མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲོས་ཚོགས་མ་འཚོགས་གོང་དུ་གླེང་འདོད་པའི་སྐད་ཆ་འགའ་ཤས།

བོད་ཀྱི་དུས་བབ།
༢༠༡༣/༠༩/༡༥
Share on FacebookShare on TwitterShare on EmailShare on Whatsapp

སྐལ་བཟང་རྣམ་རྒྱལ།

བོད་ཡིག་ཁྲིད་ན་མདུན་ལམ་མེད་ཟེར་བ་དེ་མདུན་ལམ་ཡོད་པར་བསྒྱུར་དགོས་པ་དང་། བོད་ཡིག་བསླབས་ན་ཟ་ཕོར་མེད་ཟེར་བ་དེ་ཟ་ཕོར་ཡོད་པར་བསྒྱུར་དགོས།

                                                            ་་་་་་་་་་་་་་་་་་་་་་ཀུན་གཟིགས་༸པཎ་ཆེན་བཅུ་པ་མཆོག་གིས།

ཉེ་བའི་ཆར་མི་རྗེ་དཔལ་ལྡན་སྲིད་སྐྱོང་མཆོག་ཌེ་ཌུན་ཁུལ་གཞིས་ཆགས་ཁག་ནང་འཚམས་གཟིགས་ཕེབས་སྐབས་ཀྱི་གསུང་བཤད་ཅིག་ལ་ཉན་པའི་གོ་སྐབས་བྱུང་།  གཞིས་མི་ཞིག་གིས་སློབ་ཡོན་སྐོར་ལ་དྲི་བ་ཞུས་པའི་བཀའ་ལན་ལས་འཕྲོས་ཏེ་ཤེས་ཡོན་སྲིད་བྱུས་ཕྱག་བསྟར་གནང་ཕྱོགས་སྐོར་ཞིག་གསུངས་སོང་།  སྲིད་སྐྱོང་མཆོག་གིས་གསུང་དོན། ཉེ་ཆར་ཌེ་ཌུན་ས་ཁུལ་ཞིག་ནས་ང་ལ་ཡི་གེ་ཞིག་འབྱོར་པའི་ནང་འཁོད་དོན།  བློ་བཟང་སེང་གེ་ཁྱོད་རང་གིས་འཛིན་གྲྭ་དང་པོ་ནས་ལྔ་པའི་བར་སློབ་ཚན་བོད་ཡིག་ནང་སློབ་ཁྲིད་བྱ་རྒྱུའི་སྲིད་བྱུས་དེར་ང་ཚོས་ངོ་རྒོལ་ཡོད། ང་ཚོས་ཁྱོད་རང་ལ་འོས་ཤོག་བླུགས་པ་དེ་ཤེས་ཡོན་སྲིད་བྱུས་ལག་བསྟར་མི་བྱེད་པའི་ཆེད་དུ་ཡིན། དེ་འདྲ་ཡིན་ན་ཁྱེད་རང་ཨ་རིར་ལོག་ན་འགྲིག་གི་རེད། ཅེས་ཟེར་གྱི་འདུག ཅེས་དང་། ཡང་གཞིས་མི་ཞིག་གིས་ངའི་ཕྲུ་གུར་འཛིན་གྲྭ་དང་པོ་ནས་ལྔ་པ་བར་དབྱིན་ཡིག་སློབ་ཀྱི་མེད་པས་ཁ་སང་ངའི་བུ་སྨན་ཁང་ལ་མིག་བརྟག་དཔྱད་བྱེད་པར་བསྐྱོད་སྐབས་ཨེ་བྷི་སི་ཌི་ཀློག་ཤེས་ཀྱི་མི་འདུག་ཅེས་གསུང་གི་འདུག དེར་རྒྱུ་མཚན་ཡོད་པ་འདྲ་བོ་འདུག ཅེས་གསུངས་སོང་། སྲིད་སྐྱོང་མཆོག་གི་བཀའ་སློབ་དུམ་བུ་འདིར་ཧོབ་ལྟ་བྱས་ན་དགོད་བྲོ་བ་ཙམ་ཞིག་ཏུ་མཐོང་སྲིད་ཀྱང་ཡང་བསྐོར་བསྐྱར་བསྐོར་གྱིས་ཞིབ་ཏུ་བསམ་ན། བཀའ་སློབ་དུམ་ཚན་འདིའི་ནང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱིས་ཤེས་ཡོན་ངོས་འཛིན་བྱེད་སྟངས་དང་།  རང་མི་རིགས་ཀྱི་སྐད་ཡིག་ལ་དུང་ཞེན་གྱི་ཟབ་ཚད། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་འབྱུང་འགྱུར་གྱི་ཤེས་ཡོན་ཁ་ཕྱོགས་འཛིན་སྟངས་བཅས་གསལ་པོ་མཐོང་ཐུབ་ཀྱི་ཡོད།

ཌེ་ཌུན་ཁུལ་གྱི་བོད་མི་འགའ་ཞིག་གི་བསམ་ཚུལ་འདི་ང་ཚོས་གཞིས་ཆགས་ཁག་ཚང་མའི་ནང་འཁྱེར་ནས་བསམ་གཞིག་བྱས་ན་ང་ཚོར་བསམ་ཚུལ་འདི་ནི་ཌེ་ཌུན་ཁུལ་གྱི་གཞིས་མི་ཉུང་ཤས་ཤིག་གི་བསམ་ཚུལ་ཡིན་པ་ལས་བཙན་བྱོལ་ནང་གི་བོད་མི་མཐོ་འབྲིང་དམའ་གསུམ་ཚང་མའི་བསམ་ཚུལ་མིན་པའི་ངེས་ཤེས་རྙེད་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད། དེ་ལྟར་ན་ཕ་མ་ཚོས་རང་གི་ཕྲུ་གུ་སློབ་གྲྭར་གཏོང་བའི་དམིགས་ཡུལ་ནི་རང་གི་ཕྲུ་གུའི་མི་ཚེ་ཕུན་སུམ་ཚོགས་པོ་ཞིག་གི་ཐོག་ནས་བསྐྱལ་ཐུབ་པ་ཞིག་དང་། དེ་ལ་བརྟེན་རང་གི་ཁྱིམ་ཚང་ཉེ་འབྲེལ་རྣམས་ཀྱང་གང་སྤྱིར་ཕུན་སུམ་ཚོགས་པོ་ཡོང་བ་ཞིག་སྟེ། མདོར་བསྡུས་ནས་བཤད་ན་རང་གི་ཁ་གསོ་ཐུབ་པ་ཙམ་ཞིག་ཡོང་བའི་ཆེད་དུ་རེད། རང་མི་རིགས་ཀྱི་སྐད་ཡིག་དང་རིག་གནས་ལ་སློབ་གཉེར་བྱས་ན་སྐབས་འཕྲལ་རང་གི་དམིགས་ཡུལ་འགྲུབ་ཐུབ་ཀྱི་མེད་པར་བརྟེན་རང་གི་ཁ་གསོ་ཕུན་སུམ་ཚོགས་པོ་ཞིག་ཡོང་བའི་ཆེད་དུ་བོད་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་བློས་གཏོང་བྱེད་ཀྱི་ཡོད། དེས་རྐྱེན་པས་ཁོང་ཚོས་སྲིད་སྐྱོང་ལ་འཇིགས་སྐུལ་བྱས་ནས་བོད་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་བློས་གཏོང་བྱེད་བཅུག་གི་ཡོད། འདི་ལྟ་བུའི་འཇིགས་སྣང་འོག་སྲིད་སྐྱོང་མཆོག་ནས་ཀྱང་རང་གི་འབྱུང་འགྱུར་ལ་དགོངས་པ་བཞེས་ཏེ་ཁོང་ཚོའི་སྐད་ཆ་དེ་ཚོར་རྒྱུ་མཚན་ཡོད་པར་གཟིགས་ཏེ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འབྱུང་འགྱུར་ཤེས་ཡོན་གྱི་ཁ་ཕྱོགས་འཛིན་གནང་གི་ཡོད།

དེ་ལྟར་ན་བཙན་བྱོལ་བོད་མིའི་མི་ལོ་ལྔ་བཅུའི་རིང་གི་ཤེས་ཡོན་སློབ་སྦྱོང་བྱས་པའི་དགོས་པ་དང་དམིགས་ཡུལ་ནི་འཆི་བདག་གི་ཁ་འགྲམ་ན་བསླེབས་པའི་བོད་མི་རིགས་རིག་གཞུང་དང་བཅས་པ་སྲུང་སྐྱོབ་ཀྱི་ཆེད་དུ་མ་ཡིན་པར་བཙན་བྱོལ་བོད་མི་འབུམ་གཅིག་ལྷག་གི་ཁ་གསོ་ལོངས་སྤྱོད་འཕེལ་ནས་མི་ཚེ་སྐྱིད་པོ་ཡོང་བའི་ཆེད་དུ་རེད། དེས་ན་བོད་སློབ་ཟུར་འཛུགས་བྱེད་དགོས་པའི་དོན་སྙིང་དེ་ཡང་གླེང་རིན་མེད་པ་ཙམ་དུ་མ་ཟད། གཞིས་ནས་ཀུན་གཟིགས་༸པན་ཆེན་བཅུ་པ་མཆོག་གིས་དབུས་པའི་བོད་མི་རིགས་ཀྱི་སྐད་ཡིག་རིག་གནས་བཅས་སྲུང་སྐྱོབ་ཀྱི་ཆེད་དུ་རང་གི་གཅེས་པའི་སྲོག་ཀྱང་བློས་བཏང་པ་དེ་དག་ཐམས་བཅད་རང་སྡུག་རང་གིས་ཉོས་པ་སྡུག་གྱོང་རེད་དམ།

གཞི་རིམ་ཤེས་ཡོན་སྲིད་བྱུས་ནང་སྤྱིར་ཤེས་ཡོན་གྱི་དགོས་དམིགས་དང་བྱེ་བྲག་བོད་མིའི་ཤེས་ཡོན་གྱི་དགོས་དམིགས་ངོས་འཛིན་གནང་ཡོད།  སྤྱིར་ཤེས་ཡོན་གྱི་དགོས་དམིགས་ནི་རང་གི་ཤེས་རབ་དང་བྱམས་བརྩེའི་ནུས་པ་ཡོངས་སུ་སད་དེ་ལེགས་ཉེས་བླང་དོར་གྱི་གནས་ལ་དཔྱད་པ་ཡང་དག་པའི་སྒོ་ནས་འཇུག་པའི་ནུས་པ་སྨིན་པར་བྱས་ཏེ་རྒྱལ་ཁབ་དང་མི་རིགས། འཇིག་རྟེན་སྤྱིའི་རྩ་དོན་ཆེན་པོ་བསྒྲུབ་ནུས་པར་བྱེད་པའི་ཆེད་དུ་དང་། བྱེ་བྲག་བོད་མིའི་ཤེས་ཡོན་གྱི་དགོས་དམིགས་ནི་འཇིག་རྟེན་སྤྱི་ཡོངས་ལ་བོད་མིར་འཁྲི་བའི་ལས་འགན་ཏེ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་ལེགས་བྱང་གྱི་ཁྱད་ནོར་བཟང་པོ་རྒྱུན་འཛིན་ལ་བརྟེན་ནས་༸གོང་ས་སྐྱབས་མགོན་བཅུ་བཞི་པ་ཆེན་པོ་མཆོག་གི་ཐུགས་དགོངས་བཞིན་འཇིག་རྟེན་སྤྱི་ཡོངས་ཀྱི་དོན་ཆེན་ཁུར་དུ་འཁྱེར་བའི་ལྷག་བསམ་རྒྱ་ཆེར་བསྐྲུན་སྤེལ་བྱ་རྒྱུ་དེ་ཡིན་པར་ངོས་འཛིན་བྱས་ཡོད། ངོས་འཛིན་འདིའི་ཐོག་ནས་སྐྱེ་བོའི་ལུས་སེམས་ཀྱི་རང་དབང་སྲུང་རྒྱུ་དང་། གཞན་ཕན་གྱི་སྲི་ཞུ་བསྒྲུབ་རྒྱུ། འབྱུང་ཁུངས་རྒྱུན་འཛིན་བྱ་རྒྱུ། འབྱུང་འགྱུར་གསར་གཏོད་བྱ་རྒྱུ་བཅས་ཡིན་པར་གསུངས་ཡོད། ང་ཚོ་དེང་རབས་ཀྱི་ཤེས་ཡོན་ཐོག་ནས་རྗེས་ལུས་ཤོར་ཡོད་པའི་དངོས་ཡོད་ལ་ངོས་འཛིན་དང་། ང་ཚོ་རང་ཉིད་ཀྱི་ཁྱད་ཆོས་གང་ལ་བརྟེན་ནས་འཇིག་རྟེན་འདི་ནས་འབུར་དུ་ཐོན་ཐུབ་པའི་དངོས་ཡོད་ལ་ངོས་འཛིན་བྱས་ཡོད།

གལ་ཏེ་དུས་རབས་འདིའི་ནང་བོད་མི་རིགས་ཀྱི་ངོས་འཛིན་འབུར་ཐོན་བྱེད་དགོས་ན་རང་གི་ཐུན་མོང་མ་ཡིན་པའི་ལེགས་བྱང་གི་ཁྱད་ནོར་དང་འབྲེལ་བའི་ཐོག་ནས་ངོས་འཛིན་བྱ་རྒྱུར་ཐེ་ཚོམ་ཅི་ཡོད། མདོར་ན་ཤེས་ཡོན་སྲིད་བྱུས་ཀྱིས་ང་ཚོས་དེང་རབས་ཀྱི་ཤེས་ཡོན་སྦྱངས་ཏེ་དེང་རབས་ཀྱི་རྗེས་སུ་མ་ལུས་པ་བྱེད་དགོས་པ་མ་ཟད། ང་ཚོས་རང་གི་ལེགས་བྱང་ལ་བརྟེན་ནས་འཇིག་རྟེན་འདི་ནས་ངེས་པར་དུ་འབུར་དུ་ཐོན་ཐུབ་པ་བྱེད་དགོས་པའི་ལམ་སྟོན་གནང་ཡོད། འདི་ནི་༸གོང་ས་མཆོག་གི་ཐུགས་དགོངས་ན་ཡོད་པའི་འདབ་གཤོག་ཟུང་ལྡན་ཞེས་པ་དེ་ཡིན། འདི་ལྟ་བུའི་ལམ་སྟོན་གྱི་ཤེས་ཡོན་དེ་དག་རང་མི་རིགས་ཀྱི་མ་སྐད་ནང་སློབ་ཁྲིད་བྱ་དགོས་པ་ནི་གནད་དོན་གལ་ཆེར་ངོས་འཛིན་བྱས་ཡོད་པ་ལས་བཙན་བྱོལ་བོད་མི་འབུམ་གཅིག་ལྷག་གི་ཁ་གསོ་འཕེལ་བ་དམིགས་ཡུལ་དུ་བཟུང་མེད། ཤེས་ཡོན་གྱི་དགོས་དམིགས་འདི་ལྟར་གཏན་འབེབས་བྱས་པའི་སྲིད་བྱུས་འདིར་ངོ་རྒོལ་བྱེད་མཁན་དེ་དག་གིས་ཤེས་ཡོན་གྱི་དགོས་དམིགས་ནི་རང་གི་ལྟོ་གོས་གཏམ་གསུམ་འཕེལ་བར་བྱེད་པའི་ལག་ཆ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་གསལ་པོ་རེད།

ཡང་གནས་ཚུལ་ཧང་སང་དགོས་པ་ཞིག་ཐོན་བཞིན་ཡོད་པ་ནི་བོད་ནང་དེང་སྐབས་མཁས་པ་མང་པོས་བོད་མི་རིགས་ཀྱི་ཤེས་ཡོན་གྱི་དགོས་དམིགས་གང་ཡིན་གཅིག་གྱུར་ངོས་འཛིན་གསལ་པོ་ཞིག་དགོས་པའི་བགྲོ་གླེང་རིམ་པ་མང་པོ་ཞིག་བྱས་དང་བྱེད་བཞིན་ཡོད་པ་མ་ཟད། ཉེ་དུས་བོད་རིག་པའི་ཚོགས་ཆེན་སྐབས་ཕྱི་ནང་གི་མཁས་པ་མང་པོས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དཔེ་དེབ་ཐོབ་ཐབས་ལ་འབད་པ་གནང་མཁན་མང་པོ་བྱུང་ཡོད། འོན་ཀྱང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སྲིད་བྱུས་དེར་ངོ་ལོག་རྒྱག་རྒྱུའི་གྲ་སྒྲིག་རིམ་པ་འགྲོ་བཞིན་ཡོད་པ་རེད།

བོད་ནང་འདས་པའི་ལོ་ལྔ་བཅུའི་ནང་ཕྱི་མིག་ལྟ་སྐབས་རྒྱ་དམར་གྱི་བཙན་གནོན་མནར་གཅོད་འོག་༸ཀུན་གཟིགས་བཅུ་པ་མཆོག་གིས་དབུས་པའི་མདོ་དབུས་ཁམས་གསུམ་གྱི་མཁས་པ་རྒན་རབས་མང་དག་ཅིག་གིས་བོད་མི་རིགས་ཀྱི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་དར་སྤེལ་སླད་མི་རབས་གསར་པ་མང་པོ་གསོ་སྐྱོང་བྱས་ཡོད་པ་མ་ཟད། མི་རབས་གསར་པའི་ཁྲོད་ནས་ཀྱང་རང་མི་རིགས་ཀྱི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་ཀྱི་ཆེད་དུ་བློས་གཏོང་བྱས་པ་ཉུང་ཉུང་རྩ་བ་ནས་མིན། དཔེར་ན། ཕྱི་ལོ་ ༡༩༨༨ ལོར་བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་ཕྲུག་ཚོས་བོད་ནང་བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་རང་དབང་དགོས་པའི་ངོ་རྒོལ་ཁྲོམ་སྐོར་བྱས་པ་ནས་བརྩིས་ཏེ་ཕྱི་ལོ་ ༢༠༡༠ ལོའི་ཟླ་ ༡༠ པའི་ནང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མཐོ་འབྲིང་དང་པོ་དང་། ལས་རིགས་ལག་རྩལ་སློབ་གྲྭ། རྨ་ལྷོ་རང་སྐྱོང་ཁུལ་གྱི་སློབ་གྲྭ དེ་བཞིན་ཁྲི་ཀ གཅན་ཚ། བྲག་དཀར་རྫོང་ཁུལ་གྱི་སློབ་གྲྭ་ཁག་གི་སློབ་མ་སྟོང་ཕྲག་མང་པོས་བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་རང་དབང་དགོས་པའི་ངོ་རྒོལ་ཁྲོམ་སྐོར་སྐད་འབོད་བྱས་པ། ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༡༢ པའི་ནང་ཟི་ལིང་གྲོང་ཁྱེར་ནང་རེབ་གོང་། གཅན་ཚ། རྨ་ལྷོ་སོག་རྫོང་། མགོ་ལོག་ཡུལ་ཤུལ། མཚོ་ལྷོ་སོགས་ཀྱི་ས་ཁུལ་ནས་བོད་རིགས་སློབ་མ་དང་དགེ་རྒན་སྟོང་ཕྲག་མང་པོས་བོད་མི་རིགས་ཀྱི་སྐད་ཡིག་སྦྱོང་སྤྱོད་ཀྱི་རང་དབང་དགོས་པའི་ངོ་རྒོལ་ཁྲོམ་སྐོར་མང་པོ་བྱས་ཡོད། ལས་འགུལ་དེ་དག་གི་ཁྲོད་དུ་དགེ་སློབ་མང་དག་ཅིག་ལ་མནར་གཅོད་ཚད་མེད་ཕོག་ཡོད་ཀྱང་ཁོང་ཚོས་རང་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཆེད་དུ་ཡོད་ཚད་བློས་གཏོང་བྱས་ཡོད། ད་དུང་ང་ཚོས་གསལ་པོ་ཤེས་དགོས་པ་ཤིག་ལ་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་སྐུ་ལུས་མེ་བསྲེགས་གནང་མཁན་དེ་དག་གི་ཞལ་འཆེམས་ལ་རེ་རེ་བཞིན་ཞིབ་ལྟ་བྱས་ན་ཁོང་ཚོའི་བློས་གཏོང་ཆེན་པོ་དེ་རང་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཀྱི་ཆེད་དུའང་ཡིན་པ་གསལ་པོ་ཤེས་ཐུབ།

འོན་ཀྱང་དེ་རིང་ཁ་སང་བཙན་བྱོལ་སྤྱི་ཚོགས་འདིའི་ནང་མགོ་བཀའ་ཤག་ནས་དབུ་འཛུགས་ཀྱིས་སྤྱི་སྒེར་མང་པོས་བོད་མི་རིགས་ཀྱི་རིག་གཞུང་དང་སྐད་ཡིག་ལ་སྣང་མེད་བཏང་བ་ཙམ་དུ་མ་ཟད་མཐོང་ཆུང་ཁྱད་གསོད་ཀྱང་བྱེད་ཀྱི་ཡོད། དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཡིག་ཕྱོགས་ཡོངས་ནས་བོད་ཡིག་ནས་ཨིན་ཡིག་ཏུ་བསྒྱུར་བ་མ་ཟད། ཤེས་ཡོན་དང་འབྲེལ་བའི་ལས་གཞི་འཆར་འགོད་མང་པོའི་ནང་བོད་མིའི་རིག་གཞུང་དང་། སྐད་ཡིག་དང་འབྲེལ་བའི་ལས་འཆར་ཁག་ལ་འགྲོ་གྲོན་གཏོང་རྒྱུར་བཀག་འགོག་བྱེད་པ། ཤེས་རིག་ལས་ཁུངས་ཀྱི་སྲོལ་རྒྱུན་ཚན་པར་མཐོང་ཆུང་སྣང་མེད་བཏང་བ། ཤེས་ཡོན་ནམ་སློབ་དེབ་རྩོམ་བསྒྱུར་ཚན་པས་གཞི་རིམ་འཛིན་གྲྭ་བཅུ་པ་བཅུ་གཅིག་བར་གྱི་སློབ་དེབ་རྣམས་བོད་བསྒྱུར་ཟིན་ཡང་ཁ་ཡ་མ་བྱས་པར་བཞག་པ། ཐ་སྙད་གཏན་འབེབས་ཚོགས་ཆུང་ལ་ད་བར་རྣམ་འགྱུར་ངོ་དྲག་པ་གཅིག་ཀྱང་གཏན་མ་བྱུང་ཞེས་སྐད་ཤོར་བ། མཁས་དབང་ཟམ་གདོང་རིན་པོ་ཆེ་དབུ་བཞུགས་ཀྱི་ཤེས་ཡོན་ལྷན་ཚོགས་ནས་འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་སློབ་ཚན་བོད་ཡིག་ནང་སློབ་ཁྲིད་དགོས་པའི་བཀའ་རྒྱ་བཏང་བ་བརྩིས་མེད་ཀྱིས་དྲུང་ཆེས་དབྱིན་ཡིག་ནང་ཁྲིད་དགོས་པའི་བཀའ་རྒྱ་བཏང་སྟེ། ལས་ཁུངས་གཅིག་ལ་བཀའ་རྒྱ་གཉིས་ཀྱི་མགོ་རྙོག་བྱུང་བ། གཞུང་འབྲེལ་བོད་ཡིག་དྲ་བ་དང་དབྱིན་ཡིག་དྲ་བའི་མཐུན་འགྱུར་ལ་དབྱེ་བ་ཡོད་པ་སོགས་སྐྱུག་བྲོ་བའི་བྱེད་སྟངས་མང་དག་ཅིག་ཐོན་བཞིན་ཡོད་ཀྱང་བོད་མི་ས་ཡ་དྲུག་གི་འཐུས་མིར་མིང་བཏགས་པའི་གྲོས་ཚོགས་འཐུས་མི་སུ་གཅིག་གིས་འདི་དག་གི་སྐོར་གྲོས་ཚོགས་ར་བའི་ནང་གླེང་སློང་མ་བྱས་པ་མ་ཟད། འཛིན་སྐྱོང་ནས་གྲོས་ཚོགས་སུ་འབུལ་དགོས་ཡིག་ཆ་བོད་ཡིག་ནང་མ་ཕུལ་བར་དབྱིན་ཡིག་ནང་ཕུལ་ཡང་སྙན་ཞུ་ངོས་ལེན་མ་བྱས་པར་ཕྱིར་སྤྲོད་བྱ་རྒྱུ་ཕར་ཟད་དེའི་སྐོར་ལབ་གླེང་མི་ཡོང་བ་བྱས་པ། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ནང་སློབ་ཕྲུག་དང་དགེ་རྒན་ཁྲི་སྟོང་མང་པོ་ཡོད་ཀྱང་དེ་དག་གིས་བོད་ནང་གི་སློབ་ཕྲུག་དང་དགེ་རྒན་བཞིན་རང་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ། རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་འགན་ཁུར་མ་བསླངས་པར་སྒེར་གྱི་ཁེ་ཕན་གྱི་ཆེད་དུ་འཛུབ་མོས་གང་བསྟན་ཤར་དུ་ངོས་འཛིན་བྱེད་རྐྱང་གིས་སྣང་མེད་བཏང་བ་སོགས་དངོས་གནས་གཞིས་ལུས་བོད་མི་འདས་གསོན་གྱི་རྣམ་ཤེས་ཁྲི་སྟོང་མང་པོའི་མདུན་དུ་སྐྱུག་བྲོ་བའི་ལས་ཀ་མང་དག་ཅིག་ལས་བཞིན་ཡོད།

མདོར་ན་བོད་མིའི་སྒྲིག་འཛུགས་ཕྱི་གསལ་ནང་གསལ་ཡིན་ཡང་ཤེས་རིག་བློན་ཆེན་ལས་ཁང་ནང་འཐབ་ཕྱོགས་གཅིག་འགྱུར་ཁང་གི་ལས་ཀ་བཞིན་ཕྱི་ནང་གཉིས་བྱས་ཏེ་ཡ་མེད་ཇི་ཙམ་འཁྲབ་ཀྱང་གྲོས་ཚོགས་ཀྱིས་མིག་གཤེལ་ནག་པོ་བརྒྱབ་སྟེ་བཞུགས་ཀྱི་ཡོད། སློབ་གྲྭ་ཁག་གི་དགེ་རྒན་དེ་ཚོ་ཡང་རྒྱལ་ཁབ་དང་མི་རིགས་ཤིག་གི་ཤེས་ཡོན་གྱི་མདུན་ལམ་གཤིན་རྗེའི་ཁ་འགྲམ་དུ་སླེབས་ཀྱང་ད་དུང་རང་གི་ཟླ་རེའི་ཟླ་ཕོགས་སྟོང་ཕྲག་ཁ་ཤས་དེ་ཤོར་དོགས་ཀྱིས་སྐད་ཆ་ངོ་དྲག་པ་ཞིག་དང་རྩོམ་ཡིག་འགན་ཡོད་པ་ཞིག་ཀྱང་འབྲི་མ་ནུས་པར་སྐུ་ངོ་སྐུ་དྲག་གསར་པ་དེ་<ཉེ་སྔོན་གཞུང་ཞབས་སྡེ་འགན་ཡན་གྱི་ལས་བྱེད་ཉིས་བརྒྱ་ལྷག་༸གོང་ས་མཆོག་དང་ལྷན་ཞུགས་མོལ་གནང་སྐབས་གོང་ས་མཆོག་ནས་གསུང་དོན། དེང་སང་སྤྱི་ཚོགས་ནང་སྐུ་དྲག་གསར་པ་ཞེས་པའི་སྐད་ཆ་ཞིག་འདུག སྐུ་དྲག་གསར་པ་ང་རང་ཚོས་བྱེད་ཀྱི་ཡོད་པ་རེད། ང་ཚོའི་བཅའ་ཁྲིམས་ནང་སྐུ་དྲག་གསར་པ་ཞེས་བཀོད་མེད། གཟབ་གཟབ་བྱས་ན་མ་གཏོགས། ཞེས་གསུངས་ཡོད།>ཚོའི་ཐུགས་ལ་འཕོག་དོགས་ཀྱིས་ཁུམ་ནས་སྡོད་ཀྱི་ཡོད། བོད་མི་རིགས་རིག་གཞུང་དང་བཅས་པ་རང་གི་མིག་མདུན་དུ་རྒྱ་མིའི་འདོད་དོན་བཞིན་དུ་བོར་འགྲོ་ཡི་ཡོད་ཀྱང་ད་དུང་ཁུམ་ནས་སྡོད་མཁན་འདི་དག་བོད་ནང་གི་དགེ་རྒན་སྟོང་ཕྲག་མང་པོའི་མདུན་དུ་ངོ་གནོང་སྐྱེ་རྒྱུ་མེད་པ་འདི་ཡང་ཡ་མཚན་ཞིག་རེད།

ཐབས་སྐྱོ་བ་ཞིག་ལ་ཉེ་ཆར་གསར་འགྱུར་ཁག་ནང་ཤེས་ཡོན་སྲིད་བྱུས་དང་ཤེས་ལས་ཀྱི་སྐོར་རྩོམ་ཡིག་ཐོན་པའི་རྗེས་སུ་ཉིན་ཞིག་ཤེས་རིག་བཀའ་བློན་དང་དྲུང་ཆེས་ཤེས་རིག་གི་ལས་བྱེད་ཡོངས་རྫོགས་ཚོགས་འདུ་བསྐོང་ཡོད། ཚོགས་འདུའི་ཐོག་ཤེས་རིག་དྲུང་ཆེས་ལས་ཁུངས་ནང་གི་སྐད་ཆ་ཕྱི་ལ་བཤད་པའམ་ཡང་ན་ལས་བྱེད་ནང་རྩོམ་ཡིག་འདྲ་མིན་འབྲི་མཁན་ཡོད་པའི་དོགས་པ་བྱས་ཏེ་གསར་འགྱུར་ཁག་ནང་སྤེལ་བའི་རྩོམ་ཡིག་མང་པོའི་ནང་གི་སྐད་ཆ་ལས་ཁུངས་ནང་གི་སྐད་ཆ་ཡིན་པ་ངོས་ལེན་བྱས་ཡོད། ད་དུང་དེ་ཚོ་སྤྱི་ཚོགས་དཀྲུག་མཁན་རྒྱ་ཕྱོགས་ཀྱི་མི་སྣ་ཡིན་པའི་དོགས་པ་ཡོད་མདོག་གི་སྐད་ཆ་སྐོར་ནས་བཤད་ཡོད། ང་ཚོས་སྤྱིར་བོད་མིའི་སྒྲིག་འཛུགས་ཕྱི་གསལ་ནང་གསལ་དང་། བྱེ་བྲག་ཤེས་རིག་ལྷན་ཁང་ལ་ཤེས་ཡོན་གྱི་རྩ་དོན་དང་འབྲེལ་བའི་གསང་བ་ཡོད་པ་ཤེས་ཀྱི་མེད་ལ་གལ་ཏེ་ཡོད་དབང་དུ་བཏང་ཡང་དེ་དག་ནི་སྤྱི་ཚོགས་ནང་སླེབས་མི་སྲིད། སྤྱི་ཚོགས་ནང་སླེབས་པ་ནི་ཤེས་རིག་བཀའ་བློན་དང་དྲུང་ཆེ་ཚོས་ཤེས་ཡོན་སྲིད་བྱུས་ཀྱི་འབག་གྱོན་ནས་ཕྱི་ནང་མི་མཚུངས་པའི་ལས་ཀ་གཉིས་བྱས་པའི་བྱས་ཉེས་དེ་ཚོ་རེད། མདོར་ན་ཁོ་པ་ཚོའི་བྱས་ཉེས་ཁྱབ་བསྒྲགས་བྱས་པར་ལས་ཁུངས་ཀྱི་གསང་བ་ཕྱི་ལ་བཤད་པའི་ནག་ཉེས་འཛུགས་རྒྱུའི་འཇིགས་བསྐུལ་བྱས་པ་ནི་སྐྱག་དྲི་བྲོ་བ་ཞིག་རེད། ཁོ་པ་ཚོས་བོད་མི་རིགས་རིག་གཞུང་དང་བཅས་པ་ཉམ་ངའི་གནས་སུ་ལྷུང་བའི་དུས་སྐབས་འདི་འདྲར་མི་རིགས་ཀྱི་ཤེས་ཡོན་མདུན་ལམ་ལ་རྩེད་མོ་རྩེས་པ་འདི་དོན་དངོས་ཐོག་རྒྱ་མིའི་འདོད་དོན་བསྒྲུབ་ཀྱི་ཡོད་པ་མི་ཤེས་སམ། ཤེས་རིག་ལས་ཁུངས་ནང་གི་ལས་བྱེད་ངོ་དྲག་པ་ཚང་མ་ང་སྡོད་ཀྱི་མིན་ཁོ་སྡོད་ཀྱི་མིན་ཞེས་རྩ་དགོངས་ཞུ་བ་དང་གནས་སྤོས་ལ་རེ་བ་བྱེད་ཀྱི་ཡོད་པ་འདི་དག་རྒྱུ་མཚན་ཅི་ཡིན་བསམ་བློ་ཐོངས་ཤིག ད་དུང་འདིར་ཉེ་ཆར་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་ཤེས་ཡོན་སྲིད་བྱུས་ལ་ཤེས་ནས་དད་པ་ཐོབ་པ་ཕུལ་བྱུང་ལས་བྱེད་སྐལ་བཟང་དབང་འདུས་ལགས་དགོངས་ཞུ་དང་འབྲེལ་བའི་གནས་ཚུལ་མང་པོ་ཞིག་གླེང་མེད།

ད་སྡོམ་ཚིག་ཅིག་བཀོད་ན་ང་ཚོས་འདིར་མང་པོ་ཞིག་བཤད་པའི་དགོས་དམིགས་ནི་གལ་ཏེ་ཤེས་རིག་ལྷན་ཁང་གིས་གྲོས་ཚོགས་ནས་གཏན་ལ་ཕབ་པའི་ཤེས་ཡོན་སྲིད་བྱུས་དེ་ཕྱག་བསྟར་གནང་གི་མིན་ན་ཤེས་རིག་ལྷན་ཁང་གི་ཤེས་ཡོན་སྲིད་བྱུས་གསར་པ་འདི་ཡིན་ཞེས་གྲོས་ཚོགས་ནང་བསྣམས་ཕེབས་ཤོག དེ་ལ་ང་ཚོས་བཤད་རྒྱུ་གང་ཡང་མེད། གལ་ཏེ་ཤེས་ཡོན་སྲིད་བྱུས་ད་ཡོད་ཀྱི་གྲོས་ཚོགས་ནས་གཏན་འབེབས་གནང་བ་དེའི་ཐོག་ཕེབས་རྒྱུ་ཡིན་ན་དེའི་ཐོག་ནུས་ཤུགས་སྤུངས་ནས་འབད་བརྩོན་གནང་དགོས་འདུག དེ་གཉིས་གང་ཡང་མིན་པའི་ཕར་ཡིན་ཚུར་ཡིན་ཁ་ཞེ་མི་མཚུངས་པའི་སྲིད་བྱུས་འཛིན་ན་འགྲིག་གི་མི་འདུག ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་དགོས་འདུག་ཟེར་མཁན་མདུན་དུ་ལག་བསྟར་བྱེད་ཀྱི་ཡིན་ཞེས་དང་། ལག་བསྟར་བྱས་ན་འགྲིག་གི་མི་འདུག་ཟེར་མཁན་གྱི་མདུན་དུ་ལག་བསྟར་བྱེད་ཀྱི་མིན་ཟེར་ནས་ཉི་མ་ཕུད་ནས་འགྲོ་བ་འདི་དོན་དམ་པར་ཤེས་རིག་བློན་ཆེན་ལྷན་ཁང་ཞིག་ལ་ཤེས་ཡོན་གྱི་ལྟ་གྲུབ་མེད་པ་ཙམ་དུ་མ་ཟད། དེའི་བར་ན་སློབ་ཕྲུག་མང་པོའི་རྣམ་དཔྱོད་དམར་གསོད་གཏོང་གི་ཡོད་པ་གསལ་པོ་རེད། དེ་འདྲ་གནང་ན་འགྲིག་གི་མི་འདུག་ཞུ་ཡི་ཡོད། གནས་ཚུལ་འདིའི་ཐོག་ནས་ཤེས་རིག་ལྷན་ཁང་ནང་གི་ལས་བྱེད་རྒན་གཞོན་བར་གསུམ་ནང་གི་སྐབས་འཚོལ་བ་རེ་གཉིས་མ་གཏོགས་མང་པོ་ཞིག་གི་སེམས་པ་ཤི་ཚར་འདུག་པས་འདིའི་ཐོག་ལའང་བཀའ་སྤྱི་གཉིས་ནས་དགོངས་པ་བཞེས་དགོས་ཀྱི་འདུག གྲོས་ཚོགས་འཐུས་མི་ཚོས་འཛིན་སྐྱོང་བཀའ་ཤག་གི་ཞབས་འོག་ཏུ་ཁུམ་ནས་བཞུགས་པ་འདི་གྲོས་ཚོགས་ཀྱི་མཚན་གནས་དང་མཐུན་ནམ། མདོར་ན་བཙན་བྱོལ་བོད་མིའི་ཤེས་ཡོན་གྱི་ཁ་ཕྱོགས་དེ་བོད་མི་རིགས་རིག་གཞུང་དང་བཅས་པའི་ཆེད་དུ་འཛིན་རྒྱུ་ཡིན་ནམ། ཡང་ན་བཙན་བྱོལ་ནང་གི་བོད་མི་འབུམ་གཅིག་ལྷག་གི་མདུན་ལམ་གྱི་ཆེད་དུ་འཛིན་རྒྱུ་ཡིན། འདི་ངེས་པར་དུ་ཁ་གསལ་དགོས།།

གལ་ཏེ་སྐད་ཡིག་འདི་མཇུག་རྫོགས་ཤིང་ནུབ་སོང་ན་མི་རིགས་ཀྱི་མཇུག་ཀྱང་རྫོགས་སོང་བ་རེད། སྐད་ཡིག་ཉམས་ཏེ་དེའི་ཤུལ་ན་ད་དུང་ཡང་མི་རིགས་མ་ཉམས་པར་རིག་གནས་ཚང་མ་ཡང་དག་པར་གནས་བསྡད་ཡོད་མཁན་ཞིག་ཨེ་འདུག་ལྟོས་དང་།

                        ་་་་་་་་་་་་་་་་་་་་་་་་་་་་་་་་་་་མཁན་པོ་ཚུལ་ཁྲིམས་བློ་གྲོས།

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༡༨ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༨ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༢༢ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 5

  1. བསྟན་པ། says:
    ལོ་ 13 སྔོན།

    ད་ལྟའི་བཀའ་ཤག་གི་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ལས་དོན་གལ་ཆེ་སྣ་གཅིག་ཀྱང་མ་སྤེལ་བ་དངོས་གནས་སྲིད་སྐྱོང་གི་ང་ཚོའི་བོད་མི་རིགས་ཀྱི་སྲོལ་རྒྱུན་ཤེས་རིག་ལ་གཟིགས་སྟངས་ཇི་འདྲ་ཞིག་ཡོད་མིན་དཔོགས་ཐུབ། ལྷག་པར་ཨ་སྒོར་ས་ཡ་གཉིས་བོད་ཀྱི་ཐེབས་རྩ་བརྒྱུད་ཨ་རི་ནས་བྱུང་བའི་ནང་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ལས་འཆར་ད་བར་གཅིག་ཀྱང་མཐོང་མ་སོང་།

    ད་དུང་གཞུང་དངུལ་དེ་དག་གྲོས་ཚོགས་ཀྱི་སྔོན་རྩིས་དང་རྩིས་ཞིབ་ཀྱི་རྒྱ་ལས་བརྒལ་བར་བརྟེན་ལས་རིགས་གང་དང་གང་གི་ནང་གཏོང་གི་ཡོད་མིན་དགོས་པ་ཡོད། རྒྱ་གར་སྒེར་གྱི་ཚོགས་པ་དང་རང་གི་དགའ་ཉེ་བློ་མཐུན་གྱི་ཚོགས་པ་དེ་འདྲར་འགྲོ་སོང་མང་པོ་གཏོང་བཞིན་འདུག་པས་རིམ་པས་ངས་ཞིབ་འཇུག་བྱེད་ངེས་ཡིན།

    Reply
  2. བསྟན་པ། says:
    ལོ་ 13 སྔོན།

    སྐལ་བཟང་རྣམ་རྒྱལ་ལགས། ངོ་མ་རྩོམ་ཡག་པོ་ཞིག་འདུག་པས་ཐུགས་རྗེ་ཆེ་ལན་མང་ཞུ།།

    Reply
  3. ཚེ་རིང་རྡོ་རྗེ། says:
    ལོ་ 13 སྔོན།

    གཡག་ཕྲུག་རྣམས་ནི་མ་ཧེའི་ཁྱུ་རུ་བསྲེས།།
    ནས་ཀྱི་ས་བོན་ལྡ་ལིའི་ཞིང་དུ་བཏབ།།
    ར་མ་ལུག་གི་རིགས་རྒྱུད་སྤེལ་ས་ན།།
    རང་གི་ངོ་བོ་འཛིན་པའི་བཀའ་ཁྲི་དཀོན།།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་་་་་་་་ཉི་མ་ཕུད་ནས་འགྲོ་བ་འདི་དོན་དམ་པར་ཤེས་རིག་བློན་ཆེན་ལྷན་ཁང་ཞིག་ལ་ཤེས་ཡོན་གྱི་ལྟ་གྲུབ་མེད་པ་ཙམ་དུ་མ་ཟད། དེའི་བར་ན་སློབ་ཕྲུག་མང་པོའི་རྣམ་དཔྱོད་དམར་གསོད་གཏོང་གི་ཡོད་པ་གསལ་པོ་རེད། དེ་འདྲ་གནང་ན་འགྲིག་གི་མི་འདུག་ཞུ་ཡི་ཡོད།
    གནས་ཚུལ་འདིའི་ཐོག་ནས་ཤེས་རིག་ལྷན་ཁང་ནང་གི་ལས་བྱེད་རྒན་གཞོན་བར་གསུམ་ནང་གི་སྐབས་འཚོལ་བ་རེ་གཉིས་མ་གཏོགས་མང་པོ་ཞིག་གི་སེམས་པ་ཤི་ཚར་འདུག་པས་འདིའི་ཐོག་ལའང་བཀའ་སྤྱི་གཉིས་ནས་དགོངས་པ་བཞེས་དགོས་ཀྱི་འདུག
    ་་་་་་་་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ཀུན་གཟིགས་༸པཎ་ཆེན་བཅུ་པ་མཆོག་གིས།
    བོད་ཡིག་ཁྲིད་ན་མདུན་ལམ་མེད་ཟེར་བ་དེ་མདུན་ལམ་ཡོད་པར་བསྒྱུར་དགོས་པ་དང་། བོད་ཡིག་བསླབས་ན་ཟ་ཕོར་མེད་ཟེར་བ་དེ་ཟ་ཕོར་ཡོད་པར་བསྒྱུར་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese