མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་མཆོག་གིས་བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་ཐོག་ཤུཊ་རྒྱག་རྒྱུ་གལ་ཆེན་ཆཊ་ཡོད།

བོད་ཀྱི་དུས་བབ།
༢༠༡༣/༡༠/༡༠
Share on FacebookShare on TwitterShare on EmailShare on Whatsapp

སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པ་མཇུག་བསྒྲིལ་བ་དང་མཉམ་དུ། འདི་གའི་གསར་འགོད་པས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་ད་རེབ་གྲོས་ཚོགས་དང་འབྲེལ་བའི་བཅར་འདྲི་ཁག་ཅིག་ཞུས་ཡོད།

            དྲི་བ། ད་རེབ་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་དྲུག་པའི་ཐོག་གྲོས་ཆོད་དང་། གནད་དོན་གཙོ་བོ་གང་དག་ཐག་གཅོད་བྱུང་ཡོད་དམ།

          ལན། སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་དྲུག་པའི་ཐོག་གནད་དོན་གཙོ་བོ་གསུམ་གྱི་ཐོག་གྲོས་ཆོད་བཞག་ཡོད་པ་རེད། དང་པོ། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་འགྲོ་བཞིན་པའི་ཐོག་བོད་མིར་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་དེ་རེད། བོད་ནང་གི་ཛ་དྲག་གནས་སྟངས་མུ་མཐུད་གནས་ཡོད་སྟབས། གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་དེ་རྟག་པར་བཞག་བསྡད་ཡོད་པ་རེད། གཉིས་པ།  ༸ གོང་ས་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་པ་ཚོར་བཀའ་སློབ་གནང་སྐབས་དགུང་ལོ་ཉུང་འཕྲི་མཛད་པའི་དགོངས་གཞི་དང་འབྲེལ་བའི་ཐོག་གྲོས་ཆོད་བཞག་ཡོད་པ་རེད།  གསུམ་པ། ད་ཐེངས་མང་ཚོགས་རྩིས་ཁྲ་ཚོགས་ཆུང་གིས་ལས་ཀ་ཞིབ་ཚགས་པོ་ཞེ་དྲག་གནང་བ་མཇུག་སྐྱོང་ཡོང་བ་དང་སྔོན་མའི་རྩིས་རྙོག་གང་ཡོད་ཇི་ལྟར་སེལ་དགོས་པའི་སྐོར་བཅས་རེད།

            དྲི་བ། སྤྱི་འཐུས་རྒྱུན་ལས་ཀྱི་སྐབས་ལྔ་པའི་མང་ཚོགས་རྩིས་ཁྲ་ཚོགས་ཆུང་གི་ཞིབ་འཇུག་སྙན་ཐོ་དེ་གང་འདྲ་བྱུང་ཡོད་པ་དང་། ད་རེབ་ཐག་གཅོད་གཙང་མ་བཟོ་མ་ཐུབ་པའི་རྒྱུ་མཚན་གང་ལ་ཐུག་ཡོད་དམ།

          ལན།  མང་ཚོགས་རྩིས་ཁྲ་ཚོགས་ཆུང་ལ་ལས་ཀ་སྤྲད་པ་དེ་ ༢༠༡༠ དང་ ༢༠༡༡ བར་གྱི་རྩིས་ཁྲའི་གནས་སྟངས་རེད། ལོ་བཅུ་དང་ཉི་ཤུའི་རྩིས་རྙོག་ཆ་ཚང་ ༢༠༡༠ དང་ ༢༠༡༡ ལོའི་རྩིས་ཀྱི་ནང་ལ་ཡང་བསྐྱར་སླེབ་ཡོང་གི་ཡོད་པ་རེད། དེ་ལ་རིགས་གཉིས་འདྲ་བོ་ཞིག་རེད། རྩིས་ཞིབ་སྙན་ཐོའི་ནང་གི་དོགས་འདྲི་ཁག་ལ་འབྲེལ་ཡོད་ལས་ཁུངས་སོ་སོས་ལན་བརྒྱབ་པས་འཐུས་པ་བྱུང་བའི་སྐོར་ཞིག་དང་། མང་ཚོགས་རྩིས་ཁྲ་ཚོགས་ཆུང་གི་དོགས་འདྲི་ཕུལ་བར་འབྲེལ་ཡོད་ལས་ཁུངས་སོ་སོས་ལན་འདེབས་ཀྱིས་གསལ་བོ་ཆགས་པ་ཁག་ཅིག གཉིས་པ། མ་འོངས་པར་མཇུག་སྐྱོང་བྱེད་དགོས་པ་ཁག་ཅིག་རེད། མང་ཚོགས་རྩིས་ཁྲ་ཚོགས་ཆུང་གི་སྙན་ཐོ་ཆ་ཚང་གྲོས་ཚོགས་ནང་སྙན་སྒྲོན་ཞུས་ཡོད། དེ་ལ་བགྲོ་གླེང་བྱས་མཐར། མཇུག་སྐྱོང་བྱེད་རིགས་ཐོག་ཕྱི་ཟླ་ ༡༠ ཚེས་ ༢ ཉིན་བཀའ་ཤག་ལ་ཕྱག་འཕྲིན་ཕུལ་ཡོད་པ་རེད། ཕྱི་ཟླ་ ༢ ཚེས་ ༢ བར་བཀའ་ཤག་གིས་མང་ཚོགས་རྩིས་ཁྲ་ཚོགས་ཆུང་གིས་མཇུག་སྐྱོང་བྱེད་དགོས་པའི་ལམ་སྟོན་གནང་ཡོད་པ་ཆ་ཚང་དོན་ཚན་རེ་རེ་བཞིན་གསལ་བོ་བཟོས་ཏེ། མཇུག་སྐྱོང་ལག་བསྟར་གྱི་སྙན་ཐོ་ཞིག་འདོན་དགོས་ཀྱི་ཡོད་པ་རེད། དེ་ལ་དབྱིན་ཡིག་ནང་(Action taking report)ཟེར་གྱི་ཡོད་པ་རེད། དེ་སྤྱི་འཐུས་རྒྱུན་ལས་ལ་གནང་སྟེ། སྤྱི་འཐུས་རྒྱུན་ལས་ཀྱིས་བཀའ་ཤག་གི་ལག་བསྟར་གནང་ཕྱོགས་ལ་དོན་ཚན་རེ་རེ་བཞིན་ཞིབ་འཇུག་བྱས་རྗེས་གྲོས་ཚོགས་ཚོགས་དུས་ ༧ པའི་ཐོག་ལ་འཁྱེར་ཡོང་ནས་གཙང་མ་ཆགས་ཐུབ་མིན་ལ་ལྟ་དགོས་པ་རེད། མཇུག་སྐྱོང་བྱེད་དགོས་པ་དག་ལས་ཁ་ཤས་རྙོག་དྲ་ཚ་བོ་ལམ་སེང་གཙང་མ་བཟོ་མི་ཐུབ་པ་དེ་འདྲ་ཡོད་པ་རེད།

            དྲི་བ། མང་ཚོཊ་རྩིས་ཁྲ་ཚོཊ་ཆུང་གི་སྙན་ཐོའི་ནང་རྩིས་རྙོག་ཚབས་ཆེ་ཤོས་གང་དག་ཆཊ་ཡོད་པ་དང་། དེ་དག་རྩིས་ཉོག་ཆཊ་དགོས་པའི་རྒྱུ་མཚན་དང་མ་འོངས་པར་དཀའ་ངལ་སེལ་ཐབས་གང་འདྲ་ཡོད་དམ།  

          ལན། རྩིས་རྙོག་དངུལ་འབོར་ཆུང་ཚགས་དེ་འདྲ་མང་པོ་ཡོད་པ་རེད། དེ་རིགས་མཇུག་སྐྱོང་ཆེད་ཕར་ཚུར་དྲི་བ་དྲིས་ལན་དང་། དུས་ཚོད་མང་པོ་བཏང་ན་ཕན་ཐོགས་མེད་པའི་གནས་སྟངས་ཆགས་ཡོད་པ་རེད། རྙོག་དྲ་ཚབས་ཆེ་ཤོས་འདྲ་བོ་དེ་ཕྱི་རྒྱལ་དོན་གཅོད་ཁང་གི་ལས་བྱེད་དེ་དག་གི་གཞུང་ཁྲལ་དང་འབྲེལ་བ་ཡོད་པ་དེ་རེད། དེར་ཧིན་སྒོར་འབུམ་བདུན་བཅུ་བརྒྱད་བཅུ་ལྷག་གི་གནས་སྟངས་ཤིག་ཡོད་པ་རེད། དེ་ཚོ་སྐབས་དང་དུས་ལ་ལག་བསྟར་བྱེད་སྟངས་དང་མཇུག་སྐྱོང་སྟངས་ཏག་ཏག་མ་བསྡད་པ་མ་གཏོགས། ལྐོག་ཟ་རུལ་སུངས་བྱས་བཞག་པ་དེ་འདྲ་མ་རེད། དེ་ཚོར་མང་ཚོགས་རྩིས་ཁྲ་ཚོགས་ཆུང་གིས་ལམ་སྟོན་གསལ་བོ་གནང་ཡོད་པ་རེད། གང་ལྟར་འཛིན་སྐྱོང་གི་ངོས་ནས་གྲོས་ཚོགས་ལ་འཁྱེར་མ་ཐུབ་པའི་གནས་སྟངས་ཤིག་ཆགས་པ་རེད། ཐེངས་རྗེས་མའི་གྲོས་ཚོགས་ནང་དེ་རིགས་གཙང་མ་མི་བཟོ་རང་བཟོ་ཆགས་ཡོད་པ་རེད། 

            དྲི་བ།  ད་ལོའི་ཕྱི་ཟླ་གསུམ་པའི་གྲོས་ཚོགས་ནང་བོད་མིའི་སྒྲིག་འཛུགས་ཀྱི་ཟུར་བཀོལ་མ་དངུལ་ཉུང་དུ་འགྲོ་བཞིན་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཁྱོན་ཡོངས་ལ་རྩིས་ཞིབ་བྱེད་རྒྱུ། དེ་བཞིན། འཛིན་སྐྱོང་བཀའ་ཤག་གིས་མ་འོངས་པར་དཔལ་འབྱོར་བསྐྱར་ཞིབ་སྙན་ཐོ་འདོན་རྒྱུ་སོགས་ལ་གླེང་སློང་བྱུང་པའི་གནས་སྟངས་གང་འདྲ་ཆགས་ཡོད། 

          ལན། ཐེངས་འདིའི་གྲོས་ཚོགས་ནང་དེའི་སྐོར་དེ་ཙམ་གྱི་གླེང་སློང་བྱུང་ཡོད་པ་མ་རེད། གྲོས་ཚོགས་ཚོགས་དུས་ལྔ་པའི་སྐབས་སུ་གླེང་སློང་ཤུགས་ཆེན་པོ་བྱུང་བ་དངོས་ཡོད་རེད། ལོ་རྗེས་མའི་ཕྱི་ཟླ་ ༣ པའི་གྲོས་ཚོགས་ཚོགས་དུས་བདུན་པའི་ཐོག་བཀའ་ཤག་གིས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གནས་བབ་ཀྱི་སྙན་ཐོ་ཆ་ཚང་ཞིག་འཁྱེར་ཡོང་རྒྱུར་ཚོགས་གཙོས་ལམ་སྟོན་བྱས་ཡོད་ལ། བཀའ་ཤག་གི་ངོས་ནས་ཀྱང་འཁྱེར་ཡོང་གི་ཡིན་ལབ་ཡོད། དེར་བརྟེན་ལོ་རྗེས་མའི་ཕྱི་ཟླ་ ༣ པའི་གྲོས་ཚོགས་ནང་། ལྷན་ཁང་ཁག་གི་ཟུར་བཀོལ་གནས་བབ་ཚུད་པའི་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གནས་བབ་ཡོངས་རྫོགས་བསླེབ་ཡོང་གི་རེད།

            དྲི་བ། ཚོགས་འདུའི་ཉིན་གཉིས་པར་བཀའ་ཤག་གི་གསལ་བཤད་ཅིག་གནང་ཡོད་པའི་ཐོག གྲོས་ཚོགས་འཐུས་མི་ཚོར་དགོངས་ཚུལ་གང་འདྲ་བྱུང་ཡོད་དམ།

          ལན། བཀའ་ཤག་གི་གསལ་བཤད་ནང་མང་ཚོགས་ལ་དབུ་མའི་ལམ་གྱི་གོ་རྟོགས་ཤུགས་ཆེ་ཙམ་སྤེལ་རྒྱུ་ཡིན་གསུངས་ཡོད་པ་རེད། དབུ་མའི་ལམ་དེ་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དང་༸གོང་ས་མཆོག་གི་དགོངས་གཞི། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་མོས་གཏན་འབེབས་གནང་བའི་སྲིད་བྱུས་ཤིག་རེད། སྲིད་བྱུས་དེར་འགྱུར་བ་མ་ཕྱིན་བར། དེ་ལ་སྲུང་སྐྱོབ་བྱེད་རྒྱུ་དང་། མང་ཚོགས་ནང་གོ་རྟོགས་སྤེལ་རྒྱུ། རྩ་དོན་དང་འབྲེལ་བའི་ལས་དོན་རིགས་སྲིད་བྱུས་དེ་ལ་བསྟུན་ཏེ་འགྲོ་རྒྱུ་བཀའ་ཤག་གི་ལས་འགན་རེད། ཚོགས་གཙོའི་ངོས་ནས་ད་རེབ་གྲོས་ཚོགས་ནང་བཀའ་ཤག་གིས་སྔར་དང་མི་འདྲ་བའི་ནན་པོ་གསུངས་བ་དེར་དགའ་བསུ་ཞུ་བཞིན་ཡོད།

            སྤྱིར་བཏང་དེང་སྐབས་རྩོམ་ཡིག་འབྲི་མཁན་དང་གསར་འགྱུར་སྤེལ་མཁན་ཚོའི་ནང་དུ་སྤྱི་ཚོགས་ནང་དཀྲོགས་རྐྱེན་སློང་མཁན་མང་པོ་ཞིག་ཡོང་གི་འདུག ལྷག་པར་དུ་དེང་སང་དམ་ཉམས་ཀྱི་སྤྱི་ཚོགས་ཤིག་ཆགས་ཀྱི་འདུག་ཟེར་བ་དེ་བརྒྱུད་ལམ་ཁག་རེ་ཟུང་ནང་ཆོས་ཀྱིས་འགྲིག་གི་མེད་པ་དང་། ཆོས་ཀྱིས་བོད་བསྐྱལ་བ་རེད་ཟེར་བ་སོགས་ཡོང་གི་འདུག དེ་རིགས་ཏག་ཏག་བསྡད་ཡོད་པ་མ་རེད། དངོས་ཡོད་གནས་ཚུལ་ལ་ཞིབ་འཇུག་བྱས་ཏེ་ཁུངས་སྐྱེལ་ར་སྤྲོད་གསལ་བོ་ཡོད་ན་སྐྱོན་བརྗོད་ཐེར་འདོན་བྱེད་ཆོག་གི་རེད། དེ་ལ་སྲུང་སྐྱོབ་བྱེད་པའི་འགན་ང་ཚོར་ཡོད་པ་རེད། ད་རེབ་གྲོས་ཚོགས་ནང་དུའང་དམངས་གཙོ་ཡོད་མེད་དང་སྨྲ་བརྗོད་རང་དབང་ཡོད་མེད་སྐོར་ནས་བཤད་དགོས་བྱུང་སོང་། དེ་རིང་ཁྱེད་ཚོའི་ཚགས་པར་བརྒྱུད་ནས་ཡང་བསྐྱར་ཞུ་བཞིན་ཡོད།

            དྲི་བ།  སྲིད་སྐྱོང་དང་བཀའ་ཤག་གི་ངོས་ནས་བོད་རྒྱ་འབྲེལ་མོལ་སྐོར་ལ་གྲོས་ཚོགས་ནང་གསལ་བཤད་གནང་བའི་ཐོག་སྐུ་ཉིད་ལ་དགོངས་ཚུལ་གང་འདྲ་ཡོད་དམ།

          ལན། ཁ་སང་གྲོས་ཚོགས་མཇུག་བསྡོམས་ཀྱི་ཚོགས་གཙོའི་གཏམ་བཤད་ནང་བཤད་ཡོད། བོད་རྒྱ་འབྲེལ་མོལ་གྱི་གནས་ཚུལ་དེ་འཛིན་སྐྱོང་བཀའ་ཤག་དང་། ལྷག་པར་དུ་སྲིད་སྐྱོང་གི་འགན་རེད། ཆབ་སྲིད་དང་འཛིན་སྐྱོང་གི་འགན་དབང་ཆ་ཚང་ཡོད་པའི་ཆ་ནས་འབྲེལ་མོལ་བསྐྱར་མཐུད་སོགས་སྲིད་སྐྱོང་གི་ལས་འགན་ཆགས་ཡོད་པ་རེད། འདས་པའི་ཟླ་བ་ཁ་ཤས་ནང་བོད་རྒྱ་འབྲེལ་མོལ་ཐོག་ཤུགས་རྒྱག་གི་ཡོད་ཅེས་གསུངས་ཡོད་པ་རེད།  ཡིན་ནའང་དོན་དམ་གྱིས་ག་ཚོད་ཅིག་འགྲུབ་དང་མ་འགྲུབ་ཁ་སང་གྲོས་ཚོགས་ནང་གསལ་བཤད་ཞུས་པ་ལས་ལྷག་ཅིག་ཞུ་རྒྱུ་མེད་པ་གསལ་བོ་རེད། ཚོགས་གཙོའི་རེ་བ་གང་ཡིན་ཟེར་ན། དངོས་ཤུགས་བརྒྱུད་གསུམ་ནས་རྒྱ་ནག་ལ་འབྲེལ་བ་ཇི་ལྟར་བྱེད་དགོས་པ་དང་། ཕར་ཕྱོགས་ལ་གོ་བརྡ་འཕྲོད་པ་ཞིག་ཇི་ལྟར་བྱེད་དགོས་པ། བོད་རྒྱ་འབྲེལ་མོལ་ཇི་ལྟར་མཐུད་ཐུབ་ས་རེད། དེའི་ཐོག་ལ་ཤུགས་རྒྱག་དགོས་པ་དེ་གལ་ཆེ་ཤོས་རེད་བསམ་གྱི་འདུག འབྲེལ་མོལ་དངོས་སུ་གནང་མཁན་དེ་ལོགས་ཀ་རེད། འབྲེལ་མོལ་མཐུད་མཁན་དེ་ཕྱི་རྒྱལ་གྱི་ཆབ་སྲིད་མི་སྣ་བེད་སྤྱོད་གཏོང་དགོས་པ་ཡིན་ན་འདྲ། བོད་པ་ནང་ཁུལ་དང་རྒྱ་རིགས་ག་རེ་ཡིན་ཡང་ཐབས་ཤེས་གནང་ན་འགྲིག་གི་ཡོད་པ་རེད་བསམ་གྱི་འདུག ད་རེབ་གྲོས་ཚོགས་ནང་གླེང་སློང་གང་འཚམ་བྱུང་བ་རེད། སྤྱི་འཐུས་ཚོའི་དྲི་བ་ཁ་ཤས་ལ་སྲིད་སྐྱོང་གིས་ལན་བསྐྱོན་ཡོད་པ་མ་རེད། དེར་ཚོགས་གཙོའི་སྟངས་འཛིན་སྐབས། སྟབས་བདེ་བོ་མེད་རིགས་ལ་ལན་མ་བརྒྱབ་ན་འགྲིག་གི་རེད་ཅེས་ཞུས་ཡོད་སྟབས་མ་བསྐྱོན་པ་ཡིན་རྒྱུ་རེད། 

            དྲི་བ། ཤེས་ཡོན་སྲིད་བྱུས་ཐོག་ད་རེབ་གྲོས་ཚོགས་ནང་གླེང་སློང་མང་པོ་བྱུང་སོང་། དེའི་ཐོག་བཀའ་ཤག་སྐབས་བཅུ་བཞི་པའི་སྲིད་བྱུས་དང་ཕྱག་ལས་གནང་སྟངས་གང་འདྲ་འདུག་གམ། 

          ལན། སྲིད་སྐྱོང་ཤེས་རིག་བཀའ་བློན་ཆགས་བསྡད་ཡོད་པ་རེད། གྲོས་ཚོགས་ནང་དུ་དྲི་བ་གཅིག་གཉིས་ཙམ་མིན་པར་སྤྱི་འཐུས་མང་པོ་ཞིག་གིས་ཤེས་ཡོན་སྲིད་བྱུས་དང་། ལྷག་པར་དུ་ཤེས་རིག་ལས་ཁུངས་ཀྱི་གསལ་བསྒྲགས་སྐོར་ལ་དྲི་བ་གནང་སོང་། དེ་དག་ལ་ཤེས་རིག་བཀའ་བློན་སྲིད་སྐྱོང་མཆོག་གིས་ལན་གསལ་བོ་གནང་སོང་བསམ་ཡོད། སྤྱིར་བཏང་ཤེས་ཡོན་སྲིད་བྱུས་དེ་འཛིན་སྐྱོང་གིས་གཏན་འབེབས་བྱེད་ཆོག་པ་ཞིག་ཡིན་ཡང་། བཀའ་ཤག་སྐབས་སྔོན་མའི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཧ་ཅང་གལ་ཆེན་དུ་བརྩིས་ཏེ། གྲོས་ཚོགས་ཀྱིས་ཤེས་ཡོན་སྲིད་བྱུས་ཀྱི་སྒྲིག་གཞི་གཏན་འབེབས་གནང་པ་རེད། གནད་འགག་གང་ལ་ཐུག་ཡོད་པ་རེད་ཟེར་ན། ད་ལྟའི་བཀའ་ཤག་ཤེས་ཡོན་སྲིད་བྱུས་ཀྱི་སྒྲིག་གཞི་འདི་དང་དེ་ལ་འགལ་གྱི་འདུག་ཅེས་ལབ་པ་ཡིན་ན་ལག་པ་འཆང་ས་ཞིག་ཡོད་པ་རེད། དེ་མ་གཏོགས་བཀའ་ཤག་སྐབས་བཅུ་བཞི་པས་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་ཀྱི་མི་འདུག ཤེས་རིག་ལས་ཁུངས་ཀྱི་བྱེད་སྟངས་དེ་འགྲིག་གི་མི་འདུག་ལབ་ན་ལག་པ་འཆང་ས་གང་ཡང་ཡོད་པ་མ་རེད། བཀའ་ཤག་གིས་གྲོས་ཚོགས་ནང་གསལ་བཤད་གནང་སྟངས་བྱས་ན། ཤེས་ཡོན་སྲིད་བྱུས་ཐོག་ལས་རིམ་མང་པོ་ཞིག་བང་སྒྲིག་ཡོད་ལབ་པ་དེར་སྤྱི་འཐུས་ཚོས་མ་རེད་ལབ་མཁན་བྱུང་མ་སོང་། 

            དྲི་བ། ད་རེབ་གྲོས་ཚོགས་ཚོགས་རྒྱུན་རིང་མང་ཚོགས་ཁག་ཅིག་གིས་སྤྱི་འཐུས་ཤིག་གི་གནང་སྟངས་ཐོག བཀའ་ཤག་སྒོ་ཁར་ངོ་རྒོལ་གནང་སྟེ་ཁོང་གྲོས་ཚོགས་ནས་ཕྱིར་འཕུད་གཏོང་དགོས་པའི་རེ་འདུན་བཏོན་ཡོད་པ་རེད། དེ་ལ་གྲོས་ཚོགས་ཀྱིས་ཐག་གཅོད་གང་འདྲ་གནང་ཡོད་དམ།

          ལན། ཐོག་མ་ཆབ་སྲིད་བཙོན་ཟུར་ཁག་ཅིག་དང་ངྷ་རམ་ས་ལའི་མང་ཚོགས་ཁ་ཤས་ཀྱིས་ས་ཡིག་བརྒྱབ་ཡོད་པའི་ཡིག་ཆ་ཞིག་འབྱོར་སོང་། དེ་ནས་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་ལྔ་པའི་ཞོགས་པར། ཁོང་ཚོས་ལག་ཏུ་སྦྱར་ཤིང་བསྣམས་ཏེ་ཀརྨ་ཆོས་འཕེལ་ཕྱིར་འཕུད་གཏོང་དགོས་ཡོད་ལབ་པ་རེད། ངས་ཁོང་ཚོ་ཡིག་ཚང་ལ་སྐད་བཏང་སྟེ་ཞུས་པ་ཡིན། སྤྱིར་བཏང་ང་ཚོའི་སྤྱི་ཚོགས་ནང་རྙོག་དྲ་ཆེ་འབྲིང་ཆུང་གསུམ་ཡོང་གི་རེད། ཁྱེད་ཅག་ལའང་ཐུགས་ཁག་ཡོད་པ་མ་རེད། ཡིན་ནའང་དཀའ་ངལ་དེ་མཇུག་མ་བསྡོམས་པར་མུ་མཐུད་ལྷག་བསྡད་ན་འགྲིག་གི་ཡོད་པ་མ་རེད། དེར་བརྟེན། སྤྱི་འཐུས་ཀརྨ་ཆོས་འཕེལ་གྱི་གནས་བབ་ལྟ་བུ་ཡིན་ན་ཁོ་རང་གིས་༸གོང་ས་མཆོག་ལ་མཚན་འཁོད་སྙན་ཞུ་ཕུལ་ཡོད་པ་དང་། གྲོས་ཚོགས་ནང་བཤད་པའི་གནད་དོན་དེ་དང་འབྲེལ་བའི་སྔར་གྱི་བྱས་ལས་ལ་འགྱོད་བཤགས་དང་ཕྱིན་ཆད་སྤང་བླངས་ཐད། མ་འོངས་པར་དེའི་སྐོར་གླེང་སློང་མི་བྱེད་པར་དམ་བཅའ་བཞག་ཡོད་པ་རེད། ཁོ་རང་གིས་སྤྱི་འཐུས་ཚོགས་གཙོ་བགྲེས་གཞོན་གཉིས་ཀྱི་མཚན་ཐོག་སྙན་ཞུ་ཞིག་ཕུལ་ཏེ། ཁོ་རང་གིས་གྲོས་ཚོགས་ནང་གང་བཤད་པ་ཆ་ཚང་གྲོས་ཚོགས་ཡིག་ཆའི་ནང་ནས་ཕྱིར་འཐེན་གནང་རོགས་ཞེས་ལབ་འདུག འོན་ཀྱང་གྲོས་ཚོགས་ཀྱི་འགྲོ་སྟངས་ཡིན་ན། གྲོས་ཚོགས་མ་རྫོགས་སྔོན་ལ་སྤྱི་འཐུས་ཤིག་གི་བཀའ་མོལ་འགྲིག་དང་མ་འགྲིག་བྱུང་ན་ཕྱིར་འཐེན་བྱེད་པའི་ལམ་ཁ་དེ་ཡོད་ཀྱང་། ཀརྨ་ཆོས་འཕེལ་གྱི་བཀའ་མོལ་དེ་ཟླ་བ་དྲུག་ཕྱིན་ཚར་བ་རེད། སྤྱི་ཚོགས་ནང་གླེང་སློང་གང་འཚམ་ཕྱིན་ཚར་བ་རེད། དེ་ལ་བྱེད་སྟངས་མ་ཤེས་པ་ཞིག་ཆགས་སྟབས། ང་ཚོས་རྒྱ་གར་གྲོས་ཚོགས་འོག་མའི་དྲུང་ཆེ་རྒྱུན་རིང་གནང་མྱོང་མཁན་ཞིག་ལ་བཀའ་འདྲི་ཞུས་ཏེ། ང་ཚོའི་མཐའ་མའི་ཐག་གཅོད་དེ། བཀའ་མོལ་གནང་མཁན་ཁོ་རང་གིས་དགོངས་དག་ཞུས་ཡོད་སྟབས། ཟླ་བ་དྲུག་ཕྱིན་ཚར་བ་ཞིག་གྲོས་ཚོགས་ལས་རིམ་ནས་འདོན་ཐུབ་མེད་ན་ཡང་། མ་འོངས་པར་གྲོས་ཚོགས་ནང་གླེང་སློང་དང་ལུང་འདྲེན་བྱེད་མི་ཆོག་པར་ཐག་གཅོད་བྱས་ཡོད། 

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

ཆུ་ཚོད་ ༢༡ སྔོན་ལ།
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥

མཆན། 25

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    “གཞིས་བྱེས་བོད་མི་ཡོངས་ཀྱི་ངོ་ཚབ་ཞུ་རྒྱུའི་བདག་དབང་བཞུགས་སྒར་ངྷ་སར་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་ལ་ཡོད་པ་ལས་གཞན་མི་སུ་གཅིག་ལ་ཡང་བོད་མིའི་ངོ་ཚབ་བམ་འཐུས་མི་ཡིན་ཁུལ་བྱ་རྒྱུའི་འགན་དབང་གང་ཡང་མེད་པ་དེ་ཧ་ཅང་གསལ་པོ་རེད། བརྒྱུད་ལམ་གཅིག་དང་གྲོས་གཞི་གཅིག་ཡིན། བརྒྱུད་ལམ་དེ་ངྷ་སར་ཡོད་པའི་སྒྲིག་འཛུགས་དེ་བརྒྱུད་ནས་མ་གཏོགས་སུ་ཞིག་གིས་ཚབ་བྱེད་ཆོག་གི་མེད”
    འདི་ལྟར་ན་སྒྲིག་འཛུགས་དེར་མ་གཏོགས་པའི་རྒྱ་ཆེའི་གཞིས་ལུས་མི་དམངས་ལ་ཡང་ཐོབ་ཐང་དེ་མེད་སོང་བ་མ་རེད་དམ། ངས་བལྟས་ན་ངོ་ཚབ་དང་པོ་དེ་གཞིས་བཞུགས་རྒྱ་ཆེའི་བོད་མི་དམངས་རང་རེད། གཉིས་པ་དེ་སྐྱབས་མགོན་ཏ་ལཱའི་བླ་མ་རེད། གསུམ་པ་དེ་ང་ཚོའི་བཀའ་སྤྱི་གཉིས་རེད། བཞི་བ་དེ་་་་་་

    Reply
  2. སེར་སྨད་བློ་དགའ། says:
    ལོ་ 13 སྔོན།

    ཝོ་་་་་དོན་འགྲུབ་བཀྲ་ཤིས་ལགས། དགོངས་དག ཁྱེད་ཀྱིས་ཞིབ་ཚགས་ཙམ་གྱི་བཀའ་ལན་དེ་བྲིས་ནས་དུས་ཚོད་གང་འཚམས་ཕྱིན་འདུག ངས་ལས་ཀའི་རྐྱེན་པས་བཀའ་ལན་དེར་བལྟ་རྒྱུ་རྩ་བ་ནས་མ་བྱུང་།
    འོན་ཀྱང་། བརྒྱུད་ལམ་གཅིག་ཅེས་པ་ནི། ཁྱེད་ཀྱིས་གསུང་ན། “དམིགས་བསལ་སྐུ་ཚབ་རྣམ་གཉིས་ཀྱིས་དགོངས་པ་ཞུས་ཏེ་བརྒྱུད་ལམ་གཅིག་དེ་རང་བཞིན་གྱིས་མེད་པ་ཆགས་ཡོད་ཀྱང་།” ཞེས་པར་བལྟས་ན་ཕལ་ཆེར་དམིགས་བསལ་སྐུ་ཚབ་གཉིས་རང་ལ་ངོས་འཛིན་གནང་འདུག
    ངས་གོ་བ་ལེན་ཕྱོགས་ལ། བརྒྱུད་ལམ་གཅིག་ཅེས་པ་བརྒྱུད་ལམ་དེ་རང་ལ་ངོས་འཛིན་བྱེད་པ་མ་གཏོགས། བརྒྱུད་ལམ་དེ་རྒྱུད་མཁན་གྱི་མི་སྣ་གཉིས་ལ་གོ་བ་བླངས་མེད། བརྒྱུད་ལམ་གཅིག་ཅེས་པ་དེ་མི་གཅིག་གི་སྐུ་ཚབ་ཡིནའང་འདྲ། སྒྲིག་འཛུགས་ཀྱི་སྐུ་ཚབ་ཡིནའང་རེད། གང་ལྟར་དེ་པེ་ཅིན་གཞུང་དང་ངྷ་སའི་གཞུང་གཉིས་བར་གྱི་སྤྱི་འབྲེལ་གྱི་ལམ་བུ་དེར་བརྒྱུད་ལམ་གཅིག་ཏུ་ངོས་འཛིན་བྱས་ཏེ། བརྒྱུད་ལམ་དེ་འགྲིམ་མཁན་ནི་མི་སྒེར་དང་སྒྲིག་འཛུགས་སུ་ཡིན་ཡང་ཁྱད་པར་ཆེན་པོ་འགྲོ་ཡི་མ་རེད་བསམ་པ་དེ་ཡིན།
    བརྒྱུད་ལམ་གཅིག་ཅེས་ཤུགས་ཆེན་པོ་བྱ་དགོས་དོན་ནི་སྒྲིག་འཛུགས་ཀྱིས་གཏན་འཁེལ་བརྒྱུད་ལམ་ལས་བརྒྱུད་ལམ་གཞན་པར་མི་བརྒྱུད་ཅེས་པ་དེར་བབ་ཀྱི་རེད། དེའི་བརྒྱུད་ལམ་ལ་གཅིག་ལས་མེད་ཀྱང་འགྲིམ་མཁན་དེ་མི་འདྲ་བར་འགྱུར་ཆོག་པ་ཞིག་རེད།

    Reply
  3. ཤག་སྒང་པ། says:
    ལོ་ 13 སྔོན།

    བཀུར་འོས་སྤྱི་འཐུས་ཚོགས་གཙོ་མཆོག་གི་ལམ་དབུས་མའི་སྲིད་བྱུས་ཀྱི་ཁོག་སྦུག་དང་འབྲེལ་བའི་གསུང་ཚིག་ལ་ད་དུང་གསལ་ཆ་ནང་ཆ་ཆེ་ཙམ་དགོས་པར་འདོད་དོ།།

    Reply
  4. དོན་འགྲུབ་བཀྲ་ཤིས། says:
    ལོ་ 13 སྔོན།

    སེར་སྨད་བློ་དགའ་ལགས། ཚོགས་གཙོ་མཆོག་གིས་ “བོད་རྒྱ་འབྲེལ་མོལ་གྱི་གནས་ཚུལ་དེ་འཛིན་སྐྱོང་བཀའ་ཤག་དང་། ལྷག་པར་དུ་སྲིད་སྐྱོང་གི་འགན་རེད།” གསུངས་པ་དེ་བདེན་པ་རེད། དམངས་གཙོའི་ཀ་བ་གསུམ་གྱི་འགན་དབང་ལྗིད་སྙོམས་སྟངས་འཛིན་ལྟར་ན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་མི་མང་ལ་འགན་འཁུར་དགོས་ཤིང་དུས་ནས་དུས་སུ་ཁྲིམས་སྒྲིག་རིགས་གཏན་འབེབས་བྱེད་མཁན་ཁྲིམས་བཟོ་ལྷན་ཚོགས་ཡིན་པ་དང་། བཀའ་ཤག་གིས་སྤྱི་འཐུས་ལྷན་ཚོགས་ལ་འགན་འཁུར་བའི་ཐོག་ནས་ཆབ་སྲིད་ལམ་ཕྱོགས་གཞིར་བཟུང་སྲིད་བྱུས་བཀོད་སྒྲིག་དང་དེ་འབྲེལ་གྱི་ལས་དོན་ཁག་ལག་བསྟར་བྱེད་མཁན་འཛིན་སྐྱོང་ཡིན། དེར་བརྟེན། བོད་རྒྱ་འབྲེལ་མོལ་དེ་སྲིད་སྐྱོང་མཆོག་གིས་དབུ་འཁྲིད་པའི་འཛིན་སྐྱོང་བཀའ་ཤག་དང་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ལས་འགན་ཆགས་ཡོད། ང་ཚོས་༧གོང་ས་མཆོག་གིས་སྲིད་དབང་རྩིས་སྤྲོད་སྐོར་ལ། “ཆབ་སྲིད་དང་འཛིན་སྐྱོང་གི་ཐུགས་འགན་ཡོངས་རྫོགས་དམངས་གཙོའི་ལམ་ནས་འོས་འདེམས་བྱས་པའི་དབུ་ཁྲིད་ཚོར་བགོ་བཤའ་བརྒྱབ” ཅེས་པའི་ཚིག་དོན་ཡང་འདི་ལ་ཐུག་ཡོད།

    སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་དུས་དགུ་པའི་སྟེང་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས། “མ་འོངས་པར་བོད་རྒྱ་འབྲེལ་མོལ་གྱི་ལས་རིམ་དེ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་མོས་གྲོས་ཆོད་སྔ་རྗེས་ཀྱི་དགོངས་དོན་བཞིན་༧གོང་ས་མཆོག་གིས་ཡེ་ཤེས་དབྱིངས་དཔྱད་ཀྱིས་གནང་དགོས་པ་ཆགས་ཀྱི་རེད་དམ། ཕྱིན་ཆད་གནད་དོན་དེར་སྤྱི་འཐུས་ལྷན་ཚོགས་རང་གིས་ཐུགས་འགན་གཙང་མ་བཞེས་རྒྱུ་རེད། དེ་གསལ་པོ་ཞིག་ཐག་གཅོད་གནང་རོགས། བོད་རྒྱ་འབྲེལ་མོལ་སྐོར་ལ་མ་འོངས་པར་སྤྱི་འཐུས་ལྷན་ཚོགས་ཀྱིས་ཐུགས་འགན་བཞེས་རྒྱུའི་ཐག་གཅོད་བྱུང་ན། དེ་སྔ་ཕན་ཆད་ཀྱི་གྲོས་ཆོད་ཁག་ཅིག་ཕྱིར་བསྡུ་དང་འབྱུང་འགྱུར་ལས་དོན་བྱེད་ཕྱོགས་ཞལ་གསལ་པོ་བཟོ་གནང་དགོས། གལ་སྲིད་༧སྐྱབས་མགོན་རིན་པོ་ཆེས་སྔར་རྒྱུན་བཞིན་ཐུགས་འགན་བཞེས་དགོས་ཡོད་གསུངས་པ་ཡིན་ན། སྔར་ཡོད་གྲོས་ཆོད་ཁག་ལ་མཇུག་གནོན་དང་འབྱུང་འགྱུར་དེའི་ཐད་གྲོས་ཚོགས་ནང་དགོས་པ་མེད་པའི་དྲི་བ་དང་གླེང་སློང་མི་ཡོང་བ་གནང་རོགས”ཞེས་གསུངས་ཡོད། བཀའ་ཁྲི་མཆོག་གིས་དེ་ལྟར་བཀའ་ནན་ཕེབས་དོན་སྐབས་དེར་སྤྱི་ཚོགས་ནང་ “གྲོས་ཚོགས་ལ་མ་བསྟན་པའི་ཡིག་ཆ།”ཞེས་པའི་གླེང་གཞི་ཞིག་འགྲོ་བཞིན་ཡོད་པ་དང་། ལྷག་པར་དུ་སྤྱི་འཐུས་གྲོས་ཚོགས་ནང་གནས་ཚུལ་དེའི་སྐོར་ལ་དོགས་འདྲི་མང་པོ་བྱུང་སྟབས། བཀའ་ཁྲི་མཆོག་གིས་བཀའ་སྤྱི་གཉིས་ཀྱི་འགན་དབང་གི་ས་མཚམས་གསལ་བོ་བཟོས་པ་རེད།

    བོད་རྒྱལ་ཡོངས་དམིགས་བསལ་ཚོགས་ཆེན་ཐེངས་དང་པོའི་སྟེང་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས། བོད་རྒྱའི་འབྲེལ་མོལ་གྱི་ཐད་ནས་འཛིན་སྐྱོང་བཀའ་ཤག་གིས་བརྒྱུད་ལམ་གཅིག་དང་གྲོས་གཞི་གཅིག་གི་སྲིད་བྱུས་བཟུང་ཡོད། ‘གྲོས་གཞི་གཅིག’ དེ་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་ནས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐུབ་བྱ་རྒྱུ་དང་། ‘བརྒྱུད་ལམ་གཅིག’ དེ་པེ་ཅིན་གཞུང་དང་ངྷ་སའི་གཞུང་གཉིས་བར་གྱི་བརྒྱུད་ལམ་ཉག་གཅིག་དེ་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེ་མཆོག་དང་སྐལ་བཟང་རྒྱལ་མཚན་རྣམ་གཉིས་ནི་ཡིན་ཞེས་གསལ་བཤད་གནང་ཡོད།

    ༢༠༡༡ ཟླ་ ༡༡ ཚེས་ ༢༡ ཉིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སུད་སིའི་མི་མང་བརྒྱ་སྐོར་ཞིག་ལ་གསུང་བཤད་གནང་སྐབས། “གཞིས་བྱེས་བོད་མི་ཡོངས་ཀྱི་ངོ་ཚབ་ཞུ་རྒྱུའི་བདག་དབང་བཞུགས་སྒར་ངྷ་སར་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་ལ་ཡོད་པ་ལས་གཞན་མི་སུ་གཅིག་ལ་ཡང་བོད་མིའི་ངོ་ཚབ་བམ་འཐུས་མི་ཡིན་ཁུལ་བྱ་རྒྱུའི་འགན་དབང་གང་ཡང་མེད་པ་དེ་ཧ་ཅང་གསལ་པོ་རེད། བརྒྱུད་ལམ་གཅིག་དང་གྲོས་གཞི་གཅིག་ཡིན། བརྒྱུད་ལམ་དེ་ངྷ་སར་ཡོད་པའི་སྒྲིག་འཛུགས་དེ་བརྒྱུད་ནས་མ་གཏོགས་སུ་ཞིག་གིས་ཚབ་བྱེད་ཆོག་གི་མེད” ཅེས་གསུངས་ཡོད།

    ངས་འདི་ནས་དོགས་སློང་བྱེད་ཡུལ་ནི། དམིགས་བསལ་སྐུ་ཚབ་རྣམ་གཉིས་ཀྱིས་དགོངས་པ་ཞུས་ཏེ་བརྒྱུད་ལམ་གཅིག་དེ་རང་བཞིན་གྱིས་མེད་པ་ཆགས་ཡོད་ཀྱང་། བརྒྱུད་ལམ་གཅིག་གི་སྲིད་བྱུས་དེར་འགྱུར་བ་ཕྱིན་ཡོད་པ་བཀའ་ཤག་སྐབས་བཅུ་བཞི་པས་གསལ་བཤད་གང་ཡང་གནང་མེད་སྟབས། སྲིད་བྱུས་དེ་ད་ལྟ་རང་འཇགས་གནས་ཡོད་པར་ངོས་འཛིན་མི་བྱེད་ཐབས་མེད་ཆགས་ཡོད་པ་དེ་ཡིན་ནོ།།

    Reply
  5. སེར་སྨད་བློ་དགའ། says:
    ལོ་ 13 སྔོན།

    ཨོ་་་་་དོན་འགྲུབ་བཀྲ་ཤིས་ལགས། ཚོགས་གཙོའི་བཀའ་ལན་ནང་། “བོད་རྒྱ་འབྲེལ་མོལ་གྱི་གནས་ཚུལ་དེ་འཛིན་སྐྱོང་བཀའ་ཤག་དང་། ལྷག་པར་དུ་སྲིད་སྐྱོང་གི་འགན་རེད།” གསུངས་པ་དེས་ནི། སྤྱི་འཐུས་ལ་བོད་རྒྱ་འབྲེལ་མོལ་སྐོར་ཐུགས་འགན་ཡོད་པ་མ་རེད་ཟེར་བ་ཞིག་བསྟན་འདུག ཅེས་ངས་ཞུས་ཚར་བ་ཡིན་ལ། དེའི་སྟབས་ཀྱིས་བོད་རྒྱའི་འབྲེལ་མོལ་སྐོར། ཕྱི་ལོ་༢༠༠༢ ལོར་འབྲེལ་མོལ་བསྐྱར་མཐུད་བྱུང་བ་ནས་བརྒྱུད་ལམ་གཅིག་དང་གྲོས་གཞི་གཅིག་གི་སྲིད་བྱུས་དེ་འགན་ཁུར་རྒྱུའི་ཐོག སྤྱི་འཐུས་ཀྱི་གསུང་བཤད་ལ་ང་ཚོས་དཔྱད་པ་བྱ་དགོས་པ་གང་ཡང་ལྷག་མེད། སྤྱི་འཐུས་ལྷན་ཚོགས་དེ་ཚོགས་གཙོས་སྣེ་ཁྲིད་ནས་ལམ་ཁ་གཞན་དག་ཅིག་ལ་འགྲོ་ཡི་ཡོད་པ་ཡིན་དུས་་་་་་་་་་་་་་་་་ང་ཚོའི་ངོས་ནས་་་་་་་་་

    Reply
  6. དོན་འགྲུབ་བཀྲ་ཤིས། says:
    ལོ་ 13 སྔོན།

    ཚོགས་གཙོའི་བཀའ་ལན་ནང་། “འབྲེལ་མོལ་དངོས་སུ་གནང་མཁན་དེ་ལོགས་ཀ་རེད། འབྲེལ་མོལ་མཐུད་མཁན་དེ་ཕྱི་རྒྱལ་གྱི་ཆབ་སྲིད་མི་སྣ་བེད་སྤྱོད་གཏོང་དགོས་པ་ཡིན་ན་འདྲ། བོད་པ་ནང་ཁུལ་དང་རྒྱ་རིགས་ག་རེ་ཡིན་ཡང་ཐབས་ཤེས་གནང་ན་འགྲིག་གི་ཡོད་པ་རེད་བསམ་གྱི་འདུག” ཞེས་གསུངས་ཡོད་པ་དེ། བཀའ་ཤག་སྐབས་སྔོན་མའི་ ‘བརྒྱུད་ལམ་གཅིག་དང་གྲོས་གཞི་གཅིག’ ཅེས་པའི་རྩ་འཛིན་དང་ཏག་ཏག་བསྡད་ཡོད་པ་མ་རེད། ཡིན་ནའང་བཀའ་ཤག་སྐབས་བཅུ་བཞི་པས་བོད་རྒྱ་འབྲེལ་མོལ་གྱི་བརྒྱུད་ལམ་ཐད། བཀའ་ཤག་སྐབས་སྔོན་མའི་སྲིད་བྱུས་རང་འཇགས་ཡིན་ནམ། ཡང་ན་སྲིད་བྱུས་དེ་ཕྱིར་འཐེན་བྱས་པ་སོགས་ད་སྔ་གསལ་བཤད་གང་ཡང་ཡོད་པ་མ་རེད།

    Reply
  7. སེར་སྨད་བློ་དགའ། says:
    ལོ་ 13 སྔོན།

    ཧེ་ཧེ། ཤར་གྱི་ཁུག་མའི་ནང་ནས་ད་བཟོད་སྐད་ཆ་ཞིག་ཐོན་སོང་ལ། ཁོས། “ཚོགས་གཙོའི་བཀའ་ལན་དེ་ཚོ་གསལ་བོ་ཆགས་པ་དང། དེ་བཞིན་ངས་གདམས་པའི་ཆབ་སྲིད་ཀྱི་གནས་བབ་མགོ་མེད་པའི་ངང་ཚུལ་དུ་ཡོད་པ་དེ་རྣམས་ར་འཕྲོད་སོང་ན་དེས་དགའ།” ཞེས་པ་འདིས། སྤྱི་འཐུས་ཚོགས་གཙོ་དང་སྲིད་སྐྱོང་གཉིས་ཀྱི་བར་དུ་རྡོ་གཏམ་ཞིག་འཕངས་པ་དང་གཅིག དེའི་རྗེས་འབྲས་ལ་ཁོ་པས་རྫི་སྙེགས་བཞིན་པ་དང་གཉིས། དེ་གཉིས་ནི། རྟོག་ཞིབ་ཀྱིས་སྣ་འདེད་མཆུ་འདེད་བྱེད་མཁན་ཞིག་ལ་མཚོན་ན། ལམ་སྣེ་དེ་་་་་ཐག་རིང་པོ་མིན་པ་འདྲ་་་་་་་་་་་མ་གཞི་ནས་་་་་་་་་་

    Reply
  8. བསོད་ནམས་དབང་བསྡུས། says:
    ལོ་ 13 སྔོན།

    དྲི་བ་དྲིས་ལན་ཧ་ཅང་གནད་དུ་འཁེལ་བ་དང་། དུས་ཐོག་ཆར་བ་ལྟ་བའི་སྐབས་སུ་བབ་པ་ཞིག་རེད། གསར་འགོད་པ་ལྷ་སྐྱབས་རྒྱལ་དང་ཚོགས་གཙོ་རྣམ་གཉིས་ལ་ཐུགས་རྗེ་ཆེ། སྤྱིར་བཏང་བཙན་བྱོལ་སྤྱི་ཚོགས་ནང་གི་ཆབ་སྲིད་ཀྱི་གོ་རྟོག་སྐྱོ་དྲག་པའི་དབང་གིས་མཐོ་རིམ་ཆབ་སྲིད་པ་དང་ཤེས་ཡོན་པའི་ནང་དུ་མང་པོ་ཞིག་བཤད་བསྡད་པ་ལས་དམའ་རིམ་སྤྱི་ཚོགས་ནང་དུ་གཞུང་གི་ལངས་ཕྱོགས་དང་ལས་ཀ་བྱེད་ཕྱོགས་མང་པོ་ཞིག་ཧ་གོ་གི་ཡོད་པ་མ་རེད། འདི་ལྟ་བུའི་དུས་ཐོག་ལ་དྲི་བ་དྲིས་ལན་གནང་སྟེ་གནས་ཚུལ་གསལ་བོ་བཟོས་པ་ཡིན་ན་མང་ཚོགས་ལ་ཕན་ཐོག་ཆེན་པོ་འདུག ལྷག་པར་དུ་བོད་གཞུང་དང་སྤྱི་འཐུས་ནང་དུ་ཕྱག་ལས་ག་རེ་གནང་གི་ཡོད་པ་དང་ལྟ་བ་ལངས་ཕྱོགས་གང་འདྲ་འཛིན་གྱི་ཡོད་པ་སོགས་གསལ་བོ་ཆགས་ཡོང་གི་འདུག མ་འོངས་པར་ཡང་ཚོགས་འདུ་དང་སྤྱི་འཐུས་གྲོས་ཚོགས་སོགས་ཚོགས་སྐབས་དུས་ཐོག་ལ་གྲོས་གཞི་དང་གནད་དོན་ཆེ་བ་ཁག་གི་ཐོག་ལ་བགྲོ་གླེང་དང་བཅར་འདྲིའི་ལམ་ནས་མང་ཚོགས་ལ་གསལ་བོ་བཟོ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཞིག་ལ་མཐོང་སོང་།

    Reply
  9. ཤར་ཕྱོགས་ཁུག་རྟ། says:
    ལོ་ 13 སྔོན།

    ཚོགས་གཙོའི་བཀའ་ལན་དེ་ཚོ་གསལ་བོ་ཆགས་པ་དང། དེ་བཞིན་ངས་གདམས་པའི་ཆབ་སྲིད་ཀྱི་གནས་བབ་མགོ་མེད་པའི་ངང་ཚུལ་དུ་ཡོད་པ་དེ་རྣམས་ར་འཕྲོད་སོང་ན་དེས་དགའ།

    Reply
  10. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་་་་་་ སྤྱིར་བཏང་དེང་སྐབས་རྩོམ་ཡིག་འབྲི་མཁན་དང་གསར་འགྱུར་སྤེལ་མཁན་ཚོའི་ནང་དུ་སྤྱི་ཚོགས་ནང་དཀྲོགས་རྐྱེན་སློང་མཁན་མང་པོ་ཞིག་ཡོང་གི་འདུག ལྷག་པར་དུ་དེང་སང་དམ་ཉམས་ཀྱི་སྤྱི་ཚོགས་ཤིག་ཆགས་ཀྱི་འདུག་ཟེར་བ་དེ་བརྒྱུད་ལམ་ཁག་རེ་ཟུང་ནང་ཆོས་ཀྱིས་འགྲིག་གི་མེད་པ་དང་། ཆོས་ཀྱིས་བོད་བསྐྱལ་བ་རེད་ཟེར་བ་སོགས་ཡོང་གི་འདུག དེ་རིགས་ཏག་ཏག་བསྡད་ཡོད་པ་མ་རེད། དངོས་ཡོད་གནས་ཚུལ་ལ་ཞིབ་འཇུག་བྱས་ཏེ་ཁུངས་སྐྱེལ་ར་སྤྲོད་གསལ་བོ་ཡོད་ན་སྐྱོན་བརྗོད་ཐེར་འདོན་བྱེད་ཆོག་གི་རེད། དེ་ལ་སྲུང་སྐྱོབ་བྱེད་པའི་འགན་ང་ཚོར་ཡོད་པ་རེད། ད་རེབ་གྲོས་ཚོགས་ནང་དུའང་དམངས་གཙོ་ཡོད་མེད་དང་སྨྲ་བརྗོད་རང་དབང་ཡོད་མེད་སྐོར་ནས་བཤད་དགོས་བྱུང་སོང་། དེ་རིང་ཁྱེད་ཚོའི་ཚགས་པར་བརྒྱུད་ནས་ཡང་བསྐྱར་ཞུ་བཞིན་ཡོད། ་་་་་་་་་་་་་་་་་་

    Reply
  11. ལུང་རྟོགས། says:
    ལོ་ 13 སྔོན།

    ཤར་ཕྱོགས་རྒྱ་རྟ་དགེ་སློབ་གཉིས་ཀྱིས་ཡང་སྤྱི་ཚོགས་ཆུང་ཆུང་འདི་བདེ་རུ་བཅུག་འདོད་མེད་པ་འདྲ། བོད་པ་ཚང་ལ་ཤེས་ཡོན་པའི་མིང་འཛིན་འདི་འདྲ་རེ་ཡོད་པ་ཐབས་སྐྱོ་པོ་རེད་ད།

    Reply
  12. སེར་སྨད་བློ་དགའ། says:
    ལོ་ 13 སྔོན།

    གོ་ཚོད་ལྟར། འདྲེ་ཤར་སྒོའི་ཕྱོགས་སུ་གནས་པ་ལ། །གླུད་ནུབ་སྒོར་གཏོང་བ་དོན་རེ་ཆུང་། །ཞེས་པ་འདི་ཕ་བཟང་བུའི་སྐད་ཆ་ཡིན་པ་དང་། འབྲེལ་མེད་ཇི་ལྟར་གྱུར་ཀྱང་ཤར་གྱི་ཁུག་མ་ལ། ཁ་ཁ་ཁུག་ཁུག་བཅོ་བརྒྱད་མེད་པའི་གནས་ཚུལ་དེ་འདི་ནས་ཡོངས་གྲགས་ཆགས་པ་རེད། མུ་མཐུད་དེ་བརྗོད་རན་མེད་པའི་ལམ་ཁ་དེ་མི་སྙེགས་རྒྱུར་ངེས་གཏན་ཡིན་ཡང་། རླངས་པ་ཆུར་མི་འགྱུར་བའི་དུས་ཚོད་འདི་ད་དུང་་་་་་་་་་་་་ཨ་ལེ་རེད་རེད་་་་་་་་་་་ལྟོས་ཨ་་་་་་་་་་་༣༦༠ ལོ་གྲངས་ལ་འཇུས་ཏེ། མི་ཡུལ་གྱི་སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་ལའང་སྐོར་འཕེན་གཅིག་རྗེས་གཉིས་མཐུད་དུ་བྱ་འདོད་པ་མིན་ནམ་སྟེ་་་་་་་་་་རིན་པོ་ཆེ་མཆོག་གིས་སྲིད་དབང་རྩིས་སྤྲོད་སྐབས་ཡིག་ཐོག་ནས་ལོ་རྒྱུས་ཀྱི་ལོ་ཚིགས་བསྒྲགས་པ་དང་་་་་་་ངས་མ་ཤེས་ཡིན་སྲིད་ཀྱང་་་་་་དེར་ད་ཕན་རྩོད་མཁན་མ་གྲགས་ལ་་་་་་་་རྡོ་གཡུག་གཡུག་བྱེད་སྟངས་ནི་་་་་་་་་མར་འགྱོ་དང་མི་དོ་བའི་ངང་ཚུལ་ཡིན་པས་་་་་་་་་

    Reply
  13. ཤར་ཕྱོགས་ཁུག་རྟ། says:
    ལོ་ 13 སྔོན།

    འོ་ད་དུང་་་་་ལོ་གྲངས་དེ་སྲང་བར་ནས་གོ་ཐོས་བྱུང་བའི་སྦོམ་གྲངས་ཙམ་ཡིན་ས་རེད། ལོ་རྒྱུས་བཤད་པ་མིན་ཏེ། ཡིག་ཐོག་ལ་གཟིགས་ན། ༡༦༤༢ ནས་དགའ་བ་བརྒྱད་ལྡན་གཞུང་དབུ་བརྙེས་པ་རེད། དེ་ནས་སྲིད་དབང་རྩིས་སྤྲོད་བར་གྲངས་ཀ་རྩིས་ན་་ལོ ༣༦༠ ཡིན་མིན་གསལ་བོ་རེད། གནད་འདི་དག་གལ་ཆུང་མ་རེད། ག་དུས་ཡིན་ན་ཞིབ་ཚགས་གཟབ་བཤེར་གནང་ན་ཉམས་ཤིག་ཐོན་གི་རེད།།

    Reply
  14. ཤར་ཕྱོགས་ཁུག་རྟ། says:
    ལོ་ 13 སྔོན།

    ཆོས་གྲོགས་དགེ་སློང་ལགས་ཀྱིས་ངར་བྱུང་རིམ་དེ་དག་རུ་ང་ཞིབ་ཚགས་ཀྱིས་ངེས་ཡོད་པར་ཡིད་ཆེས་བྱས་པ་དེ་ག་རང་དོན་ལ་གནས་འདུག

    ཁྲིམས་མཐུན་གྱི་རྒྱུན་རྩིས་སྤྲོད་ཀྱི་ལམ་ནས་གནས་ཡོད་མེད་དང། རྩིས་སྤྲོད་ཞུ་སའི་གསལ་བོར་ཞུས་ན་མི་གོ་མ་ཆོད་པར་མགོ་མེད་པར་གྱུར་བ་གཉིས་ཤ་ཁ་ཁ་དང་གྲི་སོ་སོ་ཡིན་པས་དེ་དོན་ཉ་ཉུང་མཉམ་བསྲེས་མ་གནང་རོགས།

    དེ་དང་མཉམ་དུ་བཅའ་ཁྲིམས་དོན་ཚན་དང་པོར་རྒྱབ་དཔུང་དུ་དྲངས་ནས་ཤོག་བུའི་སེང་གེར་ཚོན་རྩི་བྱུགས་པ་འདི་དེ་བས་ཀྱང་འོས་འཚམས་གང་ནས་ཡིན་ཏེ། སྐབས་དེར་དགེ་གྲོགས་གདན་སར་ལུས་མེད་ན། དོན་ཚན་དང་པོ་འདི་འཕགས་མཆོག་སྤྱན་རས་གཟིགས་དང་བོད་མི་མང་གི་དམ་ཚིག་ཇི་སྲིད་བོད་མི་མང་གིས་དད་དམ་འགྱུར་མེད་ཀྱིས་རྒྱུན་སྐྱོང་གནང་བ་དེ་སྲིད་དུ། བཅའ་ཁྲིམས་ཀྱི་དབུར་ལོ་རྒྱུས་དང་དམ་ཚིག་གི་མཚོན་དོན་དེ་བཀོད་དགོས་པ་མཁས་དགུའི་གཙུག་ནོར་དག་གིས་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་མཛད་སྒོར་གསལ་གསུངས་གནང་བ་དེ་ལགས་ན། ཁོམ་ལོང་རེ་ཡོད་དུས་ཁ་སྐོང་རེ་གནང་རོགས།

    གཞན་ཞིག་ནས། ཤོག་སེང་གི་ཁས་ལེན་དམ་བཅའ་འབོ་ལུག ཕྱིའི་རྣམ་པར་རྫིག་ཉམས་བསྟན་ཏེ འབྲེལ་མོལ་གྱི་ལན་ལ་གྲོས་ཚོགས་ཁག་གི་ཤོག་ཐོག་གི་གྲོས་ཆོད་ཀྱི་གྲངས་འདྲེན་གནང། ཤེས་ཡོན་མདུན་ལམ་གྱི་ལན་ལ་སྐྱོབ་གསོའི་རོགས་དངུལ་གྱི་གྲངས་ཀ་ཡང་ཡང་བསྒྲགས་རྒྱུ་ལས་མེད་པ་འདིས། ཆབ་སྲིད་དང་འཛིན་སྐྱོང་གི་འགན་ཆ་ཚང་ཡོད་པའི་སྲིད་སྐྱོང་འདི་བོད་མི་རིགས་ཀྱི་མགོ་ནས་གྲོངས་ངེར་བཞེངས་མ་ཐུབ་པར། ནག་འཚུབ་བེར་ཐང་ལ་ཟགས་སོང་བ་རེད། བྱས་ཙང། ད་ལྟའི་འུ་ཚོའི་ཆབ་སྲིད་ཀྱི་རྣམ་པ་འདི་མགོ་མེད་པའི་གནས་བབ་ཅིག་ཏུ་ཡོད་པ་ག་ལེར་ཞིབ་གཟིགས་གནང་ན་གཡས་ཐལ་གཡོན་ལྷུང་བ་ཚང་མར་སྣང་གི་རེད།།

    Reply
  15. བོད་ཀྱི་བུ། says:
    ལོ་ 13 སྔོན།

    ལམ་དབུ་མ་ཅི་ལྟར་སྤྱི་ཚོགས་སུ་གོ་རྟོགས་སྤེལ་ན་དེ་ལྟར་གོ་བརྡ་འཕྲོད་རྒྱུ་མེད་པ་གསལ་བོ་རེད། སྲིད་བྱུས་དེ་སྤེལ་རྒྱུའི་དམིགས་ཡུལ་ནི་བོད་རང་བཙན་རྩོད་མཁན་ཚོ་མགོ་མནན་རྒྱུ་དེ་རེད། དེ་མིན་ལམ་དབུ་མར་བྱེད་རྒྱུ་ཞིག་མེད་སྙམ།

    Reply
  16. གངས་ཕྲུག says:
    ལོ་ 13 སྔོན།

    ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ག་དུས་ཡིན་ཡང་བཀའ་ལན་རྣམས་ཁ་གསལ་པོ་དང། གཡོ་སྒྱུས་མ་འདྲེས་མ་ཞིག་གསུང་གི་འདུག་པས་ཐུགས་རྗེ་ཆེ།
    འོན་ཀྱང་སྲིད་སྐྱོང་གིས་བོད་རྒྱ་འབྲེལ་མོལ་སྐོར་ལ་དྲི་བ་ཞིག་བསྐུལ་ན་ཕྱི་རྒྱལ་གྱི་གྲོས་ཚོགས་ནང་གྲོས་ཆོད་དེ་དེ་བཞག་པ་ཡིན་གསུངས་པ་ལས་གནད་འབིགས་པའི་བཀའ་ལན་ཞིག་ད་བར་མ་ཟད།
    ཤེས་ཡོན་སྐོར་ལ་དྲི་བ་ག་དུས་བསྐུལ་ཀྱང་སློབ་ཡོན་སྤར་ཡོད་གསུངས་པ་ལས་ཁ་ཡོད་ལག་ཡོད་ཀྱི་སློབ་གྲྭ་ཁག་གི་ཤེས་ཡོན་གནས་སྟངས་ཐོག་བཀའ་ལན་གང་ཡང་གནང་གི་མི་འདུག
    བློ་ཕམ་ཡོད།

    Reply
  17. སེར་སྨད་བློ་དགའ། says:
    ལོ་ 13 སྔོན།

    གྲོགས་པོ་ཤར་གྱི་ཁུག་མ་ལགས། བྱ་མ་རྟ་ཁྱེད་ཀྱིས་ “བོད་མི་ཚོ་ཆབ་སྲིད་ཐད་མགོ་མེད་པའི་གནས་བབ་ཅིག་ཏུ་ཟགས་ཡོད” ཅེས་གསུངས་པ་རེད། བཀའ་ཁྲི་གོང་མས་སྲིད་སྐྱོང་ལ་སྲིད་དབང་རྩིས་སྤྲོད་སྐབས། “༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ལོ་གྲངས་ ༣༦༠ སོང་བའི་བོད་མིའི་ཁྲིམས་མཐུན་གྱི་གཞུང་གི་སྲིད་དབང་རྒྱུན་ཉམས་ཆག་མེད་པར་མང་གཙོའི་ལམ་སྲོལ་ལྟར་འོས་འདེམས་བྱས་པའི་དབུ་ཁྲིད་ལ་བརྒྱུད་སྤྲོད་དབང་སྐུར་མཛད།” ཅེས་དང་། སྲིད་དབང་རྩིས་སྤྲོད་ཀྱི་མཛད་སྒོར་༸གོང་ས་མཆོག་ཉིད་ནས་ཀྱང་། ཁྲིམས་མཐུན་གྱི་མང་གཙོའི་འོས་བསྡུ་བྱས་ནས་འདེམས་ཐོན་བྱུང་བའི་ད་ལྟའི་གནས་སྟངས་འདི་སྲིད་སྐྱོང་རང་ཆགས་ཡོད། (political Leader) ཅེས་དང་། ཡང་། “སྲིད་སྐྱོང་བློ་བཟང་སེངྒེ་ནི་མང་གཙོའི་ཐོག་ནས་འོས་འདེམས་བྱས་ཏེ་འགན་དབང་ཆ་ཚང་ཡོད་པའི་མི་དང་པོ་དེ་ཆགས་ཡོད།” ཅེས་གསུངས་ཡོད་པ་ཡོངས་གྲགས་སུ་གྱུར་ཏེ་ཤར་ཁུག་ཁྱེད་ཀྱིས་ཀྱང་གསལ་པོ་མཁྱེན་ཡོད་པའི་ཡིད་ཆེས་ཡོད། འོན་ཏེ། དེ་རིང་གུང་ཁྲན་གྱིས་གོ་ས་རིག་ས་ནས། “བོད་མི་ཚོ་ཆབ་སྲིད་ཐད་མགོ་མེད་པའི་གནས་བབ་ཅིག་ཏུ་ཟགས་ཡོད” ཅེས། བྱེས་འཁོད་མི་ཙམ་མ་ཟད་༸གོང་ས་མཆོག་དང་བཀའ་ཁྲི་ཟུར་པ་གཉིས་ལའང་ཟུར་ཟ་དེ་འདྲ་ཞིག་གནང་དགོས་དོན་ཅི། ངས་ནི་གྲོགས་པོ་ཁྱེད་ཀྱིས་ཡིག་བཏགས་སྐབས་ལག་ནོར་བྱུང་བ་མིན་ནམ་སྙམ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ལེའུ་དང་པོར། ༸གོང་ས་མཆོག་ལ། བོད་མི་ཡོངས་ཀྱི་མགོན་སྐྱབས། བླ་ན་མེད་པའི་དབུ་འཁྲིད། ཅེས་པར་ཁྱེད་ལ་ཐུགས་སྣང་བྱུང་ཡོད་པ་བརྗོད་མི་དགོས་པ་ཞིག་རེད། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་་་་་དེ་ནས་་་་་་་་་་་་་་་

    Reply
  18. བསྟན་ཆོས། says:
    ལོ་ 13 སྔོན།

    ཤར་ཁུག་ལགས། ཆབ་སྲིད་ཐད་མགོ་མེད་པའི་གནས་བབ་ཅིག་ཏུ་ཟགས་ཡོད་ཀྱང་ཞེས་པ་འདི་འདྲ་མ་སྤྱོད་རོགས་ཞུ ལ་ལས་ཚིག་འདི་འདྲ་ལ་སྒུག་སྡད་ཡོད་རེད། དོན་ལ་ཡང་རང་སྣང་གཙོ་འདོན་ཙམ་རེད། མ་གཞི་ནས་དགོས་མེད་ལས་ཀྱང་གནོད་ཚབ་ཅན་སྤོངས་ཅི་ཐུབ་གནང་བར་རེ་བསྐུལ་ཞུའོ།།

    Reply
  19. ཡར་ཀླུང་བུ། says:
    ལོ་ 13 སྔོན།

    ད་དུང་ཐུགས་རྗེ་ཆེ་ཞུ་རྒྱུ་ལྷག་འདུག་པ་གཅིག་ནི། གསར་འགོད་པས་དྲི་བ་ཧ་ཅང་གནད་དུ་ཁེལ་བ་འགའ་གནང་འདུག དེ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྤྱི་བཏང་གསར་འགོད་པ་ཚོར་རྣམ་དཔྱོད་དང་མཁྱེན་ཡོན་མཐུན་མོང་མ་ཡིན་པ་ཞིག་ཡོད་དགོས་པ་རེད་ལ་ཡོད་པའི་རྟགས་ཀྱང་བསྟན་འདུག

    Reply
  20. ཡར་ཀླུང་བུ། says:
    ལོ་ 13 སྔོན།

    སེར་སྨད་བླ་དགའ་ལགས། ཧ་ཅང་གནད་འགག་ཅིག་འཇུས་ཡོད་མདོག་མདོག་མ་གནང་རོགས། སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསུངས་པ་དོན་དངོས་རང་རེད། ཚོགས་གཙོའི་དྲིས་ལན་ནང་སྔར་དང་མ་འདྲ་བ་ཟེར་བ་དེ་དོན་དག་གི་ཆ་ནས་གོ་བ་བླངས་ཆོག་ལ། ཚིག་འགྲོས་ཀྱི་ཐོག་ནས་གོ་བ་བླངས་ཀྱང་ཆོག་པའི་ཚིག་ཧ་ཅང་གནད་འགག་ཅན་རེད། ཚིག་འགྲོས་ཀྱི་ཐད་ནས་སྲིད་སྐྱོང་མཆོག་གིས་༢༠༡༡་ལོ་ནས་ད་བར་གྲོས་ཚོགས་ནང་གསལ་བཤད་ཟེར་ན་འདྲ། གང་ལྟར་བཀའ་ཤག་གི་ལངས་ཕྱོགས་དང་ལས་དོན་བྱེད་ཕྱོགས་ཐེངས་༤ཙམ་བསྒྲགས་ཡོད་པ་རེད། ད་དུང་མང་གཙོའི་དུས་དྲན་དང་སྐུ་མདུན་གྱི་འཁྲུངས་སྐར། གསུམ་བཅུའི་དུས་དྲན། ནོར་ཝེ་ཞི་བདེ་གཟེངས་རྟགས་བཞེས་པའི་ཉིན་མོ་སོགས་སྲིད་སྐྱོང་མཆོག་གི་གསུང་འཕྲིན་དང་བཀའ་ཤག་གི་གསལ་བཤད་བཅུ་གྲངས་ཤིག་སྤྱི་ཚོགས་ནང་ཡོངས་ཁྱབ་ཏུ་སྤེལ་ཚར་ཡོད་པ་རེད། དེ་དག་གང་ཞིག་གི་ནང་དུ་ད་རེས་ཀྱི་གསུངས་སྟངས་འདི་གཅིག་པ་གཅིག་རྐྱང་ཞིག་གསུངས་ཡོད་པ་རེད། དེ་མེད་པའི་རྒྱུ་མཚན་གྱིས་སྔར་དང་མ་འདྲ་བ་ཟེར་ཆོག་གི་རེད། གཉིས་པ་དོན་དག་གི་ཆ་ནས་སྲིད་སྐྱོང་མཆོག་གིས་དེ་སྔོན་དབུ་མའི་ལམ་གྱི་ཐོག་ལ་འགྲོ་ཐབས་འདུག་ཐབས་བྱས་ནས་བསྡད་པ་ཚང་མས་མཁྱེན་གསལ་རེད། གནས་སྟངས་དེའི་སྐོར་ལ་བོད་ཡིག་དང་དབྱིན་ཡིག་གཉིས་ནང་རྩོམ་ཡིག་ཀྱང་མང་པོ་ཞིག་ཐོན་ཡོད་པ་རེད། ད་ལོའི་སྤྱི་ཟླ་ ༣ ་གྲོས་ཚོགས་ནང་དུ་སྲིད་སྐྱོང་སེང་གེ་མཆོག་གིས་བཀའ་མོལ་གང་འདྲ་ཞིག་གནང་ཡོད་པ་རེད་ཟེར་ན། “དབུ་མའི་ལམ་གྱི་ཐོག་ལ་བཀའ་ཤག་གིས་ལུས་ངག་གཉིས་ཐོག་ནས་ཤར་སྐྱོན་བྱེད་ཀྱི་ཡོད” ཅེས་གསུངས་ཡོད་པ་རེད། གཏམ་བཤད་དེས་གང་ཞིག་བསྟན་ཡོད་པ་རེད་ཟེར་ན་ལུས་ངག་ཙམ་མ་གཏོགས་ཡིད་ནས་དབུ་མའི་ལམ་ལ་ཡིད་ཆེས་དང་དད་འདུན་མེད་པ་བསྟན་ཡོད་པ་རེད།

    Reply
  21. ཚེ་རིང་བསམ་གྲུབ། says:
    ལོ་ 13 སྔོན།

    གསར་འགོད་པ་ལྷ་སྐྱབས་རྒྱལ་ལགས་ཀྱིས་དྲི་བ་ཧ་ཅང་སྐབས་བབ་གནད་དུ་འཁེལ་བ་འགའ་གནང་འདུག་ལ། ཚོགས་གཙོ་མཆོག་གིས་དྲིས་ལན་དག་ཀྱང་ཧ་ཅང་ཁ་གསལ་མདོ་བསྡུས་རྐྱང་རྐྱང་བརྒྱབ་འདུག ཐུགས་རྗེ་ཆེ། ཚོགས་གཙོ་མཆོག་གིས་སྔོན་མ་གཏམ་བཤད་གནང་སྐབས་དང་གསར་འགོད་པའི་དྲི་བའི་ལན་ཁག་ལ་དེ་ཙམ་ཁ་སང་པོ་དང་གཏིང་ཟབ་པོ་གསུང་ཐུབ་ཀྱི་མེད་ཀྱང་། དེང་སྐབས་ཚོགས་གཙོ་ཧ་ཅང་ཡར་རྒྱས་ཕྱིན་འདུག ཐེངས་འདིའི་དྲིས་ལན་ཁག་ཧ་ཅང་ཁ་གསལ་ཞིང་དོན་འདུ་བ། དམིགས་འབེན་རྣོན་པོ་ཅན་རྐྱང་རེད་འདུག ལྷག་པར་དུ་སྲིད་སྐྱོང་མཆོག་ལ་བོད་རྒྱ་འབྲེལ་མོལ་ཐོག་ཚ་འ་འདེད་གནང་བ་དེ་གལ་ཆེན་ནང་གི་དོན་ཆེན་ཞིག་རེད།

    Reply
  22. ཤར་ཕྱོགས་ཁུག་རྟ། says:
    ལོ་ 13 སྔོན།

    སྔར་དང་མི་འདྲ་བ་གསུངས་པ་དེ་བློ་སེང་གིས་སྲིད་སྐྱོང་གནང་ནས་གྲོས་ཚོགས་ནང་འགན་འཁུར་བ་སྔ་མ་དག་ལས་ད་ཐེངས་ཨོ་ཙམ་བྱུང་བར་གོ་ན་འགྲིག

    གཞུང་འཛིན་བཀའ་ཤག་གིས་འབྲེལ་མོལ་ལ་འགན་འཁུར་ནས་མཐུད་ཐབས་བྱེད་དགོས་པ་དེ་དངོས་བདེན་རེད། འབྲེལ་མཐུན་ཅི་ལྟར་གནང་མིན་ལ་གྲོས་ཚོགས་ནས་བཀའ་བཏང་བའི་དབང་ཆ་མེད་ཀྱང། གནང་སྟངས་གནང་ལུགས། གནང་ནས་གང་དུ་བསླེབས་ཡོད་མེད་ཐད་དྲི་འདེད་བྱེད་དབང་ཡོད་པ་གསལ་བོ་རེད་འདུག་པས། བློ་ཆུང་རྣམས་ཡ་མཚན་དགོས་དོན་མི་འདུག

    གྲོས་ཚོགས་ནང་ཞུས་པ་དེ་ལས་བཙུར་ནས་སྣུམ་ཕར་ཞོག ཆུ་རྐྱང་ཙམ་ཡང་ཐོན་རྒྱུ་མེད་པ་གསལ་བོ་རེད་མ་གཏོགས། རྒྱ་ནག་གི་ཨའོ་པཱ་མ་མཆོག་ལས་དོན་མཐའ་དག་གི་ལས་འཆར་སྐབས་ནས་ཕྱིར་བསྒྲགས་གནང་རྒྱུར་ཐུགས་མཉེས་པོ་ཡོད་པ་ཀུན་གྱིས་ཤེས་གསལ་རེད། དཔེར་ན། བོད་སློབ་འཛིན་ཚོགས་རྩིས་ལེན་ལྟ་བུ་རེད། ཞེ་ས་མ་ཞུས་ན། ལབ་རྒྱབ་རྒྱབ་ནས། དེང་སང་དངོས་དོན་ལག་བསྟར་ནང་དཀའ་ངལ་འཕྲད་ནས་རྩིས་ལེན་ཐུབ་མིན་ཆ་མ་འཚལ་བ་ལྟ་བུ་རེད།

    ཚོགས་གཙོ་མཆོག་ནས་བློ་སེང་གིས་སྲིད་སྐྱོང་གནང་ནས་གྲོས་ཚོགས་ནང་བཀའ་མོལ་གསུང་སྐབས། སྟངས་འཛིན་དེ་ག་དུས་ཡིན་ན་སྲིད་སྐྱོང་གི་ཕྱོགས་ལ་གཡོན་གཡོན་པ་རེད། དེ་ཁག་ཡོད་པ་མ་རེད། གཅིག་ནས་ཤེས་ཚད་རེད། གཉིས་ནས་ཉམས་མྱོང་རེད། ཡིན་ནའང། ཕྱི་འདྲ་ཆགས་པོ་ཙམ་གྱིས་ནང་དོན་འགྲུབ་ཀི་མེད་པ་དང། བཀའ་ཁྲི་གོང་མས་ལན་འདེབས་གནང་དུས་ལྟར་ཚོགས་གཙོས་ཆུ་ཚོད་དམ་འཛིན་རང་གནང་ནས་བསྡད་ན་མ་འགྲིག་པ་ཞིག་ཡོང་གི་ཡོད་པ་དེ། གཅིག་ནས་བཀའ་ཤག་གི་ཆེ་མཐོང་དང། ཆེན་པོ་རྒྱ་ནག་གཞུང་ལའང་ངོ་ཚ་ནས་མིན་འགྲོ གང་ལྟར་ཚོགས་གཙོ་འདིས་སྲིད་སྐྱོང་ལ་གྲོས་ཚོགས་ཀྱི་ཕྱི་ནང་གང་དུའང་གཞོགས་འདེགས་དཔུང་བསྟོད་བྱས་པ་ཉུང་ཉུང་ཞིག་ག་ལ་ཡིན་སྟབས། འདྲ་ཆགས་པོར་གོམས་བསྡད་མཁན་ཚོས་འདི་བརྗེད་ན་ག་ལ་འགྲིག

    མདོ་དོན་སྙིང་བོར། རྡོ་ལས་འོ་མ་མི་འབྱུང་བ་ལྟར། མི་མང་གི་ལས་འགུལ་གྱི་ཚ་རླབས་གོང་ནས་གོང་དུ་འཕྱུར་དུས། རྒྱལ་སྤྱིའི་གྲོས་ཚོགས་ཁག་གི་གྲོས་ཆོད་ཀྱང་ཤོག་བུ་བརྩེགས་མ་ཆགས་དུས། བོད་རྒྱ་འབྲེལ་མོལ་དང་དེའི་བྱེད་སྒོ་རྣམ་གསུམ་ལ་ང་ཚོར་དངོས་གནས་སྲིད་སྐྱོང་མཁས་མཛངས་ཅན་ཞིག་ཐོན་ཡོད་ན། ཅིག་ལ་བསླེབས་ཆོག་ཆོག་ཡིན་མོད། དེ་ལྟར་མ་བྱུང་བ་རེད། ཐ་ན། འབྲེལ་མོལ་ཚོགས་ཆུང་འགའ་ཚོགས་ཏེ་སྐུ་ཚབ་བསྐོ་བཞག་སོགས་རྒྱགས་གཏམ་འགའ་བཤད་པ་དག་ཀྱང་མི་མང་གི་རེ་ལྟོས་བཞིན་ལག་བསྟར་ཐུབ་མེད་ཙང། གཞི་རྩའི་ཆ་ནས་དེང་སང་ང་ཚོ་བོད་མི་ཚོ་ཆབ་སྲིད་ཐད་མགོ་མེད་པའི་གནས་བབ་ཅིག་ཏུ་ཟགས་ཡོད་ཀྱང།

    བཤད་ནས་ཅི་ཕན། བཤད་ཀྱང་”ང་དང་ངའི”་ཟེར་བ་རྩ་ཆེན་པོ་འཛིན་མཁན་ཤོག་བུའི་སེང་གེ་འདིས་གསན་གི་མ་རེད། ད་བར་ཆེ་འབྲིང་ཆུང་གསུམ་ཚང་མས་སྲིད་སྐྱོང་མཆོག་གིས་བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་ཐོག་ཤུཊ་རྒྱག་རྒྱུ་གལ་ཆེན་ཆཊ་ཡོད་ཅེས་ཞུས་ཞུས་པ་རེད་ཝ།། ད་ཅི་བྱ།།

    Reply
  23. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    ཤེས་ཡོན་སྲིད་བྱུས་རྒྱུན་འཁྱོངས་དཀའ་དང་གཅིག
    དབུ་མའི་ལམ་ནས་དམངས་གཙོ་རྩོད་དཀའ་གཉིས།
    འདབ་གཤོག་འདི་གཉིས་མེད་པའི་འཕུར་མ་ལྡིང།
    དཔལ་འབྱོར་ཙམ་གྱི་ཁྱིམ་བྱ་སྙིང་རྗེའི་ཡུལ།

    Reply
  24. སེར་སྨད་བློ་དགའ། says:
    ལོ་ 13 སྔོན།

    ཚོགས་གཙོས་གསུང་ན། “ཚོགས་གཙོའི་ངོས་ནས་ད་རེབ་གྲོས་ཚོགས་ནང་བཀའ་ཤག་གིས་སྔར་དང་མི་འདྲ་བའི་ནན་པོ་གསུངས་བ་དེར་དགའ་བསུ་ཞུ་བཞིན་ཡོད།” ཅེས་སྔར་དང་མི་འདྲ་བ་གསུངས་པ་དེའི་སྔར་གྱི་དུས་ཚོད་གང་ཡིན། སྲིད་སྐྱོང་གནང་བའི་རྗེས་སུ་རེད་དམ། ཡིན་ན་དེར་ཁོངས་སྐྱེལ་ཞིག་དགོས་ཀྱི་རེད། སྲིད་སྐྱོང་གི་འགན་མ་གཞེས་པའི་སྔོན་ནས་ཟེར་ན་ནི་གཏམ་སྟོང་པ་ཞིག་རེད་ལ། ཡང་། “བོད་རྒྱ་འབྲེལ་མོལ་གྱི་གནས་ཚུལ་དེ་འཛིན་སྐྱོང་བཀའ་ཤག་དང་། ལྷག་པར་དུ་སྲིད་སྐྱོང་གི་འགན་རེད།” གསུངས་པ་དེས་ནི། སྤྱི་འཐུས་ལ་བོད་རྒྱ་འབྲེལ་མོལ་སྐོར་ཐུགས་འགན་ཡོད་པ་མ་རེད་ཟེར་བ་ཞིག་བསྟན་འདུག ཡང་། “འདས་པའི་ཟླ་བ་ཁ་ཤས་ནང་བོད་རྒྱ་འབྲེལ་མོལ་ཐོག་ཤུགས་རྒྱག་གི་ཡོད་ཅེས་གསུངས་ཡོད་པ་རེད། ཡིན་ནའང་དོན་དམ་གྱིས་ག་ཚོད་ཅིག་འགྲུབ་དང་མ་འགྲུབ་ཁ་སང་གྲོས་ཚོགས་ནང་གསལ་བཤད་ཞུས་པ་ལས་ལྷག་ཅིག་ཞུ་རྒྱུ་མེད་པ་གསལ་བོ་རེད།”ཅེས་གསུངས་པ་དེར། མི་ཚོས། གཞུང་གི་སྲིད་ཇུས་ཀྱི་ལྕི་ཡང་ངོ་སྤྲོད་གནང་བ་རེད་ཟེར། ཡང་། “སྤྱི་འཐུས་ཚོའི་དྲི་བ་ཁ་ཤས་ལ་སྲིད་སྐྱོང་གིས་ལན་བསྐྱོན་ཡོད་པ་མ་རེད། དེར་ཚོགས་གཙོའི་སྟངས་འཛིན་སྐབས། སྟབས་བདེ་བོ་མེད་རིགས་ལ་ལན་མ་བརྒྱབ་ན་འགྲིག་གི་རེད་ཅེས་ཞུས་ཡོད་སྟབས་མ་བསྐྱོན་པ་ཡིན་རྒྱུ་རེད།” ཅེས་གསུངས་པ་ཡང་ཚོགས་གཙོ་རང་ཉིད་ཀྱི་ནུས་ཤུགས་ཕྱིར་བསྒྲགས་ཙམ་དུ་ཟད། ཅེས་པ་ཟེར་སྒྲོས་སུ་འདུག་མོད་གནད་དོན་ངོ་མ་དེ་ད་དུང་ཕར་ཙམ་ཞིག་ན་ཡོད་པ་འདྲ།

    Reply
  25. བསྟན་ཆོས། says:
    ལོ་ 13 སྔོན།

    དཔལ་ལྡན་ཚོགས་གཙོ་ལགས་ལ་རྗེས་སུ་ཡིད་རེངས་ཞུ ཚིག་ཉུང་ལ་དོན་དྲིལ་བ། ཟ་ཟུར་ན་ཚིག་རྒྱག་གང་ཡང་མི་སྣང་བས་འཇམ་ཤ་ཆེ་བ། ངོ་ནས་ཡག་པོ་འདུག མི་རབས་གསར་བའི་དབུ་འཁྲིད་ཁྱེད་སྐུ་ཚེ་རིང་ཞིང་མཛད་འཕྲིན་རྒྱས་པར་སྨོན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese