གི་སྲིད་དོན་གོ་གནས་དང་། གཉེན་ཉེ་ཁྱིམ་ཚང་། སྲིད་དོན་ཕྱོགས་ཁག་བཅས་ཀྱི་ཆེད་དུ་ཕུལ་བའི་བྱས་རྗེས་ཏེ། ལོ་ངོ་ལྔ་སྟོང་ལྷག་གི་ལོ་རྒྱུས་ཡོད་པའི་རྒྱལ་ཁབ་དང་མི་རིགས། དེའི་རྩ་ཆེའི་དཔལ་ཡོན་དང་བཟང་སྤྱོད། འབུར་ཐོན་ཁྱད་ཆོས་ཁག་ལ་སྣང་མེད་དང་བརྩི་མེད་རྡོག་རོལ་བཏང་སྟེ་ཐ་ན་མིའི་དོན་ལྔ་སྣོད་དྲུག་གསོན་བཀོག་གིས་ནག་ཚོང་ཉར་བའང་ཤེས་པར་གྱུར། ཟླ་ངོ་བཅོ་བརྒྱད་འདི་པོ་ཞི་ལེ་རྒྱ་ནག་མི་མང་དང་རྒྱལ་སྤྱིའི་སྤྱི་ཚོཊ་ཀྱི་མཐོང་ལམ་ནས་ཡལ་བའི་ལོ་ཟླ་ཡིན་ཡང་། ང་ལ་མཚོན་ན་པོ་ཞི་ལེ་ངོ་ཤེས་ནས་རྒྱུས་ཡོད་ཆཊ་པའི་ལོ་ཟླ་དག་ཡིན།                                                   

པོ་ཞི་ལེ། ཕྱི་ནང་ངོ་གཉིས་མ།

ཐོག་མའི་འཆར་གཞི་ཉིན་གཉིས་སྒང་ལ་བསྐྱར་མ་ཉིན་གསུམ་བསྣན་ཏེ་ཁྲིམས་ཞིབ་བྱས་རྗེས་ཕྱི་ཚེས་ ༢༦ ཉིན་གྱི་དགོང་དྲོར་ཅི་ནན་འབྲིང་རིམ་ཁྲིམས་ཁང་གིས་པོ་ཞི་ལེ་ཡི་ཁྲིམས་ཞིབ་རིམ་པ་ཡོངས་སུ་མཇུག་བསྒྲིལ་ཡོད་ཅིང་། མི་འགྱངས་བར་བཅད་ཁྲ་གཏོང་རྒྱུའི་གསལ་བསྒྲགས་བྱས་ཡོད། ཉིན་ལྔའི་རིང་གི་ཁྲིམས་ཞིབ་ཀྱི་གནས་དོན་གཙོ་བོ་ཁག་ནི། པོ་ཞི་ལེ་ཡིས་རྒྱ་སྒོར་ཁྲི་ཆིག་སྟོང་ལྔ་བརྒྱ་ལྷག་གི་ལྐོག་རྔན་བླངས་ཡོད་མེད་དང་། རྒྱ་སྒོར་ཁྲི་ལྔ་བརྒྱའི་གཞུང་དངུལ་སྒེར་ཟོས་བྱས་མིན། ཝང་ལི་ཅོན་གྱི་དོན་རྐྱེན་སྐབས་ཁོས་གཞུང་གི་གོ་གནས་དང་དབང་ཆ་བེད་ལོག་ཏུ་སྤྱད་ཡོད་མིན་བཅས་རེད། ཉེས་འཛུགས་འདི་དག་རྒྱ་རིགས་དཀྱུས་མ་ཞིག་ལ་ཚབས་ཆེའི་ནག་ཉེས་ཡིན་ན་ཡང་པོ་ཞི་ལེ་ཚུད་པའི་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཚོར་མཚོན་ན། དེ་དག་ནག་ཉེས་ཡིན་ཆོག་ལ་མིན་ཡང་ཆོག གཙོ་བོ་རང་གི་ཆབ་སྲིད་ཀྱི་གོ་གནས་བརྟན་མིན་དང་། ཕྱོགས་ཁག་གི་སྟོབས་ཤུགས་ཉམས་མིན་ལ་རག་ལས་ཡོད། མ་གཞི་ནས་པོ་ཞི་ལེ་ཡི་དོན་རྐྱེན་ནི་རྒྱ་ནག་ཆེས་མཐོའི་དཔོན་རིགས་ནང་ཁུལ་སྲིད་དབང་འཐབ་རྩོད་ཀྱི་དོན་རྐྱེན་ཞིག་ཡིན། ཁོ་དེ་སྔའི་རྒྱ་ནག་གི་སྲིད་བློན་ཝུན་ཅ་པའོ་དང་ཞི་ཅིན་ཕིན་ཕྱོགས་ཁག་གི་ལག་འཇོག་ས་ཙམ་ལས། སྲོག་ལེན་འདོད་ས་ནི་པོ་ཞི་ལེ་ཕྱོགས་ཁག་གི་རྒྱབ་རྩ་གཙོ་བོ་སྟེ། དེ་སྔའི་རྒྱ་ནག་དབུས་ཆབ་སྲིད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་ཀྲུག་ཡོང་ཁཱང་དང་སྲིད་འཛིན་ཟུར་པ་ཅང་ཙེ་མིན་ཆགས་ཡོད།

ཁྲིམས་ཞིབ་འདི་མ་ཚུགས་པའི་ཡར་སྔོན་ཏེ། པོ་ཞི་ལེ་བཀག་ཉར་བྱས་པའི་ཟླ་ངོ་བཅོ་བརྒྱད་ནང་། རྒྱ་ནག་དབུས་ཞིབ་བཤེར་སྡེ་ཁག་དང་འབྲེལ་ཡོད་སྡེ་ཚན། ཡང་ན། ཁོ་དང་བློ་ཐག་ཉེ་བ་རེ་འགའ་ཚུད་པའི་མི་སྣ་ ༣༠༠ ལྷག་གིས་ཐེངས་ ༧༠༠ ཙམ་ལ་འབྲེལ་གཏུག་དང་གྲོས་བསྡུར། ནང་མོལ་སོགས་བྱས་ཡོད། རིམ་པ་འདི་དག་གི་སྐབས་སུ་པོ་ཞི་ལེ་ཡིས་གོང་གསལ་ཁྲིམས་ཞིབ་སྐབས་བཙུགས་པའི་ནག་ཉེས་ཏེ། ལྐོག་རྔན་དང་གཞུང་དངུལ་སྒེར་ཟོས། གོ་དབང་བེད་ལོག་བྱས་པ་སོགས་ངོས་ལེན་ཙམ་བྱས་ཡོད། ངོས་ལེན་དེ་དག་འདྲི་རྩད་གཅིག་པུའི་སྐབས་ཙམ་མིན་པར། ཁོ་རང་སྒེར་ངོས་ནས་དབུས་འབྲེལ་ཡོད་ཚོར་ཕུལ་བའི་ཡིག་འབྲེལ་ཁག་གི་ནང་དུའང་གསལ་བོར་འཁོད་ཡོད། འོན་ཀྱང་། ཁྲིམས་ཞིབ་སྐབས་ང་ཚོས་མཐོང་བའི་པོ་ཞི་ལེ་ནི་གཞན་ཞིག་སྟེ། ཁོས་ཉེས་འཛུགས་དེ་དག་གཅིག་ཀྱང་ངོས་ལེན་མ་བྱས་ཐོག ཉེས་འཛུགས་རེ་རེ་ལ་གང་ལ་གང་འཚམ་དང་། དེ་ལ་སྟོན་གྱི་ལན་འདེབས་དང་རྩོད་པ་གནད་དུ་འཁེལ་བ་བརྒྱབ་ཡོད། 

‘‘ཁྱོད་ཚོས་པོ་ཞི་ལེ་ཞིང་གྲོང་དཔོན་རིགས་ཤིག་ལ་རྩི་བཞིན་ཡོད་དམ། ཡང་ན། རྒྱ་ནག་མི་མང་ལྐུགས་པར་རྩི་བཞིན་ཡོད།’’པོ་ཞི་ལེ་ལ་རྒྱ་སྒོར་ཁྲི་དེ་དག་གི་ཉེས་འཛུགས་བྱེད་སྐབས་དམངས་ཁྲོད་ཀྱི་དོགས་པ་འདི་ཡིན། རྒྱ་ནག་ལ་ཆ་རྒྱུས་ཅུང་ཡོད་མཁན་ཞིག་ཡིན་ཚེ། ད་ལྟའི་རྫོང་ཁག་རིམ་པའི་དཔོན་རིགས་ཤིག་ལ་ཆ་བཞག་ན་རྒྱ་སྒོར་ཁྲི་ཉིས་སྟོང་གི་ལྐོག་རྔན་དང་གཞུང་དངུལ་ཟ་ཆོག་ཆོག་ཡོད་ལ། དེ་ཟ་མ་ཐུབ་ཚེ་རང་གི་དཔོན་གནས་ལ་དཔལ་འབྱོར་གྱི་རྒྱབ་རྩ་མེད་པར་ཆགས་ཡོད། སྒེར་གྱི་དཔལ་འབྱོར་མ་དངུལ་ནི། རྒྱ་ནག་གི་དཔོན་རིགས་ཆེ་ཆུང་ཚང་མར་རྒྱས་སྤྲོས་དང་ཕྱུག་འགྱུར་ཙམ་མིན་པར། དེ་རང་གི་ཆབ་སྲིད་གནས་བབ་བརྟན་བརླིང་ཡིན་མིན་གྱི་སྲོག་རྩ་ཆགས་ཡོད། ན་ནིང་ནེའུ་ཡོར་དུས་བབ་ཀྱིས་སྲིད་བློན་ཟུར་ཝུན་ཅ་པའོ་ཡི་ནང་མི་ལ་དཔལ་འབྱོར་མ་དངུལ་ཨ་སྒོར་བྱེ་བ་བརྒྱ་དང་ཉེར་བདུན་ཡོད་པར་བསྒྲགས་ཡོད། རྫོང་ཁག་རིམ་པའི་དཔོན་རིགས་ནས་སྲིད་བློན་བར་བསྡུར་དང་། པོ་ཞི་ལེ་ཡིས་བླངས་བའི་ལྐོག་རྔན་དང་གཞུང་དངུལ་སྒེར་ཟོས་བྱས་པའི་གྲངས་འབོར་འདི་ཙམ་ཡིན་ནམ། གལ་སྲིད་ཡིན་ཚེ། ད་བར་ཁོས་ལས་འཁུར་བྱས་མྱོང་བའི་གྲོང་ཁྱེར་དང་ཞིང་ཆེན་ཁག་གི་གོ་གནས། དབུས་ཆབ་སྲིད་རྒྱུན་ལས་ལས་ཐོག་གི་སྲིད་དོན་གནས་བབ་བཅས་ཀྱི་སྲོག་རྩ་དག་སྔ་ས་ནས་འགག་ཚར་ཡོད། མ་ཟད་ཧྥ་རན་སའི་གྲོང་ཁྱེར་ཁན་ནང་ཡོད་པའི་སྒེར་གཞིས་དེ་ཡང་ཉོ་ཐུབ་མེད། གནད་འགག་ནི་དངུལ་འབོར་འདི་དག་ཁྲིམས་ཐོག་ནས་ར་སྤྲོད་ཐུབ་ཚེ། ཁོ་ལ་སྲོག་ཁྲིམས་གཅོད་ཆོག་པ་དེར་ཐུག་ཡོད།

ཝུན་ཅ་པའོ་ཡིས་ཝང་ལི་ཅོན་དོན་རྐྱེན་གོ་སྐབས་སུ་སྤྱད་དེ་ཐབས་བརྒྱ་ཇུས་སྟོང་གིས་པོ་ཞེ་ལེ་འཛིན་བཟུང་བྱས་རྗེས། འདྲི་རྩད་དང་ནང་མོལ་བརྒྱུད་‘‘ཏང་དང་རྩ་འཛུགས་ཀྱིས་ད་དུང་པོ་ལ་རེ་བ་བརླག་མེད་’’པའི་གོ་སྐོན་བློ་འགུག་གིས་ཉེས་འཛུགས་ཁག་ངོས་ལེན་བྱ་བཅུག་ཐོག ཁོ་ཏང་དང་རྒྱལ་ཁབ་ཀྱི་ལས་གནས་དང་ཆབ་སྲིད་གནས་བབ་ཁག་ནས་ཕྱིར་འཕུད་གཏོང་ཐུབ་ཡོད་ནའང་། ཞི་ཅིན་ཕིན་གྱིས་ཁྲིམས་ལུགས་སྦྱད་ནས་པོ་ཞི་ལེ་རྩ་མེད་གཏོང་འདོད་ཀྱི་བློས་བསླངས་དེར་ལམ་འགྲོ་རྒྱུག་མེད། ཐོག་མའི་འཆར་གཞི་ལྟར་ཁྲིམས་ཞིབ་དུས་ཡུན་ལ་༼ ལམ་འགྲོ ༽མ་རྒྱུགས་པ་ལྟར། ཁྲིམས་ཞིབ་དཔང་མིར་པོ་ཞི་ལེ་ཡའི་དགྲ་ཟླ་དང་ལས་གྲོགས། ཁོའི་སྐྱེས་དམན་ཀོ་ཁེ་ལེ་ཡན་དྲུད་ཡོང་སྟེ། ངོ་བཅར་དང་ཡིག་འབྲེལ། བརྙན་ལམ་བརྒྱུད་བདེན་དཔང་བྱེད་བཅུག་ཡོད་ནའང་ཁོ་ཚོས་གང་བཤད་དང་གང་བྲིས་ཡོད་ཚད་ལ་སྒྲུང་གཏམ་གྱི་རྣམ་པ་ལས། ཁྲིམས་ཐོག་གི་དཔང་རྟགས་རིན་ཐང་མེད་པ་དེས་ཐེངས་འདིའི་ཁྲིམས་ཞིབ་ཁྲོད་པོ་ཞི་ལེ་ལ་རྦད་དེ་༼རླུང་རྟ་༽རྒྱུག་ཡོད། ཝུན་ཅ་པའོ་ཡི་རྒྱུ་ནོར་ཁོའི་མིང་ཐོག་ན་མེད་པ་ལྟར། པོ་ཞི་ལེ་ཡི་རྒྱུ་ནོར་ཡང་ཁོའི་མིང་ཐོག་ན་མི་འདུག

པོ་ཞི་ལེ་ཡིས་རྩ་འཛུགས་དང་ཁྲིམས་ཞིབ་བར་ངོ་གདོང་མི་འདྲ་གཉིས་བསྟན་པ་ལྟར། ད་ལྟའི་རྒྱ་ནག་གི་གཞི་རྩའི་དཀའ་ངལ་ཡང་ཕྱི་ནང་གི་ངོ་གདོང་འདི་གཉིས་ལ་ཐུག་ཡོད། དེ་རིང་གི་རྒྱ་ནག་ནང་‘‘ཏང་བཙན་པོ་ཡིན་ནམ་ཁྲིམས་བཙན་པོ་ཡིན།’’ ཕྱི་ནང་ངོ་གཉིས་མ་པོ་ཞི་ལེ་ཡི་མཐའ་མའི་‘‘འགྲོ་འདུག་’’གི་ཐག་གཅོད་ཀྱང་གནས་སྟངས་འདི་ལ་ཐུག་ཡོད།

ངས་‘‘ཟུར་བསྟེན་’’ཉར་མྱོང་ཡོད།

‘‘ངས་ཟུར་བསྟེན་ཉར་མྱོང་ཡོད།’’འདི་གཞུང་དངུལ་སྒེར་ཟོས་ཁྲིམས་ཞིབ་སྐབས་པོ་ཞི་ལེ་ཡིས་ཞོར་འཕྲོས་སུ་བཏབས་པའི་ལན་ཞིག་རེད། ཁྲིམས་ཞིབ་སྐབས་པོ་ཡི་ལན་འདེབས་ནང་སྲིད་དོན་གྱི་ཚོར་བ་རྣོ་བའི་ཚིག་སྦྱོར་སླེབས་སྐབས། ཁྲིམས་དཔོན་གྱིས་སྟངས་འཛིན་དང་ཁ་བསྒྱུར། བར་མཚམས་གཅོད་པ། ཡང་ན་ཁྲིམས་ཞིབ་ཡིག་ཚགས་དང་། ཡོངས་ཁྱབ་གསལ་བསྒྲགས་ནང་གནག་བསུབ་བཏང་ཡོད། འོན་ཀྱང་། དྲ་དམངས་དང་བརྒྱུད་ལམ་ཁག་གིས་འདི་དག་ཤེས་འདོད་ཆེན་པོ་བྱེད་ཀྱིན་ཡོད། ‘‘བུད་མེད་གང་མང་དང་ལྷན་དུ་ཚུལ་མིན་འབྲེལ་ལམ་ཡོད་པ།’’འདི་པོ་ཞི་ལེ་ཏང་དང་རྒྱལ་ཁབ་ཀྱི་ལས་གནས་ལས་གནས་དབྱུང་གཏོང་སྐབས་བགྲང་པའི་ནག་ཉེས་གཙོ་བོའི་གྲས་ཀྱི་གཅིག་ཡིན། དྲ་དམངས་དང་བརྒྱུད་ལམ་ཁག་གི་ཤེས་འདོད་དང་། གཏན་འཁེལ་འདོད་པ་ནི་ཁོ་ལ་ཟུར་བསྟེན་ཡོད་མེད་མིན་པར། ‘‘ཟུར་བསྟེན་ལ་སུ་ཞིག་ཉར་བ་དང་’’ཡང་ན། ‘‘ཁོ་མོ་སུ་རེད།’’ཅེས་པ་འདི་དག་རེད།

ལོ་རྒྱུས་དང་སྲོལ་རྒྱུན་གྱི་ངོས་ནས་གླེང་ན། རྒྱུ་ནོར། དབང་ཐོབ། བུད་མེད་གསུམ་ནི་རྒྱ་ནག་གི་དཔོན་རིགས་ཚོའི་ལྷན་སྐྱེས་ཀྱི་གྲུབ་ཆ་ཞིག་ཡིན། འཇིག་རྟེན་རྙིང་བའི་ནང་བུད་མེད་ག་ཚོད་ཉར་ནའང་།‘‘ཟུར་བསྟེན་’’འདི་འཇུག་ས་ཉུང་ཉུང་ཡིན། གོང་མ་རྒྱལ་བོ་ཟེར་བར་༼ ཡིད་འོང་༽སུམ་སྟོང་ཡོད་པ་ལྟར། མི་སེར་དཀྱུས་མ་ཞིག་གིས་ཀྱང་འཇོན་ན་‘‘ཆེན་ཆུང་’’བཅོ་བརྒྱད་ཉར་ཆོག ཀྲུང་གོ་གསར་བ་ཟེར་བ་བཙུགས་རྗེས་གནས་སྟངས་དེར་འགྱུར་བ་བཏང་ཡོད། འོན་ཀྱང་འགྱུར་བ་འདི་ཕྱིའི་རྣམ་པ་ཙམ་ལས་དངོས་ཡོད་ལག་ལེན་ཐོག་གནས་སྟངས་དང་རྒྱུན་སྲོལ་དེ་མུ་མཐུད་བསྡད་ཡོད།

མའོ་ཙེ་ཏུང་གིས་རང་གི་མི་ཚེ་ནང་ཉུང་མཐར་ཡང་བུད་མེད་སུམ་བརྒྱ་ལྷག་ལ་སྤྱད་མྱོང་ཡོད། དེ་དག་ལས་གསུམ་མ་གཏོགས་ཚང་མ་ཟུར་བསྟེན་ཡིན། ཁོའི་ཟུར་བསྟེན་ཆུང་ཤོས་ལོ་ན་བཅུ་གཉིས་ལ་སོན་ཙམ་གྱི་བུ་མོ་ཆུང་ཆུང་ཞིག་ཡིན། ད་དུང་ཁོའི་ཟུར་བསྟེན་ཚོའི་ནང་རང་གི་གསར་བརྗེ་འཐབ་གྲོགས་དང་། འཐབ་གྲོགས་ཚོའི་ཆུང་མ་དང་བུ་མོ། ཚ་མོ་སོགས་ཡོད་ལ། རང་གི་ཉེ་དུ་སྟེ། བུའི་ཆུང་མ་དང་དགའ་རོགས། ཚ་མོ་སོགས་ཀྱང་ཚུད་ཡོད། འདི་དག་ལས་ཚེ་ཐག་ཐུང་ཤོས་དག་‘‘མཚན་གཅིག་ཉལ་རོགས་’’ཚུལ་དུ་སྤྱད་ཡོད།

ཏིན་ཞོ་ཕིན་གྱིས་མི་ཚེ་མང་ཤོས་འཐབ་རྩོད་དང་བཙོན་ཁང་ནས་བསྐྱལ་ཡོད་ཀྱང་དབུ་ཁྲིད་ཆགས་རྗེས། ལོ་རབས་བརྒྱད་ཅུ་དགུ་བཅུའི་རྒྱ་ནག་གི་གློག་བརྙན་འཁྲབ་སྟོན་མ་གྲགས་ཅན་ལིག་ཞའོ་ཆིན་ཟུར་བསྟེན་དུ་ཉར་ཡོད། མའོ་དང་ཏིན་ལ་ཟུར་བསྟེན་སྟངས་མི་འདྲ་ས་ཞིག་ཡོད་པ་ནི། གཅིག་གིས་གྲངས་ཀ་དང་། གཅིག་ཤོས་ཀྱིས་སྤུས་ཀ་གལ་ཆེན་དུ་བཟུང་ཡོད།

པོ་ཞི་ལེ། ཅང་ཙེ་མིན་དུས་སྐབས་ཀྱི་དཔོན་རིགས་ཤིག་ཡིན། ཅང་ཙེ་མིན་ལ་ཡོངས་གྲགས་ཐོག་ཟུར་བསྟེན་བཞི་ཡོད། ཁོ་མོ་ཚོ་ནི་དབུས་བརྙན་འཕྲིན་ཁང་གི་མདོ་འཛིན་པ་དང་། གླུ་གར་འཁྲབ་སྟོན་པ། གཤམ་འོག་གི་བཀའ་བློན་བཅས་ཡིན། དེ་དག་ནང་མངོན་གསལ་དོད་ཤོས་དང་གླེང་གཞི་ཆེ་ཤོས་དེ་གླུ་མ་སུང་ཙོ་ཡུན་ཡིན། ཅང་ལ་བརྟེན་ནས་ཁོ་མོར་ད་ལྟ་རྒྱལ་ཁབ་རིམ་པའི་གནས་ཐོབ་རག་ཡོད། འོན་ཀྱང་ཁོ་མོ་རྒྱ་ནག་ནང་ཁུལ་གྱི་གྲགས་ཅན་མི་སྣ་ལས་རྒྱལ་སྤྱི་རིམ་པར་བསླེབ་ཐུབ་མེད། རྒྱལ་ནང་གི་སྙན་གྲགས་དང་གནས་ཐོབ་ཀྱང་ཅང་ལ་བསྙེས་ནས་རག་པ་ཡིན། བརྙན་འཕྲིན་མདོ་འཛིན་པ། གསར་འགོད་པ། སྒྱུ་རྩལ་པ། གློག་བརྙན་འཁྲབ་སྟོན་པ། སློབ་ཆེན་སློབ་མ། ད་སྔ་བརྒྱུད་ལམ་ཁག་ནང་ཐོན་གསལ་ལྟར་ན། པོ་ཞི་ལེ་ལའང་ཅང་ཙེ་མིན་དང་འདྲ་བར་ཟུར་བསྟེན་གང་མང་ཡོད། ཀྲང་ཙེ་ཡུས་ནི། དེང་སྐབས་རྒྱ་ནག་ལ་རྒྱལ་སྤྱི་རིམ་པའི་གློག་བརྙན་འཁྲབ་སྟོན་པ་རེ་ཟུང་ཡོད་པའི་ཁྲོད་ཀྱི་ལོ་ན་གཞོན་ཤོས་དེ་ཆགས་ཡོད། ཚོང་བ་ཞིས་མུན་བརྒྱུད་ཁོ་མོས་པོ་ཞི་ལེ་དང་ལྷན་སྔ་ཕྱི་ཐེངས་བདུན་ལུས་འབྲེལ་བྱས་མྱོང་ཡོད་ཅིང་། ཐེངས་རེར་རྒྱ་སྒོར་ཁྲི་ཉེར་བདུན་རེ་ལེགས་སྐྱེས་སུ་བླངས་ཡོད་སྐོར་བཤད།

༢༠༡༠ ལོར། གཞོན་སྐྱེས་གླུ་མ་གྲགས་ཅན་མཱ་རོས་ལ་ཡིས་རང་གི་སྐུ་མགྲོན་མདུན་དམར་ཧྲེང་དུ་འབུད་ཞོར་ཐེངས་གཅིག་ལ་རྒྱ་སྒོར་ཁྲི་ལྔ་དང་། མཚན་གཅིག་ལ་རྒྱ་སྒོར་ཁྲི་བརྒྱད། ད་དུང་ཁྱོད་ལ་སྒོར་ཤེད་འདང་ངེས་ཡོད་ཚེ། མོས་རྒྱལ་ཁབ་དང་རྒྱལ་སྤྱི་རིམ་པའི་རང་གི་གྲོགས་མོ་ཚོ་ངོ་སྤྲོད་བྱ་ཚུལ་བརྗོད་པའི་བརྙན་ཐུང་ཞིག་དྲ་ལམ་དུ་ཁྱབ་ཡོད་ལ། དེ་བཞིན་རྒྱ་ནག་གི་དཔོན་རིགས་གཞན་ཁག་གིས་ཟུར་བསྟེན་དང་སྨད་འཚོང་ཉར་བའི་བརྙན་ཐུང་དྲ་ཐོག་ཏུ་ཐོན་པར་བརྟེན། ད་ལྟ་པོ་ཞི་ལེ་ལྟར་གནས་དབྱུང་དང་ཞིབ་བཤེར་གྱི་རིམ་པ་བརྒྱུད་ཀྱི་ཡོད། ཟུར་བསྟེན་གནད་དོན་ནི། ད་ལྟའི་ཆར་རྒྱ་ནག་གི་དཔོན་རིགས་ཚོའི་ལྐོག་རྔན་དང་གཞུང་དངུལ་སྒེར་ཟོས། གོ་དབང་བེད་ལོག་ལས་གཞན་པའི་ཚབས་ཆེའི་རུལ་སུངས་ཀྱི་ཕྱོགས་གཞན་དེ་ཆགས་ཡོད།

་་་་་་་་་་་་་་་་་་མུ་འགོད།

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༢༠ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༠ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༢༤ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 7

  1. གཅན་འོད་འབར། says:
    ལོ་ 13 སྔོན།

    དཔྱད་རྩོམ་འདི་ཕྱོགས་མང་པོ་ཞིག་ནས་འགྲིག་འདུག་སྙམ་པའི་ཚོར་བ་ཞིག་བཅོས་མིན་གྱིས་སྐྱེས་སོང་བས། རྩོམ་པ་པོས་མུ་མཐུད་སྤེལ་བར་སྒུག་ནས་ཡོད།

    Reply
  2. ཕུན་ཚོགས ། says:
    ལོ་ 13 སྔོན།

    རྩོམ་ཡིག་འདི་ལ་ཉམས་ཞིབ་ཀྱི་རིན་ཐང་ལྡན་ཞིང་བློ་བསྐྱེད་ཀྱི་བློ་མིག་མང་པོ་སྤྲོད་གི བཀའ་དྲིན་ཆེ།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    རྒྱ་ནག་གི་་་་་་
    མའོ་དམར་པོ་ཀླ་ཀློ་ཡིས། །
    བུད་མེད་སུམ་བརྒྱར་བཙན་གཡེམ་པ། །
    ཏིང་རྒན་ཉ་ལུ་ཁྲེལ་མེད་ཀྱིས། །
    ལིག་ཞའོ་ཆིན་མ་ཟུར་བསྟེན་བྱས། །

    པོ་ཞི་ལེ་ལའང་ཅང་ཙེ་མིན་ལྟར། །
    ཟུར་བསྟེན་མང་པོ་ཉར་བ་སོགས། །
    ཆོས་མེད་ངོ་ཚ་མེད་པ་སྟེ། །
    གུང་བྲན་མ་རབས་དུས་རབས་རེད། །

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་ དེ་བཞིན་རྒྱ་ནག་གི་དཔོན་རིགས་གཞན་ཁག་གིས་ཟུར་བསྟེན་དང་སྨད་འཚོང་ཉར་བའི་བརྙན་ཐུང་དྲ་ཐོག་ཏུ་ཐོན་པར་བརྟེན། ད་ལྟ་པོ་ཞི་ལེ་ལྟར་གནས་དབྱུང་དང་ཞིབ་བཤེར་གྱི་རིམ་པ་བརྒྱུད་ཀྱི་ཡོད། ་་་་་ཟེར།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་ པོ་ཞི་ལེ་ལའང་ཅང་ཙེ་མིན་དང་འདྲ་བར་ཟུར་བསྟེན་གང་མང་ཡོད། ཀྲང་ཙེ་ཡུས་ནི། དེང་སྐབས་རྒྱ་ནག་ལ་རྒྱལ་སྤྱི་རིམ་པའི་གློག་བརྙན་འཁྲབ་སྟོན་པ་རེ་ཟུང་ཡོད་པའི་ཁྲོད་ཀྱི་ལོ་ན་གཞོན་ཤོས་དེ་ཆགས་ཡོད། ཚོང་བ་ཞིས་མུན་བརྒྱུད་ཁོ་མོས་པོ་ཞི་ལེ་དང་ལྷན་སྔ་ཕྱི་ཐེངས་བདུན་ལུས་འབྲེལ་བྱས་མྱོང་ཡོད་ཅིང་། ཐེངས་རེར་རྒྱ་སྒོར་ཁྲི་ཉེར་བདུན་རེ་ལེགས་སྐྱེས་སུ་བླངས་ཡོད་སྐོར་བཤད། ་་་་་ཟེར།

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་ མའོ་དང་ཏིན་ལ་ཟུར་བསྟེན་སྟངས་མི་འདྲ་ས་ཞིག་ཡོད་པ་ནི། གཅིག་གིས་གྲངས་ཀ་དང་། གཅིག་ཤོས་ཀྱིས་སྤུས་ཀ་གལ་ཆེན་དུ་བཟུང་ཡོད། ་་་་་་ཟེར།

    Reply
  7. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་ མའོ་ཙེ་ཏུང་གིས་རང་གི་མི་ཚེ་ནང་ཉུང་མཐར་ཡང་བུད་མེད་སུམ་བརྒྱ་ལྷག་ལ་སྤྱད་མྱོང་ཡོད། དེ་དག་ལས་གསུམ་མ་གཏོགས་ཚང་མ་ཟུར་བསྟེན་ཡིན། ཁོའི་ཟུར་བསྟེན་ཆུང་ཤོས་ལོ་ན་བཅུ་གཉིས་ལ་སོན་ཙམ་གྱི་བུ་མོ་ཆུང་ཆུང་ཞིག་ཡིན། ་་་་་་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese