ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་ལགས་སུ། བོད་རྒྱའི་གནད་དོན་སྤྱི་དང་དམིགས་བསལ་བྱང་ཨ་རིའི་ནང་ཡོད་པའི་རྒྱ་རིགས་ཚོས་བོད་དོན་རྒྱབ་སྐྱོར་གནང་ཕྱོགས་སྐོར་ལ་བཅར་འདྲི་ཞུས་ཡོད།
དྲི་བ། དེང་སྐབས་ཨ་རི་དང་ཁེ་ན་ཌ་ཁུལ་དུ་རྒྱ་རིགས་བོད་དོན་རྒྱབ་སྐྱོར་བའི་གྲངས་འབོར་དང་གནས་སྟངས་གང་འདྲ་ཡིན་པ་དང་། ཁོང་ཚོས་རྒྱབ་སྐྱོར་གནང་ཕྱོགས་གཙོ་བོ་གང་དག་རེད་དམ།
ལན། ང་ཚོ་བྱང་ཨ་རིའི་ཁྱབ་ཁོངས་དེ་ཨ་རི་དང་ཁེ་ན་ཌ་གཉིས་ཆགས་ཀྱི་ཡོད། ང་ཚོས་ལོ་ལྔ་ལྷག་རིང་ལས་ཀ་བྱས་པའི་ཉམས་མྱོང་ལ་བལྟས་པ་ཡིན་ན། རྒྱ་རིགས་ཤེས་ཡོན་ཅན་དང་དམངས་གཙོ་དོན་གཉེར་བ། རྩོམ་པ་པོ་ཚང་མས་བོད་པའི་དོན་དག་ལ་དོ་སྣང་ཆེན་པོ་རེད། ཁོང་ཚོས་བློ་བདེ་བོ་བྱས་ཏེ་རྒྱབ་སྐྱོར་བྱེད་དོན་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དབུ་མའི་ལམ་གྱི་སྲིད་བྱུས་འདི་ལ་དགའ་མོས་ཆེན་པོ་བྱེད་ཀྱི་ཡོད་པ་རེད། དབུ་མའི་ལམ་གྱི་སྙིང་བོ། བོད་མིའི་ངོ་བོ་དང་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱ་ཆེད་ང་ཚོར་མིང་དོན་མཚུངས་བའི་རང་སྐྱོང་ཞིག་བྱུང་ན་ང་ཚོ་རྒྱ་ནག་དང་ཁ་བྲལ་འགྲོ་རྒྱུ་མིན་ཞེས་པའི་སྲིད་བྱུས་ཤིག་ཡིན་སྟབས། སྲིད་བྱུས་དེ་ཡང་དག་པ་ཞིག་ཡིན་པ་དང་། རྒྱུ་མཚན་ལྡན་པ་ཡིན་པ། རྒྱ་ནག་ཁོ་རང་ཚོ་ལའང་ཕུགས་ལ་ཁེ་ཕན་ཡོད་པ་ཞིག་ཡིན་པར་ངོས་འཛིན་གསལ་བོ་གནང་གི་འདུག
དྲི་བ། ཕྱི་རྒྱལ་ཁག་ཏུ་ཡོད་པའི་རྒྱ་རིགས་ཤེས་ཡོན་པ་ཚོས་བོད་དོན་ཐོག་ལྟ་ཚུལ་གང་འདྲ་འཛིན་གྱི་ཡོད་པ་དང་། བོད་ཕྱི་ལོགས་ནས་ཕྱག་ལས་གནང་ཕྱོགས་དང་། ལས་འགུལ་སྤེལ་ཕྱོགས་ཐོག་བསམ་ཚུལ་གང་འདྲ་ཡོང་གི་འདུག
ལན། རྒྱ་རིགས་ཚོས་གནས་ཚུལ་དེའི་སྐོར་ལ་ཁོང་ཚོས་བསམ་ཚུལ་ཡག་པོ་ཡོད་པ་རེད། རྒྱུ་མཚན་གང་ཡིན་ཞེ་ན། ང་ཚོས་རྒྱ་རིགས་འཚམས་གཟིགས་ཚོགས་པ་ལོ་རེར་ཐེངས་གཉིས་རེ་ངྷ་རམ་ས་ལར་གཏོང་གི་ཡོད་པ་རེད། ང་ཚོས་རྟག་པར་འགྲེལ་བཤད་བརྒྱབ་བསྡད་པ་མ་ཡིན་པར་ཁོ་ཚོ་དངོས་སུ་འདིར་ཕེབས་ཏེ་མིག་ཐོག་ལག་ཟིན་བྱུང་བ་ཡིན་ན་ཕན་ཐོགས་ཆེན་པོ་འདུག ཁོང་ཚོས་དོན་དག་གཉིས་ཀྱི་ཐོག་དགའ་བོ་ཞེ་དྲག་གནང་གི་ཡོད་པ་རེད། གཅིག་བཙན་བྱོལ་བོད་མིའི་དམངས་གཙོའི་འཕེལ་རིམ་རེད། གཉིས་པ། ང་ཚོའི་སློབ་གྲྭ་ཁག་རེད། ཁོང་ཚོ་སློབ་གྲྭ་ཁག་ཚང་མར་ཕེབས་ཐུབ་ཀྱི་མེད་ཀྱང་། བོད་ཁྱིམ་གཙོས་པའི་སློབ་གྲྭ་ཁག་ལ་འབྱོར་སྐབས་ཕྱི་རྒྱལ་ལྟར་ཆ་རྐྱེན་དེ་འདྲ་མེད་ཀྱང་སློབ་གྲྭ་ཁག་གི་འཛིན་སྐྱོང་ཧ་ཅང་ཡག་པོ་ཡོད་པ་དང་། བོད་པའི་སྤྱི་ཚོགས་ནང་དུའང་ཡིག་རྨོངས་ཧ་ལམ་མེད་བསྡད་པ་སོགས་ལ་ཧང་སང་གི་འདུག གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག ལྟ་བ་ལངས་ཕྱོགས་མ་འདྲ་བ་དང་སྐད་སྒྲ་འདྲ་མིན་ཐོས་རྒྱུ་ཡོད་པ་དེ་ཞེ་དྲག་རིན་ཐང་ཆེན་པོ་རེད་ཅེས་བཤད་ཀྱི་ཡོད་པ་རེད། རྒྱ་རིགས་དེ་འདྲ་ངྷ་རམ་ས་ལར་བསླེབས་ཏེ་ ༼བཙན་བྱོལ་བོད་མིའི་སྐད་སྒྲ་ཉན་པ༽ དང་། རྒྱད་ཡིག་ནང་ (藏土出中国) སོགས་དེབ་མང་པོ་བྲིས་ཡོད་པ་རེད། དེ་ག་རེ་ལབ་ཀྱི་ཡོད་པ་རེད་ཅེ་ན་བོད་ཀྱི་ངོ་བོ་ཆ་ཚང་ང་དགུ་ལོ་རྒྱ་གར་ནང་སྤོར་ཐུབ་འདུག་ཅེས་པ་རེད། དེབ་དེ་དག་རྒྱ་ཡིག་ནར་ཐོན་ཡོང་དུས་རྒྱ་རིགས་དམངས་ཀྱིས་ཀློག་སྐབས་ཕན་ཐོགས་ཆེན་པོ་འདུག་ཅེས་ལབ་པ་དང་། ལྷག་པར་དུ་རྒྱ་རིགས་ཁ་ཤས་ཀྱིས་ (藏土出中国) ཞེས་པའི་དེབ་དེ་ངྷ་རམ་ས་ལར་འགྲོ་སྐབས་ཕྱོཊ་སྟོན་འཁོར་ལོ་ལྟ་བུ་རེད་ཅེས་ལབ་ཡོད་པ་རེད།
དྲི་བ། རྒྱ་རིགས་བོད་དོན་རྒྱབ་སྐྱོར་བའི་ཁྲོད་དུ་དབུ་མའི་ལམ་ལ་རྒྱབ་སྐྱོར་ཞུ་མཁན་ཁག་ཅིག་དང་། བོད་རང་བཙན་ལ་རྒྱབ་སྐྱོར་ཞུ་མཁན་ཁག་ཅིག་བཅས་རིགས་གཉིས་བར་ལ་སྐད་ཆ་བཤད་ཕྱོགས་དང་རྩོམ་ཡིག་སྤེལ་ཕྱོགས་ཐད་འགལ་བ་ཕྲན་བུ་རེ་ཡོད་ཚོད་འདུག་སྟབས། དེའི་སྐོར་ངོ་སྤྲོད་ཅིག་གནང་རོགས།
ལན། ངས་འགྲེལ་བཤད་རྒྱག་སྐབས་མང་ཆེ་བ་ང་རང་གི་དངོས་མཐོང་གི་ཉམས་མྱོང་ཡིན་དུས་བྱང་ཨ་རིིའི་གནས་ཚུལ་བཤད་ཀྱི་ཡོད་པ་རེད། བྱང་ཨ་རིའི་གནས་ཚུལ་ཆ་བཞག་པ་ཡིན་ན། ངས་གོང་དུ་བཤད་པ་ལྟར་བརྒྱ་ཆ་ ༩༠ ཡན་གྱིས་དབུ་མའི་ལམ་རྒྱུན་མཚན་ལྡན་པ་དང་ཡང་དག་པ་ཡིན་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། དེ་དངོས་ཡོད་གནས་ཚུལ་རང་རེད། དེ་ནས་ཉུང་ཤས་ཤིག་གིས་རང་བཙན་དེ་བོད་མི་མང་གི་ཐོབ་ཐང་རེད་ཅེས་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་ཡོད་པ་རེད། བྱང་ཨ་རིར་ཆ་བཞག་ན་མཛུབ་མོའི་གྲངས་ཀ་ཐེབས་པ་དེ་འདྲ་རེད། སྔར་ནས་ད་བར་རང་བཙན་ལ་ཤུགས་ཆེ་ཤོས་རྒྱབ་སྐྱོར་གནང་མཁན་མི་གཉིས་ཡོད་པ་རེད། གཅིག་ཧེ་རེ་ཝུའུ་(Hairi wu)རེད། གཅིག་ཚའོ་ཁྲང་ཆིན་(Cao chang qing)རེད། ཁོང་གཉིས་ཀྱིས་ད་ལྟའང་བོད་པས་རང་བཙན་རྩོད་དགོས་པ་རེད་ཅེས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། རིགས་གཅིག་གིས་བོད་པའི་གནད་དོན་གང་འདྲ་ཆགས་པ་ཡིན་ནའང་། བོད་པ་རང་གིས་ཐག་གཅོད་ཀྱིི་རེད་ཅེས་བཤད་མཁན་ཡང་ཡོད་པ་རེད། ང་ཚོས་སྡོམ་བརྒྱབ་པ་ཡིན་ན་རྒྱ་རིགས་མང་ཆེ་བས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། ༸སྐྱབས་མགོན་རིན་པོ་ཆེ་ས་ཆ་གང་དུ་ཕེབས་ཀྱང་། རྒྱ་རིགས་ཚོར་མཇལ་འཕྲད་གཙོ་བོར་འཇོག་གནང་གི་ཡོད་སྟབས། རྒྱ་ནག་ནང་ཁུལ་གྱི་རྒྱ་རིགས་ཤེས་ཡོན་ཅན་གྱི་ཁྲོད་དུ་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་དང་བོད་ཀྱི་གནད་དོན་ལ་དོ་སྣང་བྱེད་མཁན་རིམ་པས་མང་དུ་འགྲོ་བཞིན་ཡོད་པ་རེད། རང་བཙན་ལའང་རྒྱབ་སྐྱོར་བྱེད་མཁན་ཡོད་པ་རེད། ཡིན་ནའང་། དེའི་གྲངས་ཀ་དེ་ཧ་ཅང་ཉུང་ཉུང་རེད། གང་ཡིན་ཞེ་ན། རྒྱ་རིགས་མང་ཆེ་བས་ཁ་ནས་ལབ་མ་ལབ་གང་ལྟར་ཡང་། ཁོང་ཚོའི་བསམ་བློའི་གཏིང་ན་ཅིག་ཡོད་པ་རེད། དེ་མང་ཚོགས་ཀྱིས་མཁྱེན་དགོས་པ་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་འདུག ཁོང་ཚོ་ཚང་མའི་བསམ་བློའི་ནང་གང་ཡོད་པ་རེད་ཅེ་ན། བོད་དེ་རྒྱ་ནག་ནས་ཁ་བྲལ་ཕྱིན་པ་ཡིན་ན་རྩ་བ་ནས་འགྲིག་གི་མི་འདུག་སྙམ་པ་དེ་ཡོད་ཡོད་པ་རེད།
དྲི་བ། ཨ་རིའི་ནང་བོད་དོན་རྒྱབ་སྐྱོར་བ་ཙམ་མ་ཡིན་པར། ཡུ་གུར་དང་སོག་པོའི་རང་དབང་རྩོད་ལེན་པ། དེ་བཞིན་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་དང་། དམངས་གཙོ་དོན་གཉེར་བ་མང་པོ་འཛོམས་ཡོད་སྟབས། ཁོང་ཅག་དང་བོད་པའི་བར་གྱི་འབྲེལ་ལམ་དང་། མཉམ་ལས་བྱེད་ཕྱོགས་གང་འདྲ་ཡོད་དམ།
ལན། ང་ཚོས་ལས་ཀ་ག་རེ་བྱས་པ་ཡིན་ནའང་། ང་ཚོ་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ལམ་སྟོན་ཞིག་ཡོད་པ་རེད། ག་རེ་བྱེད་དགོས་མིན་དང་སྲིད་ཇུས་ག་རེ་འཛིན་དགོས་མིན་ལམ་སྟོན་དང་འགལ་ན་འགྲིག་གི་མ་རེད། ད་ལྟའི་ཨ་རིའི་གནས་སྟངས་གང་ཡོད་པ་རེད་ཅེ་ན། རྒྱ་རིགས་དམངས་གཙོ་དོན་གཉེར་བ་དང་ཤེས་ཡོན་ཅན། རྩོམ་པ་པོ། གསར་འགོད་པ། ཡུ་གུར། ཆོས་འཁོར་སྒོམ་སྒྲུབ་པ་སོགས་སྣ་ཚོགས་ཡོད་པ་རེད། ཁོ་རང་ཚོའི་ནང་ཁུལ་དུ་ལྟ་ཚུལ་འདྲ་མི་འདྲ་མང་པོ་ཡོད་པ་རེད། དཔེར་ན། དམངས་གཙོ་དོན་གཉེར་བར་ཆ་བཞག་ན་ཚོགས་པ་འདྲ་མིན་རེད། མིའི་སྤྱི་ཚོགས་ཡིན་སྟབས་ནང་ཁུལ་མ་མཐུན་པ་ཏོག་ཙམ་ཡོད་ཀྱང་། བོད་པའི་གནས་ཚུལ་བཤད་ཡོང་སྐབས་ཚང་མས་ཁ་གཅིག་གྲགས་ཀྱིས་རྒྱབ་སྐྱོར་གནང་གི་ཡོད་པ་རེད། ང་ཚོའི་མཉམ་ལས་མང་ཆེ་བ་དེ་རྒྱ་རིགས་ཤེས་ཡོན་ཅན་དང་སློབ་ཕྲུག རྩོམ་པ་པོ་དང་མཉམ་དུ་ཡོད་པ་རེད། ཆོས་འཁོར་སྒོམ་སྒྲུབ་པ་དང་ཡུ་གུར་བཅས་ལ་ང་ཚོ་མཉམ་དུ་ལས་འགུལ་སྤེལ་གྱི་ཡོད་པ་མ་རེད། ང་ཚོའི་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་མང་པོ་ཡོད་པ་དེ་རྒྱ་རིགས་སྤྱི་ཚོགས་ནང་རྒྱ་ཁྱབ་གཏོང་རྒྱུ་དེ་ང་ཚོའི་ལས་འགན་གཙོ་བོ་རེད། དེ་ལ་རྒྱབ་སྐྱོར་བྱེད་མཁན་ཚོར་རང་བཞིན་གྱིས་མཉམ་ལས་ཡོང་གི་རེད། ཡང་ང་ཚོས་མཉམ་ལས་བྱེད་ཀྱི་མེད་ལབ་དུས་ཁོང་ཚོས་བོད་པའི་གནས་སྟངས་ལ་ལྟ་སྟངས་ལོགས་ཀ་ཡོད་པ་དེ་འདྲ་གང་ཡང་མ་རེད།
དྲི་བ། རྒྱ་ནག་གཞུང་དམངས་གཙོ་ཅན་དུ་འགྱུར་བ་ཡིན་ན། བོད་གཙོས་པའི་གྲངས་ཉུང་མི་རིགས་ཁག་གི་དཀའ་ངལ་སེལ་འགྲོ་བའི་བཤད་ཚུལ་དེ་ལ། ཕྱི་ལོགས་ཀྱི་རྒྱ་རིགས་ཤེས་ལྡན་པའི་ནང་བསམ་ཚུལ་གང་འདྲ་འདུག་གམ།
ལན། རྒྱ་རིགས་མང་ཆེ་བར་གཅིག་གྱུར་གྱི་ལྟ་ཚུལ་ཅིག་ཡོད་པ་རེད། ཁོང་ཚོས་རྒྱ་ནག་དམངས་གཙོ་ཆགས་པ་ཡིན་ན། བོད་ཀྱི་གནད་དོན་རང་བཞིན་གྱིས་སེལ་འགྲོ་བ་རེད་ལབ་ཀྱི་ཡོད་པ་རེད། དེ་རྒྱ་རིགས་མང་ཆེ་བས་ལྟ་ཚུལ་གཅིག་པ་རེད། གང་ཡིན་ཞེ་ན། ད་ལྟའི་གཅིག་སྡུད་དབང་འཛིན་ལམ་ལུགས་དེ་མེད་པ་ཆགས་རྒྱུ་རེད། སྐད་ཆ་བཤད་ས་དང་མི་མང་གི་ཚོགས་པ་འཛུགས་ཆོག་གི་རེད། དེ་འདྲ་ཡིན་དུས་བོད་ཀྱི་གནད་དོན་སེལ་ཐུབ་ཀྱི་རེད་ཅེས་ལབ་ཀྱི་ཡོད་པ་རེད། ནད་བརྒྱ་ལ་ཕན་པའི་སྨན་ཞིག་ཡོད་པ་རེད། སྨན་དེ་ག་རེ་ཆགས་ཀྱི་ཡོད་པ་རེད་ཅེ་ན། རྒྱ་ནག་དམངས་གཙོ་ཆགས་པ་ཡིན་ན་གནད་དོན་མང་པོ་ཞིག་རང་བཞིན་གྱིས་སེལ་འགྲོ་བ་རེད་ཅེས་སྐུ་མདུན་གྱིས་བཀའ་གནང་ཡོད་པ་རེད། ལྟ་ཚུལ་མ་མཐུན་པ་རེ་ཟུང་ཡོང་གི་རེད་མ་གཏོགས། མང་ཆེ་བས་རྒྱ་ནག་དམངས་གཙོ་ཆགས་པ་ཡིན་ན། བོད་ཀྱི་གནད་དོན་སེལ་རྒྱུ་རེད་ཅེས་ལབ་ཀྱི་ཡོད་པ་རེད།
དྲི་བ། ཨ་རི་དང་ཁེ་ན་ཌ་སོགས་སུ་རྒྱ་རིགས་ཧ་ཅང་མང་པོ་ཡོད་པ་མ་ཟད། རྒྱ་མིའི་ཁྲོམ་དེ་འདྲ་ཡོད་སྟབས། སྐུ་ཉིད་གཙོས་པའི་བོད་མི་ཚོ་དང་། རྒྱ་རིགས་བོད་དོན་རྒྱབ་སྐྱོར་བ་མཉམ་འབྲེལ་སོགས་བྱས་ཏེ། དེ་ལྟ་བུའི་རྒྱ་མི་དཀྱུས་མའི་སྤྱི་ཚོགས་ནང་ལས་འགུལ་སྤེལ་བ་དང་། འབྲེལ་ལམ་འཛུགས་པའི་གོ་སྐབས་རག་གི་ཡོད་དམ།
ལན། དེའི་རིགས་དེ་ད་ལྟ་ང་ཚོས་མ་འདང་བའི་ཆ་གཙོ་བོ་དེ་རེད། རྒྱ་རིགས་དཀྱུས་མ་དེ་དག་གིས་སོ་སོའི་འཚོ་བ་བསྐྱེལ་ཏེ་སྡོད་ཀྱི་ཡོད་པ་རེད། ཁོང་ཚོས་བོད་ཀྱི་གནད་དོན་ཐོག་སྡུག་ཅག་བཤད་ཀྱི་ཡོད་པ་མ་རེད་ལ། དོ་སྣང་ཡང་ཞེ་དྲག་ཡོད་པ་མ་རེད། དེ་ང་ཚོས་ཤུགས་རྒྱག་ས་གཅིག་དང་། ལྷག་པར་དུ་རྒྱ་རིགས་ནང་པ་ཡིན་བསྡད་མཁན་དེ་དག་ལ་ང་ཚོའི་མ་འདང་བའི་ཆ་མང་པོ་ཡོད། དེ་འདྲའི་རིགས་ཀྱི་སྤྱི་ཚོགས་ནང་ཡར་རྒྱས་གཏོང་ཐུབ་པར་དམིགས་ས་གཅིག་དེ་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་ལས་ཀ་ཏོག་ཙམ་བྱ་ཐུབ་ན་བསམ་ནས་ང་ཚོས་རེ་བ་རྒྱག་གི་ཡོད། རྒྱ་རིགས་དང་འབྲེལ་བ་བྱ་རྒྱུ་བོད་མིའི་སྒྲིག་འཛུགས་ཀྱི་གཏན་ལ་ཕབ་པའི་སྲིད་བྱུས་དང་། སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་གལ་ཆེན་པོ་ཞིག་ཡིན་སྟབས། ད་ལྟ་ངས་མ་འདང་བ་རེད་ཅེས་པའི་ཚབ་དུ་ང་ཚོའི་མི་མང་གི་ནང་ནས་རྒྱ་རིགས་ལ་འབྲེལ་བ་བྱ་རྒྱུ་གལ་ཆེན་པོ་ཡིན་པའི་གོ་རྟོགས་མཐོ་རུ་འགྲོ་དགོས་པ་ཧ་ཅང་གནད་འགག་ཆེན་པོ་རེད།
དྲི་བ། ཕྱི་རྒྱལ་ཁག་ཏུ་ཡོད་པའི་རྒྱ་རིགས་རྒྱ་ནག་གཞུང་དང་ལྟ་བ་མི་མཐུན་མཁན་ཚོས། རྒྱ་ནག་དམར་པོའི་གཅིག་སྡུད་ལམ་ལུཊ་མགོ་རྟིང་སློག་ཐབས་དང་། རྒྱ་ནག་ནང་གི་དཀའ་རྙོག་ཁག་སེལ་ཐབས་ཀྱི་ལམ་ཁ་གཙོ་བོ་གང་དག་ལ་ངོས་འཛིན་གནང་གི་འདུག
ལན། རྒྱ་རིགས་ཚོས་བསམ་བློ་གཏོང་སྟངས་གང་རེད་ཅེ་ན། སྤྱི་ཡོངས་ཀྱི་བསམ་བློ་གཅིག་ཡོད་པ་རེད། མ་འོངས་པར་རྒྱ་ནག་འགྱུར་བ་འགྲོ་གི་རེད། ད་ལྟའི་གནས་སྟངས་ལྟར་འདུག་གི་མ་རེད་ཅེས་པ་དེ་རེད། འགྱུར་བ་འགྲོ་བ་ལ་བཤད་ཚུལ་མི་འདྲ་བ་མང་པོ་ཡོད་པ་རེད། གཅིག་དེ་དམངས་ཁྲོད་ནས་ལས་འགུལ་ཤུགས་ཆེན་པོ་ཞིག་བྱུང་བ་ཡིན་ན་རྒྱ་ནག་གི་ད་ལྟའི་ཆབ་སྲིད་ཀྱི་གནས་སྟངས་ལ་འགྱུར་བ་འགྲོ་བར་རེ་བ་ཆེ་ཤོས་ཡོད་པ་རེད་ཟེར་མཁན་ཡོད་ཀྱང་། ང་རང་གིས་ཕར་བལྟས་པ་ཡིན་ན། རྒྱ་རིགས་མང་ཆེ་བའི་བསམ་ཚུལ་དང་ཐབས་ལམ་ཡག་ཤོས་དེ་སྤྱི་དམངས་ཀྱི་ལས་འགུལ་ཤུགས་ཆེ་རུ་གཏོང་དགོས་པ་རེད། དེ་ཕྱིན་པ་ཡིན་ན་རྒྱ་ནག་འགྱུར་བ་འགྲོ་གི་རེད་ཅེས་རྒྱ་རིགས་མང་ཆེ་བས་བསམ་བློ་དེ་རེད། ཕྱི་ལོགས་སུ་ཐོན་མ་ཐོན་ཙམ་རེད་མ་གཏོགས། ད་ལྟ་རྒྱ་ནག་གི་སྤྱི་ཚོགས་ལ་མཚོན་ན་གཞུང་ལ་མི་འདོད་པའི་སྐད་སྒྲ་ཧ་ལས་པའི་ཆེན་པོ་རེད། དམངས་ཁྲོད་ཀྱི་མ་འདོད་པའི་སྐད་སྒྲ་ཤུགས་ཆེ་རུ་ཕྱིན་པ་དང་སྤྱི་དམངས་ཀྱི་ལས་འགུལ་ཤུགས་ཆེ་རུ་ཕྱིན་པ་ཡིན་ན། འགྱུར་བ་འགྲོ་བར་ཏན་ཏན་ཕན་ཐོགས་ཡོད་པ་རེད་བསམ་གྱི་འདུག ད་ལྟ་གཅིག་སྡུད་དབང་འཛིན་འོག་སྐད་བརྒྱབ་པ་ཙམ་གྱིས་མར་མནན་པའི་རིགས་དེ་གནས་སྐབས་ཀྱི་ཐབས་ལམ་ཙམ་རེད་མ་གཏོགས། མིིའི་སེམས་ནང་འདོད་པ་མེད་པ་དང་། བཟོ་བཅོས་རྒྱག་པའི་ཐབས་ཤེས་ཡག་པོ་མེད་ཚེ། གནས་སྐབས་རིང་མངོན་མི་ཐུབ་ཀྱང་། སེམས་གཏིང་ནས་མ་དགའ་བ་ཞིག་ཡོད་ཚར་ན་ལས་ཀ་གང་འདྲ་ཞིག་ཡིན་ཡང་ལམ་ལྷོང་ཡོང་རྒྱུ་ཁག་པོ་རེད།
དྲི་བ། བོད་མིའི་རང་ལུས་མེར་བསྲེགས་ཐོག་རྒྱ་རིགས་ཚོར་ལྟ་སྟངས་གང་འདྲ་ཡོད་པ་དང་། དེར་གྲུབ་འབྲས་འབྱུང་མིན་ཐོག་ཁོང་ཚོས་ངོས་འཛིན་གང་འདྲ་གནང་གི་འདུག
ལན། རང་ལུས་མེར་བསྲེཊ་བཏང་བའི་རྒྱུ་རྐྱེན་རྒྱ་ནག་གཞུང་གི་སྲིད་ཇུས་ལ་ཐུག་ཡོད་པ་རེད་ཅེས་པ་དེ་དྲ་རྒྱ་ཁག་ལ་གཟིགས་ན་རྒྱ་རིགས་མང་ཆེ་བས་ཁ་གཅིག་གྲགས་རེད། རྒྱ་ནག་གཞུང་གིས་འགྲེལ་བརྗོད་བྱས་པ་ལྟར་ཕྱི་རྒྱལ་དུ་ཡོད་པའི་བོད་པ་ཁག་ཅིག་དང་རྒྱལ་བ་རིན་པོ་ཆེས་བཟོས་པ་རེད་ཅེས་པ་དེ་དངོས་ཡོད་གནས་ཚུལ་མ་རེད་ཅེས་ལབ་ཡོད་པ་རེད། ཡང་ཁོང་ཚོས་བྱུང་ན་རང་ལུས་མེར་བསྲེཊ་མ་གནང་རོགས་ཞེས་པ་དེ་ཡང་ཁ་གཅིག་གྲགས་རེད། གང་ཡིན་ཞེ་ན། སྲོག་དེ་ཧ་ཅང་གཅེས་པོ་རེད། བོད་པ་གྲངས་ཉུང་ཉུང་རེད་ལབ་ཀྱི་ཡོད་པ་རེད། བོད་མིའི་རང་ལུས་མེར་བསྲེགས་ལ་གྲུབ་འབྲས་ཡོད་མེད་ཀྱི་སྐད་ཆ་ཞིག་ཡོང་གི་ཡོད་པ་རེད། བོད་ནང་གི་གཞིས་ལུས་བོད་མིའི་ཁྲག་ཐིག་པ་གཅིག་ཡིན་ནའང་ཧ་ལས་པའི་གྲུབ་འབྲས་ཆེན་པོ་རེད། གཞིས་ལུས་བོད་མི་དེ་དོན་གྱི་བདག་པོ་བོད་ནང་འཚོ་བ་སྐྱེལ་མཁན་དེ་རྒྱ་ནག་གཞུང་གི་དབང་བསྒྱུར་སྲིད་ཇུས་འོག་འདོད་པ་མེད་པའི་རྣམ་འགྱུར་སྟོན་སྐབས། མི་གཅིག་གི་སྐད་ཆ་མིན་པར་དེའི་རྒྱབ་ལོགས་སུ་མི་མང་པོའི་བསམ་པ་མཚོན་གྱི་ཡོད་སྟབས། རང་ལུས་མེར་བསྲེཊ་གནང་བ་དེས་མཐོང་རྒྱུ་ཡོད་པའི་གྲུབ་འབྲས་ཡོད་མེད་གང་ལྟར་ཡང་། རྒྱལ་སྤྱིའི་ཐོག་བོད་ནང་ལ་དཀའ་ངལ་ཡོད་པ་དང་། ད་ལྟའི་བོད་ནང་ཡོད་པའི་དོན་གྱི་བདག་པོ་དེ་དག་རྒྱ་ནག་གི་དབང་བསྒྱུར་འོག་འདུག་འདོད་མེད་པ་རྒྱལ་སྤྱིའི་ཐོག་བསྟན་ཐུབ་པ་དེ་ཧ་ལས་པའི་གྲུབ་འབྲས་ཆེན་པོ་རེད།
དྲི་བ། ༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུཊ་ཀྱི་ངོས་ནས་འདས་པའི་ལོ་ངོ་བཅུ་གྲངས་གོང་ནས་རྒྱ་ནག་མི་དམངས་ལ་འབྲེལ་ལམ་ཤུཊ་ཆེ་རུ་གཏོང་རྒྱུའི་སྲིད་བྱུས་ཤིག་བཟུང་བ་རེད། ཉིད་ཀྱིས་སྲིད་བྱུས་དེར་གཟིཊ་ཚུལ་གང་འདྲ་ཡོད་པ་དང་། གྲུབ་འབྲས་འཐོན་ཡོད་མེད་ཐོག་མཐོང་ཚུལ་གང་འདྲ་ཡོད།
ལན། ང་རང་གི་ངོས་ནས་སྲིད་བྱུས་དེ་ཡང་དག་པ་ཞིག་ཡིན་པ་དང་། ལྷག་པར་དུ་དུས་དང་མཐུན་པའི་སྲིད་བྱུས་ཤིག་རེད་བསམ་གྱི་འདུག རྒྱུ་མཚན་གང་ཡིན་ཞེ་ན། རྒྱ་རིགས་མང་པོ་ཞིག་ལ་བོད་རྒྱ་ནག་དང་ཁ་བྲལ་འགྲོ་བར་འདོད་པ་ཡོད་པ་མ་རེད། བོད་ནང་བོད་མི་རིགས་ཆག་འཇིག་གི་གནས་སྟངས་ཆགས་བསྡད་ཡོད་སྟབས། བཙན་བྱོལ་ནང་ཡོད་པའི་བོད་པ་ཚོའི་ལས་འགན་བོད་ནང་ཡོད་པའི་གཞིས་ལུས་བོད་མིའི་དཀའ་ངལ་སེལ་རྒྱུ་དེ་རེད། ཁ་ནས་འབོད་ཚིག་སྟོང་པ་བསྒྲགས་བསྡད་པ་དེས་ང་ཚོའི་དོན་དག་སེལ་ཐུབ་ཀྱི་མ་རེད། སྔོན་མ་ ༢༠༠༨ ལོར་༸གོང་ས་མཆོག་ཨ་རིའི་ནང་ཕེབས་སྐབས། རྒྱ་རིགས་མང་པོས་ངོ་རྒོལ་བྱས་ཏེ་མ་འདོད་པའི་རྣམ་འགྱུར་སྟོན་གྱི་ཡོད་པ་རེད། དེང་སང་ངོ་རྒོལ་བྱེད་མཁན་མི་རྡོག་གཅིག་ཡོད་པ་མ་རེད། ༢༠༠༨ ལོར་ས་བྱི་ཞི་རྒོལ་ཆེན་མོ་བྱུང་རྗེས་སུ་རྒྱ་རིགས་སློབ་ཕྲུག་ཚོར་མཇལ་འཕྲད་གནང་སྐབས། ཡོང་ཕོད་མཁན་ཡོད་པ་མ་རེད། དེང་སང་རྒྱ་རིགས་དང་མཇལ་འཕྲད་གནང་སྐབས་རྒྱ་རིགས་མི་ ༡༠༠ ལྷག་དང་། སྐབས་རེར་ ༢༠༠ ལྷག་ཡོང་གི་ཡོད་པ་རེད། ཁོང་ཚོ་མཇལ་འཕྲད་སྐབས་དང་པོ་གསར་འགྱུར་ནང་མ་གཏོང་རོགས། པར་རྒྱག་གི་མིན་ཞེས་ལབ་ཀྱི་ཡོད་ཀྱང་མཇལ་ཁ་ཞུས་ཚར་བའི་རྗེས་སུ་ཁོང་ཚོས་པར་རྒྱག་རྒྱུར་འདོད་པ་ཆེན་པོ་བྱེད་ཀྱི་འདུག དེ་དག་ལ་བལྟས་ཡོང་སྐབས་དོན་དག་ཆུང་ཆུང་ཡིན་ཡང་། དེས་རྒྱ་རིགས་དང་འབྲེལ་བ་བྱས་ཏེ་འགུལ་དཀྱོག་ཐེབས་ཀྱི་ཡོད་པ་མཚོན་གྱི་ཡོད་པ་རེད།
དྲི་བ། ཉེ་ཆར་རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་ཀྱི་མགོ་གཙོ་ཡུའུ་ཀྲིན་ཧྲིན་ལྷ་ས་དང་ཨ་མདོ་བླ་བྲང་སོགས་སུ་སྐོར་སྐྱོད་སྐབས། གཏམ་བཤད་སྤེལ་བའི་ནང་དོན་ཁག་དང་། བོད་རྒྱའི་གནད་དོན་དང་དབུ་མའི་ལམ་བཅས་ཀྱི་ཐོག་རྣམ་འགྱུར་འཛིན་སྟངས་དེར་དགོངས་ཚུལ་གང་འདྲ་ཡོད་དམ།
ལན། རྒྱ་ནག་དམར་པོའི་རིང་ལུགས་ཀྱི་མགོ་ཁྲིད་ཀྱི་གནས་སྟངས་ཁྱད་མཚར་ཞིག་ཡོད་པ་རེད། ཕྱི་ལོགས་སུ་གཅིག་བཤད། ནང་ལོགས་སུ་བསམ་བློ་ལོག་ག་ཅིག་གཏོང་གི་རེད། དེ་རྒྱ་ནག་གཞུང་གི་འདས་པའི་མགོ་ཁྲིད་རིམ་པ་ལས་ངས་དེ་ལྟར་མཐོང་གི་ཡོད། ཡུའུ་ཀྲིན་ཧྲིིན་གྱིས་མདོ་སྨད་བླ་བྲང་ཁུལ་དུ་སྐད་ཆ་བཤད་པའི་ཚིག་གི་ངོ་གདོང་རང་ལ་བལྟས་པ་ཡིན་ན། རྒྱ་ནག་གཞུང་གིས་ད་ལྟའི་བར་བོད་ལ་འཛིན་པའི་སྲིད་ཇུས་དང་བསམ་བློ་གཏོང་སྟངས་ལ་འགྱུར་བ་མེད་པའི་སྲོལ་འདྲ་ཞིག་འདུག་ཀྱང་། ང་རང་གིས་མ་ཤེས་པ་དང་མགོ་མ་ཚོས་པ་དེ་ཁོས་ཏཱ་ལའི་བླ་མའི་ཆེས་མཐོའི་རང་སྐྱོང་ཞེས་པ་དེ་ལས་དབུ་མའི་ལམ་ཞེས་ལབ་ཡོད་པ་མ་རེད། ཆེས་མཐོའི་རང་སྐྱོང་དང་དབུ་མའི་ལམ་ཞེས་པ་དེ་བོད་རྒྱུད་ནང་བསྟན་གྱི་རྩ་བའི་ཁེ་ཕན་དང་འགལ་ཡོད་པ་རེད་ཅེས་ལབ་འདུག དེར་ག་རེ་འགྲེལ་བཤད་རྒྱག་གི་ཡོད་མེད་ངས་ད་ལྟའང་ཤེས་ཀྱི་མི་འདུག གང་ལྟར། ཁོང་ཚོས་ཕྱི་ལོགས་སུ་གནས་ཚུལ་དེ་འདྲ་ཤོད་ཀྱི་ཡོད་པ་རེད། ནང་ལོགས་ཀ་ཡོད་པ་རེད། སྔོན་མ་སྐུ་ཚབ་ཚོ་ཕེབས་སྐབས་ཀྱང་ཕྱི་ལོགས་སུ་དེ་འདྲ་ལབ་ཀྱི་ཡོད་ཀྱང་། སྐུ་ཚབ་ཚོར་མཇལ་འཕྲད་གནང་གི་ཡོད་པ་རེད། དེར་བརྟེན། རྒྱ་ནག་གཞུང་གི་གནས་ཚུལ་ཕྱི་གསལ་ནང་གསལ་མེད་པའི་དབང་གིས། ལམ་སང་ཚོད་དཔག་བྱེད་རྒྱུ་ཁག་པོ་འདུག ཡུའུ་ཀྲིན་ཧྲིན་གྱིས་སྐད་ཆ་དུམ་བུ་གཉིས་དེ་ལ་བལྟས་པ་ཡིན་ན། འགྱུར་བ་ཕྱིན་ཨེ་ཡོད་བསམ་བསམ་ཞིག་འདུག
གསར་འགོད་པ། དོན་གོ
མ་གཞི་ལན་ཡག་པོ་གསུང་ཤག ཡིན་ནའི། ཆེད་མཁས་ཚོའི་གསུང་ན། ཕྱི་ལོགས་སུ་བོད་དོན་ཐད་རྒྱབ་བསྐྱོར་རྒྱག་མཁན་བརྒྱ་ཆའི་དགུ་བཅུ་ལྷག་རྒྱ་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་དག་རེད། ལྟ་སྤྱོད་མི་མཐུན་པ་ཞེས་པའང་མང་གཙོ་དགོས་ཞེས་ལབ་མཁན་ཚོར་གོ་དགོས་པ་རེད། དེ་བས། ད་ལྟ་ཁོ་ཚོར་དབུ་མའི་ལམ་ལ་རྒྱབ་བསྐྱོར་རྒྱག་པར་དཀའ་ངལ་ཆེན་པོ་ཞིག་ཡོང་གི་ཡོད་པ་རེད། དེ་ནི་དབུ་མའི་ལམ་གྱི་དགོངས་དོན་རིམ་པས་འགྱུར་ནས་རྒྱ་ནག་གཞུང་གི་རྩ་ཁྲིམས་འོག་ལ་འགྲོ་རྒྱུ་དེ་ཡིན་སྟབས། ཁོ་རང་ཚོའི་ལྟ་སྤྱོད་མི་མཐུན་པའི་ལངས་ཕྱོགས་ལ་ཕོག་ཐུག་ཏུ་གྱུར་ཡོད་པ་རེད། ལྷག་པར་དུ་སྐུ་ངོ་བློ་སེང་གིས་མང་གཙོ་རྩོད་ཀྱི་མེད་ལབ་པ་ནས་བོད་དོན་གླེང་མཁན་ཉུང་དུ་ཕྱིན་ཡོད་ཚོད་འདུག་ འདི་ནི་སྐུ་ངོ་ཀུན་དགར་ཁ་སྣོན་ཙམ་ཡིན། མཁྱེན་མཁན་ཚོས་གང་མང་གསུངས་རོགས། དེ་མ་གཏོགས་གནད་དོན་མང་བོ་ཞིག་ཤེས་ཐབས་ཡོད་པ་མ་རེད།
བཅར་འདྲི་ཚད་ལྡན་ཞིག་རེད། བདག་གི་དྲ་བར་དྲངས་ཆོག་པ་ཞུ།
“ནད་བརྒྱ་ལ་ཕན་པའི་སྨན་ཞིག་ཡོད་པ་རེད། སྨན་དེ་ག་རེ་ཆགས་ཀྱི་ཡོད་པ་རེད་ཅེ་ན། རྒྱ་ནག་དམངས་གཙོ་ཆགས་པ་ཡིན་ན་གནད་དོན་མང་པོ་ཞིག་རང་བཞིན་གྱིས་སེལ་འགྲོ་བ་རེད། ཅེས་སྐུ་མདུན་གྱིས་བཀའ་གནང་ཡོད་པ་རེད།”
བོད་ཀྱི་གནད་དོན་གྱི་ན་ཚ་སེལ་རྒྱུར་ཡང་དམངས་གཙོའི་སྨན་ནི་བཟང་ཤོས་ལོས་ཡིན། ང་ཚོས་ཐུན་མོང་གི་སྨན་འདིའི་ཆེད་དུ་ཐུན་མོང་གི་ནུས་པ་མཉམ་འདོན་བྱེད་དགོས།
མི་དམངས་གཙོ་བོ་ཡིན་པའི་དུས་རབས་འདིར་མི་དམངས་ཀྱིས་ཡོད་ཚད་དབང་སྒྱུར་ཐུབ་རྒྱུར་ཐེ་ཚོམ་ཅི་ཡང་མི་དགོས། ལྷག་པར་རྒྱ་ནག་ལ་མཚོན་དུང་ཕྱུར་བཅུ་གསུམ་ཡོད་པས་མི་དམངས་ཀྱི་ནུས་ཤུགས་ཅི་ཙམ་ཆེ་བ་ཚོད་དཔག་ཐུབ་པ་ཞིག་རེད།