ཟླ་འདིའི་ཕྱི་ཚེས་ ༩ ཉིན་ནས་བཟུང་ཉིན་བཞིའི་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར། ཨ་ཤོ་ཀ་མི་ཤིན་ཞེས་པའི་ནང་པའི་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ (International Buddhist Confederation) ཐེངས་དང་པོ་ཚོགས་བཞིན་ཡོད་པ་དང་། ཚོགས་ཆེན་ཐོག་འཛམ་གླིང་ནང་པའི་རྒྱལ་ ༣༠ ལྷག་གི་སྐུ་ཚབ་ ༢༥༠ ཙམ་དང་། བོད་ཀྱི་ཆོས་རྒྱུད་ཁག་གི་སྐུ་ཚབ་དུ་དགའ་ལྡན་ཁྲི་པ་མཆོག་དང་། རྒྱལ་བ་ཀརྨ་པ། བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན། བཀའ་ཟུར་ཟམ་གདོང་རིན་པོ་ཆེ། དེ་བཞིན་བླ་སྤྲུལ་དགེ་བཤེས་དང་གདན་ས་ཁག་གི་མཁན་པོ་བཅས་མཉམ་ཞུགས་གནང་འདུག
ཐེངས་འདིའི་ལྷན་ཚོགས་ཐོག་༸གོང་ས་མཆོག་མཛད་འཆར་གྱི་དབང་གིས་སྐུ་དངོས་སུ་ཕེབས་ཐུབ་མེད་ཀྱང་། ༸གོང་ས་མཆོག་བརྙན་འཕྲིན་བརྒྱུད་ལྷན་ཚོགས་ལ་གསུང་འཕྲིན་ཞིག་སྩལ་ཡོད་པའི་ནང་། སྤྱིར་བཏང་ནང་པའི་ཆོས་དེ་སྔ་དར་མྱོང་མེད་པའི་ཡུལ་གྲུ་མང་པོའི་ནང་དེང་སྐབས་དོ་སྣང་ཆེ་རུ་ཕྱིན་ཡོད་པ་དང་། འཛམ་གླིང་རྒྱལ་ཁབ་མང་པོའི་ནང་དུའང་ནང་ཆོས་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། འོན་ཀྱང་། མཚམས་རེར་ང་ཚོ་ནང་པ་ཡིན་ཞེས་བརྗོད་མཁན་ཚོའི་སྤུས་ཚད་ཇེ་ཞན་དུ་འགྲོ་གི་ཡོད་པ་ལྟ་བུ་འདུག དེ་སྔ་ངོས་ཀྱིས་ལྡི་ལིར་ཚོགས་པའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་སུ་བཤད་ཡོད། ད་ཐེངས་བསྐྱར་དུ་ནན་བརྗོད་ཞུ་རྒྱུ་ཞིག་ལ། ང་ཚོ་སངས་རྒྱས་པའི་ཆོས་ཀྱི་དགེ་རྒན་ཡིན་ཞེས་བརྗོད་མཁན་ཚོ་གནས་ཚུལ་མང་པོ་ཞིག་གི་ནང་། ཉིན་རེའི་བྱེད་སྟངས་མི་དཀྱུས་མ་ཞིག་གི་བྱེད་སྟངས་དང་འདྲ་བ་མ་ཟད། སྡུག་ས་ནས་བརྗོད་ན་སྐབས་རེ་མི་དཀྱུས་མ་དྲང་པོ་ཞིག་གི་བྱེད་སྟངས་ལས་ཐབས་སྐྱོ་བ་དེ་འདྲ་བྱེད་ཀྱི་འདུག དེའི་ཐོག་ང་ཚོས་བསམ་བློ་ནན་ཏན་གཏོང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་གསུངས་ཡོད་འདུག
རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ནི། ནང་པའི་རྒྱལ་ཁབ་ཚང་མ་མཉམ་རུབ་ཐོག་ནང་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་། འཛམ་གླིང་གི་ཆོས་ལུགས་གཞན་དང་འབྲེལ་ལམ་གོང་མཐོར་གཏོང་རྒྱུ། འཛམ་གླིང་ནང་འཕྲད་བཞིན་པའི་དཀའ་ངལ་སེལ་ཐབས་བཅས་ལ་དམིགས་པ་ཞིག་ཡིན་འདུག་ལ། ལྷན་ཚོགས་འདིའི་སློབ་སྟོན་པའི་ཁོངས་སུ་༸གོང་ས་མཆོག་དང་། ཐའེ་ལན་ཌི། ཤི་རི་ལངྒ། ལའོ་སི། ཁམ་པུ་ཊི་ཡ། ཝེ་ཐི་ནམ། མཱ་ཡན་མར། སོག་པོ། ལྷོ་ཀོ་རི་ཡ། ཨུ་རུ་སུ་བཅས་ཀྱི་ནང་པའི་དབུ་བླ་རྣམས་ཡོད་འདུག