མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱང་ཀི་གཉིས་ཀྱི་ལྟོ་ཟན་དུ་གྱུར་བའི་ཤ་གཟན་ཚོན་པོ་ཞིག

བོད་ཀྱི་དུས་བབ།
༢༠༡༣/༠༩/༢༢
Share on FacebookShare on TwitterShare on EmailShare on Whatsapp

མི་ཞུན།    ཝཱཎའི་མཐོ་སློབ།

ཝཱཎ་མཐོ་སློབ་ཀྱི་གསོ་རིག་སྡེ་ཁག་གི་སློབ་གཉེར་བ་རྣམས་ལ་ལོ་རེ་བཞིན་རྒྱ་གར་གྱི་མངའ་ཁོངས་སུ་ཡོད་པའི་ས་གནས་ས་ཐོག་མི་འདྲ་བ་མང་པོ་ཞིག་ལ་སྔོ་སྨན་ངོས་འཛིན་གྱི་ལག་ལེན་མྱོང་གོམས་ཆེད་སྦྱོང་དུ་བསྐྱོད་པའི་ལས་གཞི་ཞིག་ཡོད།   ལོ་སྔོན་མར་ཧི་མ་ལ་ཡའི་ས་ཁུལ་གྱི་གཡས་གཡོན་མ་ན་ལི་དང་རོ་འཕྲང༌། གར་ཞ། སྤི་ཏི་ལ་སོགས་པར་སོང་བ་དང༌།  ད་ལོ་ཨ་རུ་ན་ཅལ་མངའ་སྡེའི་ཁོང་གཏོགས་མོན་རྟ་དབང་ས་ཁུལ་གྱི་གཡས་གཡོན་ལ་ཕྱིན་པ་ཡིན།  བླ་མེད་ཀྱི་བཤེས་གཉེན་ཆེན་མོ་རྒན་དགྲ་འདུལ་རྣམ་རྒྱལ་ལགས་ཀྱི་བྱམས་བརྩེ་དང་ཐུགས་འཁུར། ལྷག་བསམ་དང་སྣེ་ཁྲིད་ཀྱི་ལམ་སྟོན་བཟང་བོའི་འོད་ངོགས་སུ་ང་དང་ངའི་འཛིན་གྲོགས་ཚོ་ལ་བདེ་སྣང་གི་ཚོར་བ་ཟད་མེད་རག་ཅིང༌། སྔོ་སྨན་གྱི་གྲོགས་པོ་བརྒྱ་ཕྲག་ཐོབ།  བྱིན་ཅན་གྱི་གནས་ཆེན་མང་པོ་དང༌།  ས་གནས་ཀྱི་ལོ་རྒྱུས་མང་པོའི་སྒྲུང་གཏམ་འདྲ་མིན་གྱི་ཐོས་པ་གྲངས་མེད་བརྙེས་སུ་བཅུག 

ལྷག་པར་དུ།  ང་ལ་མཚོན་ན་ས་མཆོག་སྟོང་གི་ནང་སྙིང་འདྲ་བོ་དང་སྟོང་དཀྲུགས་འོ་མའི་མར་ལོ་འདྲ་བོ། ཚོན་པོ་ལུག་གི་བྲང་མགོ་འདྲ་བོ་དང་དོན་ལྔ་སྣོད་ཀྱི་སྙིང་མགོ་འདྲ་བོའི་ས་ཆ་ལྟ་ན་སྡུག་ཅིང་ཡིད་དབང་འགུག་ནུས་ཀྱི་མཛེས་པ་འགྲན་ཟླ་བྲལ་བ་ཞིག་གི་ཐོག་ལ་རྐང་པ་སྤོ་བའི་སྐལ་བཟང་ཐོབ་པ་ལ་བརྟེན་ནས་རང་གི་མེས་པོའི་རྒྱལ་ཁབ་ཀྱི་གྱོང་གུད་དང་འབྲེལ་བའི་སྐོར་ལ་ཡང་བཤད་མི་ཤེས་པའི་ཚོར་བ་རྣོན་པོ་ཞིག་བསླེབས་སོང༌།   ལར་ནས་ང་ནི་ཆབ་སྲིད་གླེང་དུས་སྙིང་ན་ཞིང་ཆབ་སྲིད་གོ་ན་མགོ་གཟེར་བའི་རིགས་སུ་གཏོགས་པ་དང་རང་གི་ཆེད་སྦྱོང་ཡང་ཆབ་སྲིད་དང་གཏན་འབྲེལ་མེད་པའི་གཞུང་ལུགས་ཤིག་ཡིན་མོད།  འོན་ཀྱང༌།  ཚོར་བ་ནི་འགོག་ཏུ་མི་ནུས་པའི་ཐུར་འདྲིལ་གྱི་རྦབ་རྡོ་ཞིག་དང་འདྲ་བས་དངོས་སུ་མིག་གིས་མཐོང་ཞིང་རྣ་ཡིས་གོ་བ་ཐམས་ཅད་ཀྱི་བདེན་པ་ལ་གཡོལ་ཏེ། ཁུ་སུམ་གྱི་བརྟུལ་ཞུགས་འཛིན་རྒྱུ་འདི་ཡང་འབྲས་ནད་ཀྱིས་མནར་བའི་ནད་རོ་བཞིན་ཤིན་ཏུ་བསྲན་དཀའ་བའི་ལས་ཤིག་རེད་ཨང༌།  དེ་ལ་བརྟེན།  ཐེངས་འདིའི་འགྲུལ་སྐྱོད་ལས་གཞིའི་མཐོང་ཐོས་དང་འབྲེལ་བའི་ཚོར་བ་རྣོན་པོ་དེ་ཡང་གཏེར་སྦས་སུ་མ་བཏབ་པར་སྐད་གདངས་མཐོན་པོས་བཤད་པ་ཡིན་ན།  ང་དང་ངའི་དགེ་གྲོགས་ཚོ་ཕྱི་ལོ་ ༢༠༡༣ ལོའི་ཟླ་ ༨ པའི་ཚེས་ ༡  ཉིན་གྱི་ཕྱི་དྲོའི་ཆུ་ཚོད་བཞི་བའི་སྟེང་ཝཱཎ་མཐོ་སློབ་ཀྱི་ར་སྐོར་ལས་ཐོན་ཏེ་ཨ་སམ་གྱི་རྒྱལ་ས་གྷོ་ཧ་ཊེ་ལ་འབྱོར་བ་དང༌།  དེ་ནས་ཐད་ཀར་དུ་བསྟན་འཛིན་པུར་ལ་བསྐྱོད།  བསྟན་འཛིན་པུར་ནས་འབུམ་སྡེ་ལ་དང༌། དེ་ནས་རྡི་རང༌། དེ་ནས་འཇང༌། དེ་ནས་སེང་གེ་རྫོང༌། དེ་ནས་ཟེ་ལ།  ཟེ་ལ་ནས་རྟ་དབང༌།  རྟ་དབང་ནས་སྨན་པ་རྒྱ་ལམ། དེ་ནས་ཇག་ཚང༌།  དེ་ནས་འབུམ་ལ།  འབུམ་ལ་ནས་སྟག་ཚང༌།  བཅས་གྷོ་ཧ་ཊེ་མ་བརྩིས་པ་ཡིན་ན་ཁྱོན་བསྡོམས་ས་གནས་ཁག་མ་འདྲ་བ་ ༡༡ ལྷག་ལ་སྐོར་སྐྱོད་བྱས་པ་ཡིན།  སྤྱིར་ང་ཚོའི་དམིགས་ཡུལ་གཙོ་བོ་སྔོ་སྨན་ངོས་འཛིན་མ་གཏོགས་ས་གནས་ལོ་རྒྱུས་ཞིབ་འཇུག་བྱེད་པ་དེ་འདྲ་རྩ་བ་ཉིད་ནས་མ་རེད་དེ།  གདོང་དམར་བོད་ཀྱི་ཁྲག་རྒྱུན་ལུས་ཟུངས་སུ་ཟིན་པའི་མི་སུ་འདྲ་ཞིག་ཡིན་ནའང་ས་འདིའི་ཐོག་ལ་བསྐྱོད་པ་ཡིན་ན། ཚོར་བ་སྐྱིད་པོ་སྐྱིད་པོ་ཞིག་སླེབས་པ་ཙམ་དུ་མི་ཟད་པ་དང་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་གྱོང་གུད། ཉམས་ཆགས། ཕམ་ཁ། སྡུག་བསྔལ། སོགས་ཀྱི་སྐོར་ལ་ཡང་ཞར་དང་ཞོར་ནས་བསམ་གཞིགས་ཀྱི་དང་ག་མ་ཕྱེས་ན་མི་འགྲིག་པ་འདྲ་བོ་ཞིག་གི་ཚོར་བ་ཏན་ཏན་སླེབས་ཡོང་གི་རེད།    ཨ་སམ་གྱི་རྒྱལ་ས་གྷོ་ཧ་ཊེ་ནས་བསྟན་འཛིན་པུར་བར་དུ་སྤྱི་ལེ་ ༡༦༦ ཚེག་གཅིག་ཡིན་པ་དང་བསྟན་འཛིན་པུར་ནས་འབུམ་སྡེ་ལ་བར་དུ་སྤྱི་ལེ་ ༡༤༨ ཡོད།  འབུམ་སྡེ་ལས་ནས་རྟ་དབང་བར་དུ་སྤྱི་ལེ་ ༢༣༦ཚེག་ ༧ ཡོད། 

རྟ་དབང་ནས་ད་ལྟའི་བོད་ཀྱི་ས་མཚམས་འབུམ་ལ་བར་དུ་སྤྱི་ལེ་ ༦༠ ཡོད།  སྤྱིར་འབུམ་ལ་མ་གཏོགས་པའི་ས་མཚམས་གཞན་པ་ཡང་ཡོད་མོད། འོན་ཀྱང༌། ང་ཚོ་འགྲོ་མྱོང་སའི་ས་ཆ་འདི་རང་ཡིན། ཁྱོན་བསྡོམས་འབུམ་སྡེ་ལ་ནས་བརྩིས་པ་ཡིན་ན་སྤྱི་ལེ་ ༢༩༦ ཚེག་བདུན་ལྷག་གི་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་ ༢༠༨༥ ལྷག་ཅིག་ད་ལྟའི་རྒྱ་གར་གྱི་ལྟོ་ཟན་དུ་གྱུར་བའི་ས་ཆ་རུ་གྱུར་ཡོད།  ས་ཆ་འདི་ནི་བོད་ཀྱི་ལྷོ་ཁ་ས་ཁུལ་གྱི་མཚོ་སྣ་ཞེས་པ་དང་འདྲེས་ཡོད་ལ་རྒྱ་གར་གྱི་བྱང་ཕྱོགས་ས་ཁུལ་དུ་གནས་ཡོད།  བོད་ཀྱི་རྒྱལ་ས་ལྷ་ས་ནས་ལྷོ་ངོས་སུ་སྤྱི་ལེ་ ༥༥༩ ལྷག་བགྲོད་པ་ཡིན་ན་ས་འདི་ལ་བསླེབས་པ་ཡོད། ས་འདི་བོད་ཀྱི་གཙང་སྟོད་ས་ཁུལ་གྱི་རི་ལུང་ཐམས་ཅད་རྡོ་ཡིས་ཁེངས་པ་ལྟ་བུ་ཞིག་གཏན་ནས་མ་རེད་ལ་སྤི་ཏི་དང་ལ་དྭགས་ནང་བཞིན་སྡོང་ལོ་སྔོན་པོ་རྐང་གཅིག་ཀྱང་མཐོང་རྒྱུ་མེད་པའི་བྱེ་མ་རྐྱང་རྐྱང་གི་ལུང་པ་ཞིག་ཀྱང་རྦད་དེ་མ་རེད།  འབྲུ་རིགས་སྣ་ལྔ་གཙོས་པའི་ལོ་ཏོག་སྣ་ཚོགས་ཀྱི་ཐོན་ཁུངས་ཧ་ཅང་ཕྱུག་ཅིང༌།  འབྲས་ལྡན་གྱི་ཤིག་ཏོག་འདྲ་མིན་དང༌།  བཅུད་ལྡན་གྱི་སྔོ་ཚལ་སྣ་ཚོགས། མཛེས་ལྡན་གྱི་མེ་ཏོག་གྲངས་མེད།  དྲི་ལྡན་གྱི་ཤུག་སྡོང་དང་གསོམ་སྡོམ། སྒྲོན་ཤིང༌། སོགས་ཀྱི་ཤིང་ནགས་སྟུག་པོ། ལྷག་པར་དུ་ཕན་ནུས་རྫོགས་ལྡན་གྱི་སྔོ་སྨན་རི་ལུང་ཐམས་ཅད་ལ་མ་ཁྱབ་པ་མེད་པ་བཅས་ཀྱི་རང་བྱུང་གི་ཐོན་ཁུངས་རྩེ་གྲ་ཞིག་ཏུ་ཆགས་འདུག  

ལར་ནས། རྒྱ་གར་གྱིས་རྒྱ་ནག་བཞིན་བོད་ལ་སིམ་འཛུལ་བྱས་ཏེ་ས་འདི་སྔར་ནས་བཙན་འཕྲོག་བྱས་པའི་སྐད་ཆ་ནི་དངོས་གནས་མ་རེད་དེ།  ཕྱི་ལོ་ ༡༩༡༤ ལོའི་ཡར་སྔོན་དུ་བོད་ཀྱི་ས་ཆ་དང་བོད་ཀྱི་མངའ་འབངས་བཀྲུས་ན་མི་དག་པ་དེ་ཡིན་པ་ནི་ཁུངས་ལྡན་རྒྱལ་རབས་ལོ་རྒྱུས་རྣམས་སུ་གསལ་གསལ་ཐིང་ཐིང་ཡིན་ལ་ད་ལྟའི་མོན་པ་བ་རྣམས་ཀྱི་ཡུལ་སྲོལ་དང་གོམས་གཤིས། སྐད་རིགས་དང་ཡི་གེ  རིག་གཞུང་དང་ཆོས་ལུགས།  འཚོ་ཐབས་དང་འཚོ་གནས་སོགས་ཀྱི་ཐད་ནས་ཀྱང་ཕར་ལ་འདྲི་མི་དགོས་པར་ཚུར་ལ་སྐད་ཆ་གསལ་བོ་བཤད་ཡོང་གི་ཡོད།

རྟ་དབང་ཟེར་བ་ནི་དུས་རབས་བཅོ་བརྒྱད་པའི་ནང་དུ་མེ་རག་བླ་མ་བློ་གྲོས་རྒྱ་མཚོ་ཡིས་མིང་གིས་བཏགས་པ་ཞིག་ཡིན་ཚུལ་བཤད་ཀྱི་འདུག་པ་དང་མོན་ཟེར་བ་ནི་བོད་ཀྱི་སྔ་རབས་ལོ་རྒྱུས་དེབ་ཐེར་རྙིང་བ་དང་གེ་སེར་རྒྱལ་བོའི་སྒྲུང་ལྟ་བུ་དག་གི་ནང་ལ་ཡང་མོན་དང་མོན་ཡུལ་ཞེས་པའི་ཐ་སྙད་འདི་མང་དུ་མཆིས། དཔེ་ན། གླིང་སྒྲུང་གི་ནང་དུ་གེ་སེར་རྒྱལ་བོས་མོན་གྱི་ཨ་གྲག་དྲུག་ཅུ་དམར་གསོད་བྱས་པ་དང༌། མོན་གྱི་ཕྱོགས་བཞིའི་རྫོང་བཞི་བླངས་པ།  ཟླ་བ་ཁྲབ་བཙན་གསོན་བཟུང་བྱས་པ།  ཤིང་ཁྲི་རྒྱལ་བོའི་སྙིང་གཏོར་བ།  གཞན་ཡང༌། མོན་བཟའ་མེ་ཏོག་ལྷ་མཛེས་ལྷ་རྒོད་འབུམ་ལུའི་ཆུང་མར་བསུས་པ་སོགས་ཀྱི་སྐོར་མང་པོ་འཁོད་ཡོད། བོད་བཙན་པོའི་སྐབས་སུ་ཡང་བོད་བྱང་ཕྱོགས་ཀྱི་གྲུ་གུ་བ་མང་པོ་ཞིག་ལྷོ་ཕྱོགས་མོན་ལ་བསྐྱལ་བ་དང༌། མོན་གྱི་མི་སྡེ་མང་པོ་ཞིག་བྱང་དུ་སྤོར་བཅུག་པའི་ལོ་རྒྱུས་ཡོད། རྒྱལ་རབས་གསལ་བའི་མེ་ལོང་ལས་ཀྱང༌། ལྷོ་ཕྱོགས་མོན་གྱི་རྒྱལ་པོ་རྣམས་ལྷ་སྲས་གཙང་མའི་གདུང་རྒྱུད་ཡིན། ཞེས་གསལ་ཡོད།

ྋརྒྱལ་དབང་ཐམས་ཅད་མཁྱེན་པ་ལྔ་པ་ཆེན་པོས། ཁམས་ཡེ་སང་དཀར་པོ་གནམ་གྱི་འཇུ་ཐག་ཅན་དང་གཅིག ཡེ་སྨོན་ནག་པོ་ཁྲོ་ཆུའི་ཕ་བོང་འདྲ་བ་དང་གཉིས། སྤྱང་ཁྲིག་ཡེ་ཤེས་ལྷའི་སྒྲོན་མེ་དང་གསུམ། མོན་རྫུ་ནག་པོ་ཁྱིའི་རྔ་ལྗང་ཅན་དང་བཞི། ཞེས་གསུངས་པ་དང༌། གཞན་ཡང་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་དུའང་དེ་ལྟར་གསལ་བ་དང༌། དེ་ལས། མོན་ཞེས་པ་ནི། བོད་ཀྱི་ཐོག་མའི་རུས་མིང་ཞིག་ཡིན་པར་བསྟན་ཡོད་པས། ཐོག་མར་མོན་བོད་གཉིས་ནི་ཕ་གཅིག་ལས་མཆེད་པའི་སྤུན་དང༌། ཁྱིམ་གཅིག་ནས་གྱེས་པའི་རུས་མཚེས་ཡིན་ཞེས་སྦས་ཡུལ་སྐྱིད་མོ་ལྗོངས་ཀྱི་ཆོས་འབྱུང་དུ་གསལ་ཡོད།  

ྋརྒྱལ་མཆོག་དྲུག་པ་ཆེན་པོས་མཛད་པ། འཁོར་བའི་རྒྱ་མཚོ་སྒྲོལ་བའི་གྲུ་ཆེན་ཞེས་བྱ་བ་ལས། འབྲོམ་གྱིས་མཛད་པའི་བོད་ཀྱི་བཤད་པ་ལས། སྤྱི་མིང་ཁ་བ་ཅན་ལྗོངས་ལ། སྒོས་མིང་དབུས་གཙང་ཁམས་གསུམ་ཟེར། དྭགས་ཀོང་ལོང་པོ་ཉང་དང་བཞི། མཐའ་འཁོབ་བྱང་ཐང་འབྲོག་དང་ལྔ། ཡུལ་གྱི་ས་བཅད་བརྒྱད་དུ་གནས། མངའ་རིས་ལ་ཡང་རྣམ་པ་གསུམ། གཙང་ལ་གཡས་རུ་རུ་ལག་གཉིས། ཟར་དང་འབྲི་མཚམས་ལྷོ་མོན་གསུམ། ཧད་དང་རུ་མཚམས་འོད་ཡུག་ཤངས། ལུང་ལག་ལུང་ཕན་ཉིས་བརྒྱ་བདུན།  ཞེས་དང་མོན་འདི་སྔར་དགའ་ལྡན་ཕོ་བྲང་གི་མངའ་ཞབས་སུ་མཆིས་སྐབས། རྟ་དབང་བཞི་སྦྲེལ་དང་དྲུག་སྦྲེལ་གྱི་འོག་ཏུ་གྱང་མཁར་རྫོང་དང༌། སེངྒེ་རྫོང༌། རྡི་རང་རྫོང༌། སྟག་ལུང་རྫོང་བཅས་རྫོང་ཁག་བཞི་དང༌།  ཚོ་ལྡིང་སོ་གཉིས་སུ་དབྱེ་ནས་ཡོད་ཅེས་སྦས་ཡུལ་སྐྱིད་མོ་ལྗོངས་ཀྱི་ཆོས་འབྱུང་ན་གསལ་ཡོད།

ྋརྒྱལ་དབང་དྲུག་པ་ཚངས་དབྱངས་རྒྱལ་མཚོའི་འཁྲུངས་ས་འཁྲུངས་ཡུལ་ཀྱང་མོན་ནས་ཡིན་པ་དང་ད་ལྟ་ད་དུང་ཡང་ཁོང་གི་འཁྲུངས་ཁང་མ་བཤིག་མ་བརླགས་པར་དངོས་སུ་མཇལ་རྒྱུ་ཡོད།  གཞན་ཡང༌།  བོད་ཀྱི་རྣམ་ཐར་གྲགས་ཅན་འགྲོ་བ་བཟང་མོའི་འཁྲུངས་ས་འཁྲུངས་ཡུལ་ནི་མོན་ཡིན་ལ་རྒྱལ་བོ་ཀཱ་ལ་དབང་པོའི་བཙོན་ཁང་དང༌། བདུད་མོ་ཧཱ་ཤང་གི་གཞིས་ཁྱིམ་སོགས་ཀྱང་ད་ལྟ་དངོས་སུ་མིག་གིས་མཐོང་རྒྱུ་ཡོད།

གང་ལྟར་སྦས་ཡུལ་སྐྱིད་མོ་ལྗོངས་ཀྱི་ཆོས་འབྱུང་དུ་ལེགས་པོ་ཚོ་བཞི་དང༌། ཤ་འུག་བཅས་བཞི་རྒྱ་མིས་བཙན་བཟུང་བྱས།  མོན་ཡུལ་བྱིངས་ཕྱི་ལོ་ ༡༩༥༡ ལོ་ནས་རྒྱ་གར་གྱིས་དབང་བྱས་པ་ཡིན་ཞེས་གསལ་བར་གསུངས་ཡོད་པ་ལ་བལྟས་ན།  མོན་ཡུལ་འདི་རང་རྒྱལ་བོད་ཁམས་ཀྱི་མངའ་ཁོངས་དང་མོན་པ་རྣམས་རང་རྒྱལ་གྱི་མངའ་འབངས་གཤའ་མ་ཡིན་པ་ལ་ལུང་དང་རིག་པ་གང་གིས་ཀྱང་བསྙོན་དུ་མི་ནུས་པའི་ཚད་ཤིང་གི་དམ་རྟགས་ཤིག་ཏུ་འདོད་པ་དང་གོང་གི་ལུང་འདྲེན་རྣམས་ཀྱང་དགོས་པ་ལྷག་མ་ཞིག་ལས་མ་འདས།  འོན་ཀྱང༌། བདེན་པ་གོ་ལྡོག་གི་དུས་སྐབས་སུ་རང་ས་རང་དབང་དང་རང་ཁ་རང་སྤྱོད་ཀྱི་གོ་ཐོབ་ནི་རྟ་ཡི་རྔ་རྐང་ལས་ཀྱང་ཕྲ་བས་བོད་ཀྱི་ས་ཆ་ནི་ལུག་ཤ་གཟན་ཞིག་དང་བོད་པ་རྣམས་ལུག་རྫི་ཞིག་ཡིན་པའི་དབང་དུ་བཏང་ན་དངོས་གནས་སྙིང་རྗེ་ཞིང༌། ཡིད་མུག་པ། སེམས་སྐྱོ་ཞིང༌། སྡུག་བསྔལ་བ་ཞིག་རེད་ཨང་བསམ་པ་དྲན་བྱུང༌།

ས་འདི་ག་འདྲ་བྱས་ནས་རྒྱ་གར་གྱི་མངའ་ཁོངས་སུ་ཤོར་བ་རེད་དམ་ཟེར་ན་དེ་ནི་ཕྱི་ལོ་ ༡༩༡༤ ལོའི་ཟླ་ ༡༠ བའི་ཚེས་ ༡༣ ཉིན་བོད་དང་དབྱིན་ཇི་གཉིས་ཀྱི་བར་ལ་བཞག་པའི་སྐབས་ཀྱི་སིམ་ལའི་ཆིངས་ཡིག་གི་ནང་དུ་མེག་མ་ཧོན་ས་ཐིག་ཅེས་པ་ཞིག་བརྒྱབ་པ་དེ་ལས་ཤོར་བའི་ས་ཆ་ཞིག་རེད་འདུག  སྐབས་དེར་རྒྱ་གར་དབྱིན་གཞུང་གི་སྐུ་ཚབ་མེག་མ་ཧོན་དང་བོད་གཞུང་སྐུ་ཚབ་བློན་ཆེན་བཤད་སྒྲ རྒྱ་ནག་གི་སྐུ་ཚབ་ཨན་ཕན་ཅན་སོགས་ཕྱོགས་གསུམ་གྱི་སྐུ་ཚབ་དབང་ཚད་འདྲ་མཉམ་ཐོག་ཚོགས་ཞུགས་བྱ་རྒྱུ་མོས་མཐུན་བྱས་པ་ལ་བརྟེན་ནས་རྒྱལ་ཁབ་གསུམ་གྱི་ལྷན་ཚོགས་ ༡༩༡༣ ཟླ་ ༡༠ ཚེས་ ༡༣ ཉིན་རྒྱ་གར་གྱི་བྱང་ངོས་སུ་གནས་པའི་དབྱིན་ཇིའི་དབྱར་དུས་ཀྱི་རྒྱལ་ས་སིམ་ལར་འཚོགས་གཏན་འཁེལ་བའི་ཚོགས་ཆེན་ཞིག་ཡིན་པ་དང༌། དེ་དུས་དབྱིན་གཞུང་གི་སྐུ་ཚབ་མེག་མ་ཧོན་དང་བོད་གཞུང་སྐུ་ཚབ་བློན་ཆེན་བཤད་སྒྲ་གཉིས་ཀྱིས་བོད་ཀྱི་ས་ཁྲའི་སྒང་ལ་བོད་དང་རྒྱ་གར་གཉིས་ཀྱི་ས་མཚམས་དབྱེ་འབྱེད་བྱེད་ཕྱིར་མེག་མ་ཧོན་ས་ཐིག་འདི་བརྒྱབ་པས་མོན་རྟ་དབང་དང་བཅས་པ་ཚང་མ་དབྱིན་ཇིའི་ཁེ་སྤོགས་ཀྱི་ཕྱིར་དུ་བོད་ལག་ནས་བསྡུ་གསོག་བརྒྱབ་པ་ཞིག་རེད་འདུག  ཕྱིས་སུ་ ༡༩༤༧ ལོར་རྒྱ་གར་ལ་རང་བཙན་ཐོབ་རྗེས་སིམ་ལའི་ཆིངས་ཡིག་གཞིར་བཞག་གིས་ ༡༩༥༡ ལོ་ནས་བཟུང་རྒྱ་གར་གྱིས་ས་འདི་ཚང་མ་བདག་བཟུང་ལྷོད་མེད་བྱས་པ་ཞིག་ཡིན་པ་རེད།

སྐབས་མཚམས་འདི་ནས་ངའི་སེམས་ལ་འདི་འདྲ་ཞིག་དྲན་སོང༌། གལ་སྲིད་ང་ཚོའི་བོད་ཀྱི་ས་ཆ་འདི་ལུག་ཅིག་ཡིན་པའི་དབང་དུ་བཏང་ན་ཤ་གཟན་ཞིག་ཡིན་པ་དང༌། ཤ་གཟན་ཞིག་གི་ནང་ནས་ཀྱང་ཚོན་པོ་ཞིག་ཡིན་པ་ནི་གོར་མ་ཆགས་པའི་སྐད་ཆ་རེད། ཤ་གཟན་འདིའི་སྒང་ལ་སྔར་ནས་འཇབ་རྒྱུག་བྱེད་མཁན་གྱི་སྤྱང་ཀི་ལྟ་བུ་ནི་དབྱིན་ཇི་དང༌། ཨུ་རུ་སུ། ཉི་ཧོང༌། རྒྱ་ནག་སོགས་རྒྱལ་ཁབ་མང་པོ་ཞིག་བྱུང་མྱོང་བ་རེད་ཀྱང༌། ད་ལྟ་དངོས་སུ་ཤ་གཟན་གྱི་རྩིབ་ཤ་ལ་སོ་རྒན་རེ་བརྒྱབ་ནས་ཚིམས་མེད་ཀྱི་ལོངས་སྤྱོད་ལ་རོལ་བཞིན་པ་དེ་ནི་ང་ཚོའི་མེས་རྒྱལ་ཆེན་མོའི་ཁྱིམ་མཚེས་རྒྱལ་ཁབ་སྤྱང་ཀི་དཀར་པོ་དང་སྤྱང་ཀི་ནག་པོ་གཉིས་ཡིན་པ་རེད།  སྤྱང་ཀི་འདི་གཉིས་ཀྱི་ལྟོ་ཟན་དུ་གྱུར་བའི་ཤ་གཟན་ཚོན་པོ་འདིའི་བདག་པོ་ལུག་རྫིས་ནམ་ཡིན་ནའང་འཚེ་བ་ལ་འཛེམས་ནས་སྤྱང་ཀི་གསོད་མི་རུང་བར་བཤད་པ་དང༌།  དྲག་སྤྱོད་ལ་དོགས་ནས་ཀི་རིང་འདེབས་མི་ཉན་པར་གསུང་གི་ཡོད་ཀྱང༌།  གཏུམ་སྤྱོད་ཅན་གྱི་སྤྱང་ཀི་གཉིས་ཀྱིས་ངོ་ཚ་མེད་པར་ནམ་ཡིན་ནའང་ཧམ་པ་ཆེན་པོ་དང་འདོད་རྔམ་ཆེན་པོ།  དྲག་ཤུགས་ཆེན་པོ་དང་གཡོ་འཁྲུལ་ཆེན་པོས་རང་སྐལ་ཡིན་ཤག་ཤག་གིས་ཤ་གཟན་གྱི་མགོ་རྔ་ནས་ཕར་འཐེན་ཚུར་འཐེན་གྱིས་འཕྲོག་རེས་གྲངས་མེད་བྱེད་སྐབས་ཀྱང༌། ལུག་རྫིས་ངའི་ལུག  ངའི་ལུག  ཅེས་སྡུག་སྐད་ཀྱི་ཀློང་ནས་ལོ་ངོ་དྲུག་ཅུ་ལྷག་འགོར་ཞིང༌། གཞན་ལ་སྐྱབས་བཅོལ་གྱི་ལག་ཟུང་བཟེད་དེ་སྤྱང་ཀིའི་ཁ་ནང་གི་ཤ་གཟན་དེ་ནི་ངའི་ལུག་ཡིན་པ་དང་ངའི་ལུག་ཡིན་པའི་ཁུངས་བསྐྱེལ་ར་སྤྲོད་ཀྱི་བདེན་དཔང་གི་ལོ་རྒྱུས་འདི་དང་དེ་རེད་ཅེས་མཉམ་འབྲེལ་རྒྱལ་ཚོགས་དང་སྟོབས་ཅན་རྒྱལ་ཁབ་སོགས་ཀྱི་རྣ་ནང་ལ་ཡང་དང་བསྐྱར་དུ་འགྲེལ་ནས་དཔུང་རོགས་ཀྱི་འདེགས་བསྐྱོར་ཞིག་ཨེ་ཡོང་གི་རེ་བ་ཚད་མེད་འཁུར་ཏེ་བསྡད་པའི་འབྲས་བུ་ནི་ཤ་ཁྲག་ཟད་ནས་རུས་ལ་ཐུག་གྲབས་ཀྱི་ཤ་གཟན་ཚོན་པོ་རང་ལག་ནས་རྦད་དེ་ཤོར་བའི་གྱོང་ནག་ཆེན་པོ་ཞིག་ཏུ་གྱུར་བ་དང༌། གྱོང་ནག་དེ་ནི་མེས་པོ་གོང་མ་ཚོའི་ལོ་རྒྱུས་ཀྱི་མཐའ་མ་ལ་ཤོག་ལྷེ་འགའ་ཞིག་གིས་ཁ་གསབ་ལྷག་སྣོན་མི་བྱེད་ཐབས་མེད་ཅིག་ཆགས་པ་རེད་ཨང༌།  ཀྱེ་མ།  ངའི་དྲིན་ཆེན་གྱི་ཕ་མ་ལྟ་བུའི་སའི་གོ་ལའི་སྒང་གི་རང་ས་རང་ཡུལ། ཤ་ཁྲག་དང་གྱེས་མ་མྱོང་བའི་སྤྱང་ལྟོགས་ཀྱི་མཆེ་བར་ནས་ཁྱོད་ནམ་ཞིག་ལ་ཐར་རམ། བྱེས་སུ་གྱར་བའི་ང་ཚོ་ཁྱེད་ཀྱི་ལྟོ་ཐོག་ནས་དཀྱིལ་ཀྲུང་གིས་བསྡད་ཐུབ་པའི་མགོ་ཐོག་གི་ཉི་མ་དེ་ནམ་ཞིག་ལ་ཤར་རམ།

འབྲེལ་ཡོད་གསར་འགྱུར།

LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད། 

༢༠༢༦/༠༦/༠༤

མཆན། 5

  1. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་ ཀྱེ་མ། ངའི་དྲིན་ཆེན་གྱི་ཕ་མ་ལྟ་བུའི་སའི་གོ་ལའི་སྒང་གི་རང་ས་རང་ཡུལ། ཤ་ཁྲག་དང་གྱེས་མ་མྱོང་བའི་སྤྱང་ལྟོགས་ཀྱི་མཆེ་བར་ནས་ཁྱོད་ནམ་ཞིག་ལ་ཐར་རམ། བྱེས་སུ་གྱར་བའི་ང་ཚོ་ཁྱེད་ཀྱི་ལྟོ་ཐོག་ནས་དཀྱིལ་ཀྲུང་གིས་བསྡད་ཐུབ་པའི་མགོ་ཐོག་གི་ཉི་མ་དེ་ནམ་ཞིག་ལ་ཤར་རམ། ་་་་་ཟེར།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ཚང་མས་ཤེས་དགོས་པ་ཅིག་ནི།
    ་་་་་་་་་ ས་འདི་ག་འདྲ་བྱས་ནས་རྒྱ་གར་གྱི་མངའ་ཁོངས་སུ་ཤོར་བ་རེད་དམ་ཟེར་ན་དེ་ནི་ཕྱི་ལོ་ ༡༩༡༤ ལོའི་ཟླ་ ༡༠ བའི་ཚེས་ ༡༣ ཉིན་བོད་དང་དབྱིན་ཇི་གཉིས་ཀྱི་བར་ལ་བཞག་པའི་སྐབས་ཀྱི་སིམ་ལའི་ཆིངས་ཡིག་གི་ནང་དུ་མེག་མ་ཧོན་ས་ཐིག་ཅེས་པ་ཞིག་བརྒྱབ་པ་དེ་ལས་ཤོར་བའི་ས་ཆ་ཞིག་རེད་འདུག
    སྐབས་དེར་རྒྱ་གར་དབྱིན་གཞུང་གི་སྐུ་ཚབ་མེག་མ་ཧོན་དང་བོད་གཞུང་སྐུ་ཚབ་བློན་ཆེན་བཤད་སྒྲ རྒྱ་ནག་གི་སྐུ་ཚབ་ཨན་ཕན་ཅན་སོགས་ཕྱོགས་གསུམ་གྱི་སྐུ་ཚབ་དབང་ཚད་འདྲ་མཉམ་ཐོག་ཚོགས་ཞུགས་བྱ་རྒྱུ་མོས་མཐུན་བྱས་པ་ལ་བརྟེན་ནས་རྒྱལ་ཁབ་གསུམ་གྱི་ལྷན་ཚོགས་ ༡༩༡༣ ཟླ་ ༡༠ ཚེས་ ༡༣ ཉིན་རྒྱ་གར་གྱི་བྱང་ངོས་སུ་གནས་པའི་དབྱིན་ཇིའི་དབྱར་དུས་ཀྱི་རྒྱལ་ས་སིམ་ལར་འཚོགས་གཏན་འཁེལ་བའི་ཚོགས་ཆེན་ཞིག་ཡིན་པ་དང༌།
    དེ་དུས་དབྱིན་གཞུང་གི་སྐུ་ཚབ་མེག་མ་ཧོན་དང་བོད་གཞུང་སྐུ་ཚབ་བློན་ཆེན་བཤད་སྒྲ་གཉིས་ཀྱིས་བོད་ཀྱི་ས་ཁྲའི་སྒང་ལ་བོད་དང་རྒྱ་གར་གཉིས་ཀྱི་ས་མཚམས་དབྱེ་འབྱེད་བྱེད་ཕྱིར་མེག་མ་ཧོན་ས་ཐིག་འདི་བརྒྱབ་པས་མོན་རྟ་དབང་དང་བཅས་པ་ཚང་མ་དབྱིན་ཇིའི་ཁེ་སྤོགས་ཀྱི་ཕྱིར་དུ་བོད་ལག་ནས་བསྡུ་གསོག་བརྒྱབ་པ་ཞིག་རེད་འདུག
    ཕྱིས་སུ་ ༡༩༤༧ ལོར་རྒྱ་གར་ལ་རང་བཙན་ཐོབ་རྗེས་སིམ་ལའི་ཆིངས་ཡིག་གཞིར་བཞག་གིས་ ༡༩༥༡ ལོ་ནས་བཟུང་རྒྱ་གར་གྱིས་ས་འདི་ཚང་མ་བདག་བཟུང་ལྷོད་མེད་བྱས་པ་ཞིག་ཡིན་པ་རེད། ་་་་་་་འདི་རེད་དོ།། །།

    Reply
  3. འཕྲུལ་གྱི་བཙན་པོ། says:
    ལོ་ 13 སྔོན།

    མི་ཞུན་་་་་ཡག་པོ་བྲིས་འདུག

    Reply
  4. བསྟན་ཆོས། says:
    ལོ་ 13 སྔོན།

    ཡག་པོ་བྲིས་འདུག ང་ཚོ་ཕྱི་ཡི་བོད་པ་ཚོས་བོད་ནང་གི་བོད་པའི་ཚིག་སྤྱད། དེ་ཚོས་སྲོག་རྒྱ་དམར་ཡིན་པའི་ཚིག་སྤྱད། རྩོམ་འདིའི་ནང་དུ་བོད་ལྭ་གྱོན་པའི་རྒྱ་མི་ཡོད་པ་བཞིན།་ནམ་ཞིག་བོད་ཚིག་ཚང་མ་བོད་ལྭ་གྱོན་པའི་རྒྱ་མི་རྐྱང་རྐྱང་ཆགས་འགྲོ་ངེས་རེད།

    Reply
  5. བཀྲ་ཤིས་རྡོ་རྗེ། says:
    ལོ་ 13 སྔོན།

    མི་ཞུན་ལགས་ཀྱིས་ཧ་ཅང་སྙན་པོ་ནང་དོན་ཆེན་པོ་ཡོད་པ་ཞིག་བྲིས་འདུག ཞིབ་ཏུ་ཐེངས་གཉིས་ལ་ཀློག་པ་དང་མཉམ་དུ་སྔོན་མ་བོད་ཀྱི་དུས་བབ་སྟེང་ནས་མོན་ཡུལ་སྐོར་གྱི་གནས་ཚུལ་ཞིག་དྲན་པ་སོས་ཏེ་བཙལ་བ་ཡིན།
    གནས་ཚུལ་དེ་འདི་ཧ་ཡོད། https://tibettimes.net/wordpress/news.php?id=1917

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese