མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སློབ་མར་རྡུང་སྟེ་ལག་པ་བཅག

བོད་ཀྱི་དུས་བབ།
༢༠༡༣/༡༠/༣༡
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་སྦེལ་ཀོབ་བོད་ཁྱིམ་སློབ་གྲྭའི་ལུས་རྩལ་དགེ་རྒན་སྤེན་པ་དོན་འགྲུབ་ཞུ་བས་སློབ་གྲྭའི་ལུས་རྩལ་སྦྱོང་བརྡར་སྐབས་སློབ་མ་ཞིག་ལ་གཅར་རྡུང་བཏང་སྟེ་ལག་པར་ཆག་སྐྱོན་བཟོས་ཡོད་འདུག

ཟླ་འདིའི་ཚེས་ ༡༥ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོལ་བོད་ཁྱིམ་སློབ་གྲྭའི་ཁང་ཚན་ཁག་གི་ལུས་རྩལ་སྦྱོང་བརྡར་སྐབས། ལུས་རྩལ་དགེ་རྒན་སྤེན་པ་དོན་འགྲུབ་ཞུ་བས་སློབ་ཕྲུག་ཚོ་རྩེད་ཐང་དུ་སྐད་བཏང་སྟེ།  སློབ་མ་རྣམས་དུས་ལྟར་རྩེད་ཐང་དུ་མ་འཛོམས་པར་དགེ་རྒན་རླུང་ལངས་ཏེ་སློབ་མའི་ཁྲོད་རྒྱུགས་ཡོད་པ་དང་། སྐབས་དེར་སློབ་མ་གཞན་རྣམས་བྲོས་ཡོད་ཀྱང་། སློབ་གྲྭའི་ཁྱིམ་ཚང་གསུམ་པ་དང་འཛིན་རིམ་བརྒྱད་པ་ཡིན་པའི་སློབ་མ་བསྟན་འཛིན་བསམ་འགྲུབ་ཞུ་བ་དེར་ལྷག་སྟབས། ལུས་རྩལ་དགེ་རྒན་གྱིས་པང་ལེབ་ཅིག་གིས་སློབ་མ་བསྟན་འཛིན་བསམ་འགྲུབ་ཀྱི་ལག་གཡོན་པའི་གྲུ་ཚིགས་ཐོག་ཐེངས་གཉིས་གཞུས་ཡོད་འདུག ཚེས་ ༡༦ ཉིན་སློབ་མ་བསྟན་འཛིན་བསམ་འགྲུབ་ལ་ན་ཟུག་སྐྱེས་ཏེ་སློབ་གྲྭའི་སྨན་ཁང་ནས་མེ་སོར་སྨན་ཁང་དུ་བསྐྱལ་ཏེ་བརྟག་དཔྱད་བྱེད་སྐབས། ལག་པར་ཆག་སྐྱོན་བྱུང་ཡོད་པ་ར་འཕྲོད་བྱུང་ཡོད་པ་དང་། སློབ་མས་ཨ་ཕར་ཁ་པར་བཏང་སྟེ་གནས་ཚུལ་ཞུས་རྗེས། ཕྱི་ཚེས་ ༡༩ ཉིན་སློབ་མའི་ཕ་བསྟན་འཛིན་རྣམ་འཕེལ་སློབ་གྲྭར་སོང་སྟེ་འགན་འཛིན་དང་སློབ་སྦྱི་བཅས་ལ་གནས་ཚུལ་ཡར་ཞུ་བྱས་ཡོད་པ་དང་། ཚེས་ ༢༨ ཉིན་གྱི་ཕྱི་དྲོ་སློབ་གྲྭའི་འགན་འཛིན་ལྷན་ཚོགས་འཛོམས་ཏེ་ལུས་རྩལ་དགེ་རྒན་དང་སློབ་མ་སྐོང་འགུག་གིས་གནས་ཚུལ་འདྲི་ཞིབ་དང་གྲོས་བསྡུར་བྱས་རྗེས། བོད་ཁྱིམ་གྱི་སྒྲིག་གཞི་ལྟར་དགེ་རྒན་སྤེན་པ་དོན་འགྲུབ་ཀྱི་ཟླ་གཅིག་གླ་ཕོགས་བཅག་པ་དང་། དེང་ཕྱིན་གནས་ཚུལ་དེའི་རིགས་མི་འབྱུང་ཆེད་ཉེན་བརྡའི་ཡི་གེ་སྤྲད་དེ་ཐག་གཅོད་བྱས་ཡོད་འདུག

འདིའི་ཐད་གསར་འགོད་པས་ཕྲུ་གུའི་ཕ་བསྟན་འཛིན་རྣམ་འཕེལ་ལགས་སུ་བཅར་འདྲི་བྱས་པར། ཕྱི་ཚེས་ ༡༦ ཉིན་གྱི་ཞོགས་པ་ཆུ་ཚོད་ ༧།༣༠ ཡས་མས་སུ་ཁོང་གི་བུ་བསྟན་འཛིན་བསམ་འགྲུབ་ཀྱིས་ཁ་པར་ཡོང་སྟེ། ངུ་བཞིན་དུ་ཁོ་རང་ལ་ལུས་རྩལ་དགེ་རྒན་གྱིས་ཉེས་རྡུང་བཏང་ཡོད་ཚུལ་བཤད་པ་དང་། རྗེས་སུ་ཁོས་སློབ་གྲྭའི་ཨ་མ་གཞན་ཞིག་བརྒྱུད་སྒྲིག་འཛུགས་དགེ་རྒན་ལ་ཁ་པར་བཏང་སྟེ་གནས་ཚུལ་དྲིས་སྐབས་སྐྱོན་མེད་ཚུལ་བརྗོད་ཀྱང་། ཚེས་ ༡༧ ཉིན་གྱི་དགོང་མོ་ཕྲུ་གུའི་ཁ་པར་ཡོང་སྟེ་ཁོ་མེ་སོར་སྨན་ཁང་གིས་བརྟག་དཔྱད་བྱེད་རྗེས་ལག་པ་ཆག་ཡོད་པ་སོགས་གནས་ཚུལ་གྱི་བརྒྱུད་རིམ་ལབ་ཡོད་འདུག

ཐེངས་འདིའི་སློབ་གྲྭའི་བྱེད་སྟངས་ཁག་གི་ཐད་ཁོང་གིས། “ ཚེས་ ༡༩ ཉིན་ང་སེམས་མ་བདེ་བར་སློབ་གྲྭར་ཕྱིན་ཏེ་ཐོག་མར་དབུ་འཛིན་ལ་ཐུག་པ་ཡིན། ཡིན་ནའང་། ཁོང་གིས་གནས་ཚུལ་དེའི་སྐོར་ཤེས་མི་འདུག རྗེས་སུ་སློབ་སྤྱིའི་གམ་དུ་ཕྱིན་པ་དང་གནས་ཚུལ་ཞུས་ཏེ་སློབ་གྲྭའི་ངོས་ནས་ག་རེ་གནང་ཡོད་མེད་ཀྱི་ཡི་གེ་སྤྲོད་རོགས་ཞུས་པར། སློབ་སྤྱིའི་ཡི་གེ་སྤྲོད་སྲོལ་མེད་ཚུལ་དང་། ཁོ་རང་ལས་བྲེལ་ཆེན་པོ་ཡོད་ཚུལ་བརྗོད་བྱུང་བ་མ་ཟད། ང་ལ་སྐད་ཆ་ཡོད་ན་གཅར་རྡུང་བྱེད་མཁན་དགེ་རྒན་གྱི་གམ་དུ་རྒྱུགས་ཞེས་བཤད་སོང་། ད་དུང་ཕྲུ་གུ་འཁྲིད་འདོད་ཡོད་ན་འཁྲིད་མདོག་མདོག་བཤད་སོང་། རྗེས་སུ་སྙན་ཞུ་ཕུལ་དགོས་གསུངས་སྟབས། ངས་སྙན་ཞུ་ཕུལ་རྗེས་མ་གཏོགས་གནས་ཚུལ་ཆ་ཚང་ཧ་གོ་མ་སོང་། ཁོང་ཚོས་གནས་ཚུལ་འདིའི་ཐད་ཐག་གཅོད་ཕར་ཞོག ཐ་ན་གནས་ཚུལ་ཧ་མ་གོ་བ་དང་སྣང་ཆུང་བྱས་པའི་རྣམ་པ་དེར་ང་རང་བློ་ཕམ་བྱུང་སོང་ལ། སྐབས་དེར་ངས་ཀྱང་ཁོང་ཚོར་ཚིག་རྩུབ་ཁ་ཤས་བཤད་པ་ཡིན། ”ཞེས་བརྗོད་བྱུང་།

ཡང་ཁོང་གིས། “ སྤྱིར་བཏང་སློབ་གྲྭའི་ནང་ཕྲུ་གུར་གཅར་རྡུང་བཏང་མི་ཆོག་པ་ངས་ཤེས་ཀྱི་ཡོད། ཡིན་ནའང་། ཕྲུ་གུ་ཆུང་ཆུང་དེ་འདྲའི་སྒང་ལ་རླུང་དེ་འདྲ་ལངས་ཏེ་ལག་པ་བརྐྱངས་པ་དེ་ཡག་པོ་མཐོང་མ་སོང་། ལྷག་པར་དུ་ངའི་ཕྲུ་གུ་ཆུང་དུས་ནས་རྐང་པར་སྐྱོན་བྱུང་སྟེ། ཉེ་སྔོན་ང་རང་གིས་ཏ་མི་ནཱ་ངྷོར་འཁྲིད་ནས་རྐང་པ་གཉིས་ཀྱི་ནང་ལྕགས་བཞག་ཏེ་སྲུང་སྐྱོབ་བྱས་ཡོད། ཟླ་ ༣ རེའི་མཚམས་སུ་སྨན་ཁང་དུ་འཁྲིད་དེ་བརྟག་དཔྱད་བྱེད་ཀྱི་ཡོད། ད་ལྟའི་བར་སློབ་ཡོན་སྤྲད་དེ་སློབ་གྲྭར་གཏོང་གི་ཡོད་པ་རེད། སློབ་གྲྭའི་ངོས་ནས་སློབ་མའི་སློབ་ཡོན་སྤར་དུས་བརྡ་ཏག་ཏག་སྤྲོད་ཀྱི་འདུག ཡིན་ནའང་། ཉེ་ཆར་གནས་ཚུལ་བྱུང་རྗེས་སྙན་ཞུ་མ་ཕུལ་བར་དུ་བརྡ་ལན་གཅིག་ཀྱང་འབྱོར་མ་སོང་བ་མ་ཟད། ང་ལས་ཁུངས་སུ་སོང་སྟེ་འགྲོ་སྟངས་ལྟར་སྐད་ཆ་དྲིས་སྐབས་སྣང་མེད་དང་མཐོང་ཆུང་བྱེད་ཀྱི་འདུག གནས་སྟངས་དེའི་ཐད་ང་རང་བློ་ཕམ་བྱུང་སོང་། སློབ་གྲྭའི་ནང་ངོ་ཤེས་མི་ཤེས་དང་། རྒྱུ་ཡོད་མེད། དབང་ཡོད་མེད་ཚང་མས་ཕྲུ་གུ་ཡོད་སྟབས། གཅིག་མཚུངས་ཀྱིས་ལྟ་རྟོག་དང་གནས་ཚུལ་ཅི་ཞིག་བྱུང་ཡང་བརྡ་སྤྲོད་རྒྱུ་གལ་ཆེན་པོ་རེད་ལ། མ་འོངས་པར་གནས་ཚུལ་འདིའི་རིགས་མི་འབྱུང་ཆེད་སློབ་གྲྭས་ཐག་གཅོད་དང་གོ་སྐོན་སློབ་གསོ་གནང་རྒྱུ་གལ་ཆེན་པོ་རེད། ” ཅེས་བརྗོད་བྱུང་།

གསར་འགོད་པས་ཁ་པར་བརྒྱུད་སྦེལ་ཀོབ་བོད་ཁྱིམ་སློབ་གྲྭའི་འགན་འཛིན་ཚེ་རིང་དཔལ་ལྡན་ལགས་སུ། སྤྱིར་བཏང་སློབ་གྲྭའི་ནང་དགེ་ལས་རྣམ་པས་སློབ་མར་གཅར་རྡུང་བཏང་ཆོག་གི་ཡོད་མེད་དང་། སློབ་གྲྭའི་ངོས་ནས་གནས་ཚུལ་འདིའི་ཐད་ཐག་གཅོད་ག་རེ་གནང་ཡོད་མེད་དྲིས་པར་ཁོང་གིས། “ སྤྱིར་བཏང་སློབ་གྲྭའི་ནང་སློབ་མར་རྩ་བ་ནས་ཉེས་རྡུང་བཏང་ཆོག་གི་མ་རེད། ད་རེབ་ཀྱི་རྙོག་གྲ་འདི་ཁང་ཚན་ཕན་ཚུན་བར་གྱི་རྩེད་མོའི་འགྲན་བསྡུར་ཆེད་སྦྱོང་བརྡར་སྤྲོད་སྐབས་ལུས་རྩལ་དགེ་རྒན་གྱིས་འགྲིག་མ་འགྲིག་གི་དབང་གིས་ཉེས་རྡུང་བཏང་སྟེ་རླུང་རྟ་མ་རྒྱུགས་པར་ལག་པར་ཕོག་འདུག ངས་གནས་ཚུལ་དངོས་སུ་མཐོང་མེད་སྟབས། སློབ་མའི་ཨ་ཕ་ཡོང་སྟེ་ང་ལ་སྐད་ཆ་འདྲ་མིན་བཤད་སོང་། ངས་ཁོང་ལ་སློབ་གྲྭའི་འགྲོ་སྟངས་ཆ་ཚང་འགྲེལ་བཤད་བྱས་པ་ཡིན། ད་ལྟའི་བར་ཐག་གཅོད་མ་བྱས་པ་དེ་ཚེས་  ༡༩ གཟའ་སྤེན་པ་རེད། ཚེས་ ༢༠ གཟའ་ཉི་མར་དངོས་གཞི་འགྲན་བསྡུར་རེད།  ༢༡ ཉིན་གུང་གསེང་བཏང་།  ཚེས་ ༢༢ དང་ ༢༣ ཉིན་དབུས་བོད་སློབ་འཛིན་ཚོགས་ཀྱི་སྐུ་མགྲོན་སོང་སྟེ་ད་ལྟའི་བར་ཁོམ་མ་སོང་། ལྷག་པར་གནས་ཚུལ་འདིའི་རིགས་ང་གཅིག་པུའི་ཐག་གཅོད་མི་ཐུབ་པར་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཚང་མ་མཉམ་དུ་འཛོམས་ཏེ་ཐག་གཅོད་གནང་དགོས་སྟབས་ལྷག་པ་རེད། ཚེས་ ༢༨ ཉིན་ང་ཚོས་དགེ་རྒན་དང་སློབ་མ་གཉིས་སྐད་བཏང་སྟེ་གནས་ཚུལ་བརྟག་དཔྱད་གྲོས་བསྡུར་བྱས་རྗེས་བོད་ཁྱིམ་གྱི་འགྲོ་སྟངས་ལྟར་དགེ་རྒན་སྤེན་པ་དོན་འགྲུབ་ཀྱི་ཟླ་གཅིག་གི་གསོལ་ཕོགས་བཅག་པ་དང་། དེང་ཕྱིན་གནས་ཚུལ་དེའི་རིགས་མི་འབྱུང་ཆེད་ཉེན་བརྡའི་ཡི་གེ་ (Warning letter) སྤྲད་ཡོད། མ་འོངས་པར་དེའི་རིགས་ཡང་བསྐྱར་བྱུང་ཡིན་ན་ལས་ཀ་ནས་དགོངས་པ་ཞུ་དགོས་འཁེལ་བའི་ཐག་གཅོད་བྱས་ཏེ། ཐག་གཅོད་དང་འབྲེལ་བའི་གནས་ཚུལ་ཆ་ཚང་ལས་ཁུངས་ཨ་མར་ཕུལ་ཡོད། ” ཅེས་བརྗོད་བྱུང་།  

ཁོང་ལ་དེ་སྔོན་སློབ་གྲྭའི་ནང་གནས་ཚུལ་དེའི་རིགས་བྱུང་ཡོད་མེད་དྲིས་པར། “ ང་འདིར་བསླེབས་ནས་ཟླ་གསུམ་ལྷག་ལས་འགྲོ་ཡི་མེད། འགན་འཛིན་གསར་པ་ཡིན། དེ་སྔོན་ངས་ལ་དྭགས་སུ་ལས་ཀ་བྱས་པ་ཡིན་སྟབས། སྔོན་ཆད་ཀྱི་གནས་ཚུལ་ཞིབ་ཕྲ་ངས་ཤེས་ཀྱི་མེད། ངའི་ངོས་མས་གཅར་རྡུང་བྱས་པ་དེ་དགེ་རྒན་གྱིས་ཤ་ཚ་ནས་བྱས་པ་རེད་མ་གཏོགས། སེམས་ནག་དེ་འདྲ་བྱེད་ཀྱི་མ་རེད། ང་ཚོའི་སྤྱི་ཚོགས་ནང་འཇམ་རྩུབ་གཉིས་ཀ་འགྲོ་དགོས་ས་ཡོད་པ་རེད། ཡིན་ནའང་། དེ་སང་དུས་ཀྱི་འགྱུར་འགྲོས་དབང་གིས་ཉེས་རྡུང་བཏང་བ་དེ་ཚབས་ཆེན་པོར་བརྩི་གི་འདུག འགྲོ་སྟངས་ཀྱི་ཆ་ནས་ཆོག་གི་མ་རེད་ཅེས་ལབ་ཀྱིན་པ་རེད། ཆོག་གི་མེད་པ་དེ་བྱས་པ་ཡིན་ན་ནོར་འཁྲུལ་རེད། གཞན། ང་ཚོ་བོད་པའི་ཕྲུ་གུ་སྤྱིར་བཏང་འཚུབ་པོ་འདུག་ལ། འཆམ་པོ་བྱས་ནས་ལབ་པ་དེར་ཉན་གི་མི་འདུག དགེ་རྒན་ལས་བྱེད་ཁག་ཅིག་གིས་དངོས་ནས་སེམས་ནག་བྱས་ཏེ་ལས་ཀྱི་ཡོད་པ་མ་རེད། ཡིན་ནའང་། སྐབས་རེར་སེམས་ཀྱི་མ་བཟོད་པར་ཤོར་འགྲོ་གི་ཡོད་པ་རེད། ཤོར་བ་དང་ནོར་བ་དེ་ནོར་བ་རང་རེད། མ་འོངས་པར་དེའི་རིགས་མི་འབྱུང་ཆེད་ང་རང་གི་ངོས་ནས་དགེ་ལས་བྱེད་ཚང་མར་གོ་སྐོན་སློབ་གསོ་གཏོང་གི་ཡོད།” ཅེས་བརྗོད་བྱུང་།

གསར་འགོད་པ། དོན་གོ

 

འབྲེལ་ཡོད་གསར་འགྱུར།

བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

ཆུ་ཚོད་ ༡༠ སྔོན་ལ།
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

ཆུ་ཚོད་ ༡༡ སྔོན་ལ།
TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

༢༠༢༦/༠༥/༢༠
Front Slider

Public Reactions to the Election Results | Real Opinions & Views

༢༠༢༦/༠༥/༢༠
མདོ་ཁམས་ཆུ་བཞི་སྒང་དྲུག་གཞིས་བྱེས་གཉིས་དང་ཧི་མ་ལ་ཡའི་ནང་པའི་ཆོས་ཚོགས་ཐུན་མོང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༦།༠༥།༢༠ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

༢༠༢༦/༠༥/༢༠
Photo from the Facebook of Tsering Luding. Collected by Tibet Times.
Mobile App

བོད་མི་འཇིགས་བྲལ་ཀླུ་ལྡིང་ལགས་ཁེ་ན་ཌའི་དམག་དཔོན་ཞིག་ཏུ་བསྐོས་གཞག་གནང་འདུག

༢༠༢༦/༠༥/༢༠

མཆན། 11

  1. གངས་ལྡོམ། says:
    ལོ་ 13 སྔོན།

    སློབ་ཕྲུག་སྒྲིག་མེད་ཅིག
    རྒན་ལགས་རླུང་ཚ་ཞིག

    རྗེས་ལུས་ཐེབས་པ་སློབ་ཕྲུག་གི་སྐྱོན།
    ལག་པ་བཅག་པ་རྒན་ལགས་ཀྱི་སྐྱོན།

    སློབ་ཕྲུག་རྗེས་ལུས་ཐེབས་མེད་ན།
    རྒན་གྱིས་ལག་པ་བཅག་གནང་མེད།

    Reply
  2. སེངྒེ་ says:
    ལོ་ 13 སྔོན།

    སློབ་སྦྱོང་ཡག་པོ་དགོས་པ་།རྡུང་ན་འགྲིག་གི་མེདཔ་།
    བཤད་ན་མ་ཁ་ལ་མ་ཉན་པ་།
    ཏོག་ཙམ་ཐལ་དྲད་ཤག
    རྡུང་སྟེ་ལག་པ་བཅག་པ་དེ་འདྲའི་ནོར་འཁྲུལ་ཆེན་པོ་རེད།
    དྲྭ་གོགས་རྣམས་ཕལ་ཆེ་དགེ་རྒན་བྱེད་མྱོང་མེད་པ་འདྲ།ད་མ་ལབ་ཡག་ས་རེད།

    Reply
  3. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    སློབ་སྤྱིའམ་དགེ་རྒན་གང་ཞིག་ལ་ནོར་འཁྲུལ་བྱུང་དུས་དེ་སློབ་གྲྭ་གཞན་ཞིག་ནང་ལ་སྤོར་སྲོལ་ཞིག་ཡོད་པ་རེད།། འདི་ཆད་པ་ཞིག་རེད་དམ་ཡང་ན་གོ་སྐབས་གསར་བ་ཞིག་རེད།

    Reply
  4. ཇོ་རུ་ཚེ་རིང་། says:
    ལོ་ 13 སྔོན།

    དགེ་རྒན་སྤེན་པ་དོན་འགྲུབ་ལ་ནོར་འཁྲུལ་ཤོར་ཟིན་པ་རེད། ཉེས་པ་ཡང་བཏང་ཚར་འདུག དེ་གླེང་ནས་དོན་དག་ཆེན་པོ་མི་འདུག རྗེས་མ་གཟབ་རྒྱུ་གལ་ཆེན་པོ་རེད། སྤྱིར་གོང་དུ་སློབ་སྤྱིའི་གསུངས་པ་ལྟར་བོད་པའི་བྱིས་པ་རྣམས་ཅུང་ཙམ་ཧར་པོ་དང་རྩུབ་པོ་ཡོད་པ་རེད། ལྷག་པར་དུ་རྣམ་གཡེང་དང་རྩེད་མོར་གཡེང་རྒྱུ་གཞན་ལས་ལྡབ་འགྱུར་གྱིས་དགའ་བོ་འདུག དེ་ནི་དགེ་རྒན་དང་སློབ་གྲྭ་གཅིག་པུའི་གནད་དོན་ཙམ་ལ་བརྟེན་ནས་བྱུང་བ་ཞིག་མ་རེད། གཙོ་བོ་ཁྱིམ་ཚང་གི་སློབ་གསོ་གནས་ཚད་ཧ་ཅང་སྐྱོ་དྲགས་པས་རེད། གང་ལྟར། ད་ལྟའི་གནས་བབ་ལ་སློབ་ཕྲུག་ཚོར་དགེ་རྒན་གྱིས་ཅུང་ཙམ་མ་གཅུན་རང་གཅུན་གྱི་གནས་སྟངས་ཤིག་གི་འོག་ཡོད་པ་རེད། ཡིན་ནའང་། དགེ་རྒན་གྱིས་སློབ་མར་གཅུན་སྐབས་སྔར་ནས་བསམ་བློ་སྔོན་དུ་སོང་བའི་སྒོ་ནས་སློབ་གཅུན་བྱེད་དགོས་པ་རེད་མ་གཏོགས། ཧོད་རྒྱུགས་དང་ཁོང་ཁྲོའི་དབང་དུ་ཕྱིན་ཏེ་སློབ་གཅུན་བྱས་པ་ཡིན་ན། ད་རེས་ཀྱི་གནས་ཚུལ་འདི་རིགས་འབྱུང་ངེས་པ་རེད། འདིའི་ཐད་ནས་སློབ་མར་གཅུན་ཐབས་ཀྱི་དཔེ་མཚོན་ཞིག་བརྗོད་འདོད་བྱུང་། ང་རང་སྔོན་ཆད་སློབ་ཆུང་སློབ་མ་ཡིན་དུས་དགེ་རྒན་ཡར་བསགས་ཤིག་ཡོད། ཁོང་གིས་ནམ་རྒྱུན་སྨྱུག་མ་ལེབ་ལེབ་ཞིང་ཚད་ལ་སོར་གཉིས་དང་རིང་ཚད་ལ་མཐོ་གང་ཅན་སློབ་མར་གཅུན་སྐྱོང་ཆེད་བཟུང་བསྡད་ཡོད། དེ་བཞིན། སློབ་མར་གཅུན་སྐབས་ཁོང་ཁྲོའི་ཚོར་བ་ཅུང་ཙམ་ཡང་མི་སྟོན། ཁ་ནས་རྒྱུ་མཚན་དང་སློབ་སྐུལ་བྱེད་ཞོར་ཉེས་པ་བསགས་པའི་ཚད་གཞི་ལ་བལྟས་ནས་རེ་ཟུང་གཅུན་གྱིན་ཡོད། ཁོང་གིས་གཅུན་སྐབས་ཉེས་པ་གཟེད་མཁན་སློབ་ཕྲུག་ཚོའི་བསམ་བློ་ནང་འཇིགས་སྣང་གིས་ཁེངས་ཏེ་ཡིད་ལ་གང་ཡང་དྲན་རྒྱུ་མེད་པ་ལྟ་བུའི་ཚོར་བ་གཏན་ནས་མི་འབྱུང་བར། སོ་སོའི་བསགས་པའི་ཉེས་པའི་ཐད་ལ་བསམ་བློ་འཁོར་ཐུབ་མ་ཟད། རང་ཉིད་འགྲུབ་མི་འདུག་བསམ་པའི་སློབ་གསོ་ཡང་ཐོབ་ཐུབ་ཀྱི་ཡོད། འདི་ནི་ང་རང་གིས་སློབ་ཕྲུག་ཡིན་དུས་དངོས་སུ་བརྒྱུད་མྱོངས་པའི་གནས་ཚུལ་ཞིག་ཡིན།
    ངས་འདིར་བརྗོད་འདོད་པ་ནི། དགེ་རྒན་གྱིས་སློབ་ཕྲུག་གཅུན་པའི་ལས་དེ་ནི་སློབ་ཕྲུག་གི་ཆེད་དུ་ཡིན་པས་ན། དགེ་རྒན་གྱིས་སྔར་ནས་སློབ་གཅུན་ཐད་རིག་པ་གསལ་དྭངས་ཀྱི་སྒོ་ནས་སོ་སོའི་ཉམས་ཞིབ་དང་ཐབས་ལམ་ལེགས་པོ་ཞིག་བཙལ་བའི་ཐོག་ནས་ལག་བསྟར་བྱེད་པ་ལས། དེ་ལས་ལྡོག་སྟེ་སྐབས་ཐོག་གི་ཚོར་བ་དང་ཁོང་ཁྲོའི་དབང་དུ་ཕྱིན་ཏེ། དགེ་རྒན་རང་ཉིད་ཀྱི་སྐབས་ཕྲལ་གྱི་དགའ་སྐྱོ་ཆགས་སྡང་གི་ཆེད་དུ་སློབ་མར་གཅུན་པ་ཡིན་ན། དེ་ནི་སོ་སོའི་ནོར་འཁྲུལ་བཟོས་པ་ཞིག་རེད་ལ། ཐ་ན་དགེ་སློབ་འདུ་ཤེས་བོར་ཏེ་དགྲ་འཛིན་དང་འཁོན་འཛིང་གི་བསམ་བློའི་དབང་གིས་བསྐྱེད་པའི་གྱོད་དོན་དུའང་མི་འགྱུར་བའི་ངེས་ཡོད་པ་མ་རེད།

    ངས་མཐོང་སྣང་ལ་ད་རེས་གླེང་འོས་པའི་གནད་དོན་གཙོ་བོ་ནི་ཕྱོགས་གཞན་ཞིག་ན་འདུག་བསམ། དེ་ནི་སློབ་གྲྭའི་འཛིན་སྐྱོང་གིས་སློབ་མ་རེ་རེའི་འཚར་ལོངས་ཐད་དོ་གལ་དང་སེམས་ཁྲལ་གྱི་རྣམ་པ་གསལ་བོ་མེད་པ་དེ་རེད། ༼ད་ལྟའི་བར་ཐག་གཅོད་མ་བྱས་པ་དེ་ཚེས་ ༡༩ གཟའ་སྤེན་པ་རེད། ཚེས་ ༢༠ གཟའ་ཉི་མར་དངོས་གཞི་འགྲན་བསྡུར་རེད། ༢༡ ཉིན་གུང་གསེང་བཏང་། ཚེས་ ༢༢ དང་ ༢༣ ཉིན་དབུས་བོད་སློབ་འཛིན་ཚོགས་ཀྱི་སྐུ་མགྲོན་སོང་སྟེ་ད་ལྟའི་བར་ཁོམ་མ་སོང་། ལྷག་པར་གནས་ཚུལ་འདིའི་རིགས་ང་གཅིག་པུའི་ཐག་གཅོད་མི་ཐུབ་པར་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཚང་མ་མཉམ་དུ་འཛོམས་ཏེ་ཐག་གཅོད་གནང་དགོས་སྟབས་ལྷག་པ་རེད།༽ཅེས་པའི་སློབ་གྲྭའི་འགན་འཛིན་གྱི་སྐད་ཆ་འདིས་ཕྲན་ལ་མཚོན་ན་ཏོག་ཙམ་བློ་ཕམ་གྱི་ཚོར་བ་ཞིག་སྤྲད་ཡོང་གི་འདུག མ་གཞི་སློབ་གྲྭའི་འཛིན་སྐྱོང་གི་འགན་ནི་སློབ་ཕྲུག་རྣམས་ཀྱི་བདེ་ཐང་འཚར་ལོངས་ལ་སེམས་ཁུར་དང་འགན་འཁྱེར་རྒྱུ་དེ་རེད་མ་གཏོགས། གུང་གསེང་ལ་རོལ་རྒྱུ་དང་མཛད་སྒོའི་རྩེད་མོ། སྐུ་མགྲོན་ལ་སྣེ་ལེན། འགན་འཛིན་ལྷན་ཚོགས་ཀྱི་མི་སྣ་ཚོའི་ཁོམ་སྐབས་བཅས་ལ་ཁ་གཡར་ཏེ་འཐུས་ཤོར་གཏོང་ཆོག་པ་ཞིག་རྩ་བ་ནས་མ་རེད།

    མ་གཞི་སློབ་གྲྭ་ནི་ཁྱིམ་བདག་དང་སློབ་ཕྲུག་ལ་དབང་ཡོད་བཤད་སའི་གར་སྟེགས་ཞིག་མ་རེད། ཁྱིམ་བདག་ལ་ཡིད་ཆེས་སྦྱིན་མཁན་དང་། སློབ་ཕྲུག་ལ་འགན་ལེན་བྱ་སའི་མྱི་སྡེ་སྤྱི་ཚོགས་ཀྱི་ཞབས་ཞུའི་སྟེགས་བུ་ཡོད་ན་མེད་ན་དེ་རེད། དེར་བརྟེན། སློབ་གྲྭ་དང་དགེ་རྒན་ཞེས་མྱི་རྣམས་ཀྱི་འདུ་ཤེས་ཁྲོད་གོ་གནས་ཆེན་པོ་ཞིག་བཟུང་བསྡད་ཡོད་པ་རེད། དེར་བརྟེན་སློབ་གྲྭའི་འགན་འཛིན་ཡིན་ན་རེད། དགེ་རྒན་རྣམ་པ་ཡིན་ན་རེད། སོ་སོའི་གནས་བབས་གལ་ཆེན་པོ་དེ་ངོས་ཟིན་དགོས་པ་གནད་དམ་པ་རེད། སློབ་གྲྭའི་ལས་སྣེ་གང་ཡིན་ཡང་མྱི་སྡེ་སྤྱི་ཚོགས་ཀྱི་ཚོགས་སྡེ་གཞན་གང་ལས་ཀྱང་ལྷག་པའི། སྤྱི་ཚོགས་ལ་འགན་ལེན་གྱི་འདུ་ཤེས་དགོས་པ་རེད།

    ཡིན་ནའང་། འདི་ལྟའི་འགན་ལེན་ལྡན་པའི་མྱི་སྡེ་སློབ་གསོའི་དཔུང་ཁག་ཅིག་འཛུགས་ཐུབ་མིན་དེ་ནི། སློབ་གྲྭའི་ནང་གི་དགེ་ལས་པ་ཁོ་ནར་ཁག་དཀྲིས་ན་འགྲིག་པ་ཞིག་ཀྱང་གཏན་ནས་མ་རེད། གཞུང་འཛིན་སྒྲིག་འཛུགས་ལ་ཐད་གར་འབྲེལ་བ་ཆགས་ཡོད།
    དཔེར་ན། བཙན་བྱོལ་སྤྱི་ཚོགས་ཁྲོད་མྱི་སྡེ་སློབ་གསོའི་དཔུང་ཁག་ལ་མཐོང་དང་བརྩི་འཇོག་ཆེན་པོ་མེད་པ་དེས། མྱི་སྡེ་སློབ་གསོའི་དཔུང་ཁག་གི་རྒྱུ་སྤུས་ཀྱང་དེ་ལ་དེ་བསྟུན་གྱིས་ཡག་པོ་མ་བྱུང་བ་རེད།

    སྤྱིར་དགེ་ལས་བའི་རྒྱུ་སྤུས་མཐོར་འདེགས་ཡོང་མིན་དེ་ནི། མྱི་སྡེ་སློབ་གསོའི་དཔུང་སྡེ་ནང་ཤེས་ཡོན་ཡག་ཤོས་དང་ཀུན་སྤྱོད་བཟང་ཤོས་ཀྱི་མི་རྣམས་བསྡུ་ཐུབ་མིན་ལ་ཐུག་ཡོད་ལ། དེའང་མྱི་སྡེ་སློབ་གསོའི་དཔུང་ཁག་ལ་མཐུན་རྐྱེན་འཛོམས་མིན་ལ་རག་ལས་ཡོད། དེར་བརྟེན། དགེ་ལས་བ་རྣམས་ཀྱི་གསོལ་ཕོགས་དང་འཚོ་བའི་མཐུན་རྐྱེན་ནི། ཁྲིམས་དཔོན་དང་བཀའ་བློན་ཁྲི་པ། སྤྱི་འཐུས་ཚོགས་གཙོ་སོགས་བཙན་བྱོལ་བའི་གོ་གནས་མཐོ་ཤོས་དག་ལས་ཀྱང་ངེས་པར་དུ་ལྡབ་འགྱུར་གྱིས་ཡག་པོ་ཡོད་དགོས། དེའི་རྒྱུ་མཚན་ནི་གཅིག་ནས་དགེ་ལས་བ་དག་གིས་ཉིན་མཚན་དབྱེར་མེད་ལ་སློབ་ཕྲུག་འཚོ་སྐྱོང་འབད་དགོས་སྟབས། ཞོར་ནས་སོ་སོའི་དཔལ་འབྱོར་མཁོ་གཉེར་སོགས་ཀྱི་དུས་ཚོད་མེད་སྟབས། སོ་སོའི་ཕོགས་དངུལ་གྱིས་ཁྱིམ་གྱི་འཚོ་གནས་ཁག་ལེན་མ་ཐུབ་པར་ཞོར་ལས་གཉེར་དགོས་བྱུང་ཚེ། རང་བཞིན་གྱིས་སློབ་གསོའི་འགན་ཁུར་འཐུས་ཤོར་དུ་འགྲོ་ངེས་ཡིན། རྒྱུ་མཚན་དེའི་དབང་གིས་མྱྱི་སྡེ་སློབ་གསོའི་དཔུང་ཁག་གི་འཚོ་བའི་མཐུན་རྐྱེན་ནི། སྤྱི་ཚོགས་ཧྲིལ་པོའི་ཚོགས་སྡེ་གཞན་དག་ལས་མཐོ་བ་དགོས་པ་གལ་ཆེན་པོ་ཡིན། གཉིས་ནས་མྱི་སྡེ་སློབ་གསོའི་དཔུང་གི་གནས་གོ་བབས་ནི་སྤྱི་ཚོགས་ཧྲིལ་པོའི་ཚོགས་སྡེ་གང་ལས་ལྡབ་འགྱུར་གྱིས་མཐོ་བ་ཡོད་དགོས། དེང་གི་དུས་འདིར་མི་རྣམས་ཀྱི་འདུ་ཤེས་ཁྲོད་རིན་ཐང་ལྟ་བའི་ཚད་གཞི་ཕྱོགས་གཉིས་ནས་ཡོང་གི་ཡོད། གཅིག་ནི་དཔལ་འབྱོར་གྱིས་མཚོན་པའི་ཕྱི་དངོས་པོའི་གོ་བབས་དང་། གཅིག་ནི་ཤེས་ཡོན་གྱི་མཚོན་པའི་ནང་བསམ་བློའི་གོ་བབས་ཡིན། དེར་བརྟེན། སྤྱི་ཚོགས་ཧྲིལ་བོའི་འདུ་ཤེས་ཁྲོད་མྱི་སྡེ་སློབ་གསོའི་དཔུང་ཁག་ནི་གུས་བརྩི་བྱེད་ཡུལ་དང་། མྱི་སྡེ་སློབ་གསོའི་ལས་དོན་ནི་བླ་ན་མེད་པ། ལས་དོན་དེའི་ཁྲོད་ཞུགས་འདོད་ཀྱི་འདུན་པ་ནི་གཞན་ལ་མཐོ་བ་ཞིག་བསྐྲུན་དགོས།
    དཔེར་ན། ཁྱིམ་ཚང་ཞིག་གི་མི་སྡེ་ཁྲོད་ཕ་མའི་གནས་བབས་དེ་ག་ཡོད་ནང་བཞིན། སྤྱི་ཚོགས་ཞིག་གི་མྱི་སྡེ་ཁྲོད་སློབ་གསོའི་དཔུང་སྡེ་ཡི་གནས་བབས་ཀྱང་དེ་ལྟར་ཡོང་དགོས། གོ་ཐོས་ལ་སྔོན་ཆད་ཨ་རིའི་རྡུལ་མཚོན་གྱིས་ཉི་ཧོང་ཕམ་ཉེས་སུ་བཏང་སྟེ། ཉི་ཧོང་རྒྱལ་ཡོངས་མི་དམངས་ཀྱི་འཚོ་གནས་ཐད་དཀའ་ཁག་ཆེན་པོ་འཕྲལ་ཡོད་ཀྱང་། སྐབས་དེར་ཉི་ཧོང་གི་སློབ་སློབ་གྲྭའི་དགེ་ལས་དང་སློབ་ཕྲུག་དག་གི་འཚོ་བའི་ཐད་དཀའ་ངལ་འཕྲད་མ་བཅུག་པར། མྱི་སྡེ་སློབ་གསོའི་དཔུང་ཁག་གཞན་གང་ལས་གཙུག་འཛིན་བྱས་ཡོད། དེར་བརྟེན། དེང་གི་དུས་འདིར་ས་སེན་ཤུལ་ཙམ་ལས་མེད་པའི་ཉི་ཧོང་གི་འཛམ་གླིང་གི་དཔལ་འབྱོར་དང་གསར་གཏོད་གང་ཐད་ནས་མདུན་སྐྱོད་པའི་གྲལ་དུ་ཚུད་ཡོད་པ་རེད། ད་ནི་འཕྲོས་ཏེ་ཉ་ཉོག་ལུང་པ་གང་བཤད་སོང་།

    མདོ་རྩ་སྙིང་པོ། ངས་བཤད་འདོད་པ་ནི། གནད་དོན་གང་ཞིག་བྱུང་མིན་ལ་མིག་གཅེར་རྒྱུ་དེ་མ་ཡིན་པར། གནད་དོན་དེར་ལྟ་སྟངས་དང་ངོས་འཛིན་ག་འདྲ་བྱེད་ཀྱི་ཡོད་མེད་དེ་གནད་གཙོ་བོ་རེད། དེར་བརྟེན། སློབ་གྲྭའི་འགན་འཛིན་གྱི་སྐད་ཆ་དེ་དག་གིས། ཁོའི་མྱི་སྐྱོང་སློབ་གསོའི་ཐད་འཛིན་པའི་འདུ་ཤེས་དེ་ཡང་དག་ཅིག་མིན་པར་མཐོང་ལ། མྱི་སྡེ་སློབ་གསོའི་དཔུང་ཁག་གི་འགན་གཙོ་བོ་དེ་མྱིའི་འཚར་ལོངས་བདེ་ཐང་ལ་གཙུག་ཏུ་མ་བཟུང་བར། ཕྱི་ཚུལ་གྱི་མཛད་སྒོ་བརྩི་སྲུང་གི་སྲོལ་ལུགས་ཙམ་དང་། གོང་རིམ་དཔོན་རིགས་ལ་སྣེ་ལེན། ངལ་གསོ་གུང་གསེང་ལ་གཡེང་རྒྱུ་དག་རྩ་ཆེན་པོ། བསྒྱུར་དུ་མེད་པ་ལྟ་བུ་ཞིག་ཏུ་བཟུང་ནི་སློབ་གསོའི་སྡེ་ཁག་གི་གཏིང་རིམ་ནོར་འཁྲུལ་གཙོ་བོ་དེ་རེད།

    གལ་སྲིད་མྱི་སྡེ་སློབ་གསོའི་དཔུང་སྡེ་ཞིག་གིས་སློབ་ཕྲུག་ཅིག་གི་འཚར་ལོངས་བདེ་འཇགས་ཀྱི་འགན་དེ་ནི། རྒྱལ་ཁབ་དེའི་སྲིད་འཛིན་ལ་སྣེ་ལེན་བྱ་ལས་ལྡབ་བརྒྱ་འགྱུར་གྱིས་གལ་ཆེ་བར་བརྩི་ཐུབ་ཚེ། མྱི་སྡེ་སློབ་གསོའི་དཔུང་ཁག་དེ་ནི་ངེས་པ་དོན་གྱིས། འགྲོ་བ་མྱི་བཟོ་སྐྲུན་བྱ་སའི་བཟོ་གྲྭ་རྣལ་མ་དེ་ཆགས་ཐུབ་ལ། འགྲོ་མྱིའི་ཤེས་རིག་གི་གཙང་བོའང་སློབ་གྲྭ་དེ་ནས་བརྡོལ་ངེས་རེད།

    Reply
  5. tenlha says:
    ལོ་ 13 སྔོན།

    ཡག་པོ་ཞེ་དྲག་འདུག་གོ།

    Reply
  6. tenlha says:
    ལོ་ 13 སྔོན།

    མི་ངན་མང་དག་ཞིག་གི་ཉེ་ཆར་གནས་ཚུལ་འདི་ལ་མི་འདོད་པའི་པའི་རྣམ་འགྱུར་སྟོན་པ་འདི་ནི་སོ་སོའི་ནོར་འཁྲུལ་ཁས་ལེན་མ་བྱས་པའི་རྐྱེན་རེད།
    དེང་སང་བོད་པའི་སློབ་མ་རྣམས་ནི་དགེ་རྒན་ལེགས་པའི་དཀའ་སློབ་མ་ཉན་པ་གྱེན་ལོག་བྱས་པ་ནོར་འཁྲུར་ཆེན་པོ་ཡིན་དུས་བསམ་བློ་ནན་ཏན་གཏོང་དགོས།

    Reply
  7. Dawai Shonu says:
    ལོ་ 13 སྔོན།

    གནས་ཚུལ་འདི་ཧ་ལས་པའི་ཐབས་སྡུག་པོ་རེད། ཚང་མས་དོ་འཁུར་བྱེད་དགོས་པ་རེད། སྔ་མོ་ང་ཚོ་སློབ་གྲྭར་ཡིན་དུས་སློབ་ཕྲུག་ཚོ་དགེ་རྒན་དང་ཕ་ཚབ་མ་ཚབ་ཚོའི་རླུང་བཏོན་ས་དང་བརྡུབ་བའི་རྔ་ལྟ་བུ་རེད། ང་ཚོའི་ཕ་མ་ནི་ཉམས་ཐག་ཤེས་ཡོན་མེད་མཁན་སོང་སློབ་གྲྭའི་འཛིན་སྐྱོང་དང་དགེ་རྒན་ལ་གང་ཡང་ལབ་ཐུབ་ཀྱི་མེད་པ་རེད། དེང་སང་དེ་འདྲ་མ་རེད། ཕ་མ་ཚང་མ་ཤེས་ཡོན་ཡོད་མཁན་རེད་ལ་དཔལ་འབྱོར་ཡོད་མཁན་རེད། བྱས་ཙང་དགེ་རྒན་དང་ལས་བྱེད་ཚོས་དེ་འདྲ་བྱས་ན་ལས་སླ་པོ་ཡོད་པ་མ་རེད། གལ་སྲིད་ངའི་ཕྲུ་གུའི་ལག་པ་བཅག་པ་ཡིན་ན་ངོས་རྒྱ་གར་ཉེན་རྟོག་པར་རྩིས་སྤྲོད་ཀྱང་རེད། དེ་མིན་དགེ་རྒན་དེའི་ལག་པ་གཉིས་ཀ་གཅོག་རྒྱུ་རེད།

    Reply
  8. མི་རྒོད། says:
    ལོ་ 13 སྔོན།

    ལོ་མང་སྔོན་ནས་བོད་ཕྲུག་ཁྱིམ་སྡེའི་སློབ་ཕྲུག་ལ་མི་བརྡུང་དང་། བྱམས་པོ་དགོས་ཞེས་ལག་སྟར་ཞུས་ཤག། དེའི་སྐབས་ཡང་སྦེལ་ཀོབ་ཏུ་གནས་ཚུལ་བྱུང་བ་དྲན་སོང་དེ་ནི་དགེ་རྒན་སེམས་ཤུགས་ཆག་ནས་འཛིན་གྲྭ་ཁྲིད་པ་ཙམ་ལས་གཞན་སློབ་ཕྲུག་རྣམས་འདོད་མོས་གཏང་ཞག་དེའི་རྒྱུ་འབྲས་ནི་ལོ་དེར་སློབ་ཕྲུག་གི་ཤེས་སྤྱོད་སྤུས་ཚད་ཧ་ཅང་ཞན་པོ་ཆགས་ཤག། ཨ་མ་ལགས་ནས་ཐད་ཀར་དགེ་སློབ་དཀྱིལ་བཀའ་ཕེབས་ཤག། འདི་ལྟར་བྱས་ཆོག་མིན་ཐད། དེ་རྗེས་དུག་རྫས་སྤྱོད་མཁན། ཐ་མག་འཐེན་མཁན་ཇེ་མང་དུ་སོང་བ་རེད། ད་ང་ཚོ་ཕལ་ཆེར་བོད་ནང་ཡོད་པའི་བོད་རིགས་ཚོར་ངོ་ཚ་པོ་ཞིག་དང་། ཁེ་རྐྱང་པོ་བཟོ་ཉེན་འདུག། མཁྱེན་ལྡན་རྣམས་སུ་ཞུ་རྒྱུ་ལ་གལ་ཏེ་ཤ་ཚའི་ལག་པ་ཤོར་ཚེ་ལུས་ཀྱི་རྐེད་པ་སྨད་ལ་ཞུ་དགོས་པ་ཧ་ཅང་གལ་ཆེ་རེད། འདི་བདེ་འཇགས་ཉེན་བསྲུང་བ་ཚོར་མང་ཚོགས་ཁྲོད་ཉེན་འགོག་སྐབས་སློབ་གསོ་འདི་ལྟར་སྤྲོད་པ་རེད། ཡིནའང་དགེ་རྒན་དེ་ཅུང་གླེན་རྟགས་ཆེ་ཙམ་བྱུང་བ་རེད། འདི་ནི་དབུས་ཁྱིམ་སྡེའི་སློབ་གསོ་སྤྲོད་ཕྱོགས་ལ་རག་ལུས་པ་རེད། དགེ་རྒན་ལ་སློབ་ཕྲུག་སྟང་འཛིན་བྱེད་ཕྱོགས་ཐད་སློབ་གསོའི་ཆུ་ཚད་གོང་མཐོ་དགོས་པ་རེད། ཆུ་ཚད་དེ་ཡང་ཟླ་བ་དྲུག་དྲུག་ནས་དགེ་རྒན་ཁོ་ན་ལ་སྤྲོད་པ་ལས་ཉ་དང་ཉུང་མ་བསྲེས་ན་ཕན་ལས་གནོད་པ་ཉེན་ཆེ་ཆགས་ཡོད། སློབ་ཕྲུག་མ་ཉེས་ཞེས་པའི་རིག་པ་ནུབ་ཕྱོགས་ནས་སླེབས་ཤིང་ནུབ་ཕྱོགས་པ་རྣམས་རང་གི་བུ་ཕྲུག་བྱིས་པའི་དུས་ནས་གོམས་གཤིས་བཟང་པོ་འཇགསཐབས་་ཀྱི་ཤེས་ཡོན་རིག་ལམ་སྣ་མང་ལ་སྦྱང་གོམས་བྱས་ནས་ཡོང་བ་བརྟེན་ཁོ་ཚོར་ལམ་དེར་དེད་རྒྱུ་དཀའ་ངལ་དེ་ཙམ་མེད་རེད། ཡིན་ཡང་གལ་ཏེ་བྱིས་སློབ་ནས་མཐོ་སློབ་བར་སྤྱོད་རྩུབ་དང་། བག་གཡེང་བྱས་ཚེ་ཕྲལ་དུ་ཕ་མར་བརྡ་ལན་བྱེད་པ་རེད། དེ་ནི་ནུབ་ཕྱོགས་པས་འགྲོ་ལུགས་གཉེར་སྟང་རེད། ང་ཚོའི་འདི་འདྲ་བྱེད་དམ་མི་བྱེད་རང་གི་རང་གི་འདྲི་གཞི་ཆགས་ཡོད། དེ་རྗེས་ནུབ་ཕྱོགས་ཕ་མས་བུ་ཕྲུག་ལ་ཁོ་རང་ཚོའི་འཚོ་གོས་དཀའ་ངལ་རྒྱག་སྟངས་ནས་རྩིས་པའི་རེ་གཏོད་གང་བྱེད་དང་། གང་བྱས་ཆ་ཚང་འགྲེལ་བརྗོད་ཐོག་གནོན་ཤུགས་མི་དམན་པ་ཞིག་སྤྲོད་པ་རེད། དེ་བྱས་ནས་ཡར་རྒྱས་མ་བྱུང་ཚེ་ཕ་མས་སེམས་ཁམས་ཀྱི་སྨན་པ་བསྟེན་པ་དང་། ཡང་སློབ་གྲྭ་བརྗེ་པོ་རྒྱག་པ་ལ་སོགས་པའི་རྒྱུ་རྐྱེན་ཤེས་ཚོར་བྱེད་པ་རེད། སྐབས་རེ་གྲོགས་ངན་པ་དང་འབྲེལ་བ། སྐབས་རེ་ལོ་ཚད་མ་སླེབས་གོང་ལ་དགའ་གྲོགས་འགྲིག་པ། ཡང་ཕ་མ་ཡ་བྲལ་གྱིས་སེམས་ཁམས་མ་སྐྱིད་པ། ནད་ཀྱིས་དབང་ལས་རིག་འཚོ་ཞན་པ་སོགས་རྒྱུ་རྐྱེན་མང་དག་ཞིག་ཡོད་པ་རེད། ད་ལྟ་གོང་གི་ཕྲུག་གུ་འདིའི་ཕ་མས་རང་ལ་འོས་འགན་ཡོད་པ་འདྲ་པོ་གང་ཡང་ཤེས་རྟོགས་མེད་པ་གསལ་པོ་རེད་ཤག། འགན་ཁྲིད་མགོ་ནས་འཇུག་བར་ཡོད་པ་རེད། ད་དུང་མཐོ་ས་ནས་བཤད་ན་རང་དང་མི་རིགས།་རིག་གཞུང་ཟེར་བ་སོགས་ཀྱང་འབྲེལ་བ་ཆགས་པ་རེད། ང་ཚོ་སྟོང་དང་། རྒྱལ་གྱི་མཚམས་སུ་སླེབས་ཡོད་པ་རེད། བོད་ཕྲུག་ཤར་ཕྱོགས་སུ་སྐྱེས་པ་ནི་དེ་འདྲའི་གོམས་གཤིས་དང་བྲལ་ཞིང་རྒྱ་གར་ཞིང་འབྲོག་འདྲེས་མིའི་མི་སྤྱོད་དེ་ཧ་ཅང་གི་ཤུགས་རྐྱེན་ཆེན་པོ་རེད། འདི་ཡིས་དོན་དངོས་ཐོག་ང་ཚོ་ད་དུང་ཡང་གཞན་དང་བསྡུར་ན་ལད་མོ་བྱེད་ཤེས་ཙམ་ལས་རྗེས་ལུས་སུ་ཡོད་པ་གསལ་པོ་རེད་་་་་་་་་་་་་་་་ ཡ་ད་ལོངས་ཤོག་ཨང་་་་་་་

    Reply
  9. thapkegyatso says:
    ལོ་ 13 སྔོན།

    སློབ་དགེ་སྤེན་པ་དོན་འགྲུབ་ཟེར་བའི་བྱེད་སྟངས་ནི་ཧ་ཅང་གདུག་རྩུབ་རེད་ལ། བློ་ཕམ་གྱི་གནས་ཚུལ་ཞིག་ཀྱང་རེད། དེ་བས་ཀྱང་། སློབ་སྤྱིས་”ད་དུང་ཕྲུ་གུ་འཁྲིད་འདོད་ཡོད་ན་འཁྲིད་མདོག་མདོག་ལབ་སོང་”བ་ནི་སྐྱི་གཡའ་བ་ཞིག་མ་རེད་དམ།

    Reply
  10. ཐོ་རེངས། says:
    ལོ་ 13 སྔོན།

    ངོ་ཚ་འོས་པའི་གནས་ཚུལ་རེད། ང་ཚོའི་ནམ་རྒྱུན་རྒྱ་ནག་ཞེས་མ་རུང་བ་དང་གདུག་རྩུབ་ཅན་ཞིག་དུ་ངོས་འཛིན་གྱིན་ཡོད་ནའང་། དེང་དུས་རབས་ཉེར་གཅིག་པའི་ནང་འདིར་དགེ་སློབ་བར་ལ་སྤྱོད་ངན་འདི་འདྲ་དཀོན་པོ་རེད།
    གལ་སྲིད་ལུས་རྩལ་དགེ་རྒན་སྤེན་པ་དོན་འགྲུབ་ལས་སྣེ་ནས་གཏན་ཕུད་མ་བྱས་ན་རང་དགར་མི་འཇོག་ཐག་ཆོད་ཡིན།

    Reply
  11. སེར་སྨད་བློ་དགའ། says:
    ལོ་ 13 སྔོན།

    ངས་གོ་ཚོད་ལྟར་ན། ལུས་རྩལ་དགེ་རྒན་སྤེན་པ་དོན་འགྲུབ་ཟེར་བ་དེ། གྷོ་བྷལ་པུར་ནས་སྦེལ་ཀོབ་ཏུ་གནས་སྤོ་བྱས་པའི་དགེ་རྒན་ཞིག་ཡིན་པ་དང་། སློབ་ཕྲུག་རྣམས་གཅིག་གྱུར་གྱིས་དགེ་རྒན་དེ་གདུག་རྩུབ་ཅན་ཞིག་ཡིན་པར་ངོས་འཛིན་ཡོད་ཅིང་། ད་ལན་འདི་གཅིག་པུ་མིན་པར་སྔ་ཕྱི་མང་པོ་ཞིག་ལ་དགེ་རྒན་འདིས་སློབ་མ་ཚོ་འུ་ཐུགས་བཅུག་པ་རེད་ཟེར། གང་ལྟར་སློབ་མ་རེ་གཉིས་ཤིག་གི་བསམ་ཡིན་ན་ལྟ་རྒྱུ་ཞིག་ཡོད་ཀྱང་སློབ་མ་གཅིག་གྱུར་གྱིས་ངོས་འཛིན་དེ་འདྲ་བྱེད་པའི་སློབ་དགེ་ཞིག་ཡིན་ན། ངེས་པར་ཤེས་རིག་གི་འབྲེལ་ཡོད་ཀྱི་ཐོག་ནས་ཀྱང་ཐུགས་སྣང་བྱ་དགོས་པ་ཞིག་ལོས་ཡིན། ང་དང་ལྟ་བུའི་བོད་པ་ཚོའི་བསམ་བློའི་ནང་སློབ་མ་རེ་རེ་ཡིནའང་སྲུང་སྐྱོབ་དང་སློབ་གསོ། ནུས་པ་ཐོན་པའི་བོད་མི་ཞིག་བཟོ་ཐུབ་པ་བྱེད་དགོས་པ་ནི་འབྲེལ་ཡོད་དང་དགེ་རྒན་ཚོའི་ཐུགས་འགན་ཡིན། ཆུང་ས་ནས་བོད་གཞུང་གིས་གནང་བའི་གསོལ་ཕོགས་དང་འབྲེལ་བའི་ལས་རྒྱུ་འབྲས་ལའང་བསམ་བློ་གཏོང་དགོས་པ་ཞིག་རེད་སྙམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese