མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཡིག་སློབ་ཁྲིད་ཀྱི་གནས་སྟངས་སྐོར་གླེང་པ།

བོད་ཀྱི་དུས་བབ།
༢༠༡༣/༡༡/༡༠
Share on FacebookShare on TwitterShare on EmailShare on Whatsapp

སྐལ་བཟང་དབང་འདུས་ཀྱིས།

བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ནང་སློབ་མ་ཚོའི་བོད་ཡིག་གི་གནས་ཚད་ཞན་པོ་ཡོད་པའི་སྐོར་ལ་ད་བར་ང་ཚོས་ཆབ་སྲིད་ཀྱི་ཅ་ཅོ་མང་པོ་བསྒྲགས་ཡོད། འོན་ཀྱང་དེས་དོན་སྙིང་ལྡན་པའི་ཕན་འབྲས་གང་ཡང་བསྐྱེད་མེད་པ་གསལ་པོ་ཡིན། ང་ཚོས་གནས་སྟངས་དེའི་ངན་ཁག་ཡོད་ཚད་སློབ་ཕྲུག་ཚོར་དཀྲིས་ཏེ། བོད་པའི་སློབ་མ་ཚོ་སློབ་སྦྱོང་ལ་དོ་སྣང་མེད་ཚུལ་དང་མི་རིགས་དང་རིག་གཞུང་ལ་ལར་ཞེན་མེད་ཚུལ་སོགས་ཀྱི་གཏམ་འཆལ་མང་པོ་ཐོས་མྱོང་། ད་ནི་སོ་སོའི་ལས་འགན་ལ་གཡོལ་ཐབས་ཀྱི་སྐད་ཆ་དེ་ཚོ་བཞག་ནས་གནས་སྟངས་འདིར་ཉམས་ཞིབ་མཐིལ་ཕྱིན་པ་ཞིག་བྱ་དགོས་པའི་དུས་ལ་བབ་ཡོད། ཁོ་བོས་སློབ་གྲྭ་ཁག་མང་པོའི་ནང་བོད་ཀྱི་སྐད་ཡིག་སློབ་ཁྲིད་ལ་རྟོག་ཞིབ་བྱས་ཤིང་།  བོད་ཡིག་གི་བསླབ་གཞི་རྩ་འཛིན་དང་སློབ་དེབ་སོགས་ལ་ཉམས་ཞིབ་ཅུང་ཙམ་བྱས་པའི་གྲུབ་དོན་གལ་གནད་ཆེ་བ་འགའ་ཞིག་འདིར་གླེང་རྒྱུ་ཡིན།

༡༽ སྐད་ཡིག་དང་ནང་དོན།

བོད་ཀྱི་སྐད་ཡིག་གི་སྦྱང་འབྲས་དམའ་མོ་ཡིན་པའི་རྒྱུ་མཚན་ཆེ་ཤོས་ཤིག་ནི། ད་ལྟ་སློབ་གྲྭ་ཁག་ནང་ལག་བསྟར་བྱེད་བཞིན་པའི་བོད་ཡིག་གི་བསླབ་གཞི་རྩ་འཛིན་(curriculum) དང་སློབ་དེབ་ལ་ཐུག་ཡོད། དེ་དག་ལས་གསལ་པོར་རྟོགས་ཐུབ་པ་ནི། ང་ཚོས་ད་བར་འཁྲིད་བྱའི་ནང་དོན་(content) གལ་ཆེར་བརྩིས་པ་ལས་སྐད་ཡིག་ལ་དོ་སྣང་དེ་ཙམ་སྤྲད་མེད་པ་དེ་ཡིན། དེར་བརྟེན་བོད་ཡིག་གི་བསླབ་གཞི་རྩ་འཛིན་དང་སློབ་དེབ་ཁག་གི་ནང་རྒྱལ་རབས་དང་ཆོས་འབྱུང་། རིག་ལམ་དང་ནང་ཆོས་སོགས་ཀྱི་ནང་དོན་ཁག་གཙོ་བོར་བཟུང་པ་ལས་སྐད་ཡིག་ཡར་རྒྱས་གཏོང་ཐབས་ལ་དམིགས་པའི་རྩོམ་རིག་གི་ཤེས་བྱ་སོགས་སྣང་མེད་དུ་ལུས་ཡོད། དེ་ནི་སློབ་གསོ་རིག་པའི་ངོས་ནས་བཤད་ན་ནོར་འཁྲུལ་ཆེན་པོ་ཞིག་ཡིན། རྒྱུ་མཚན་ནི་ནང་དོན་ཤེས་པ་ལ་ཐོག་མར་སྐད་ཡིག་གི་གནས་ཚད་ལེགས་པོ་དགོས་ཤིང་། དེ་མིན་སྐད་ཡིག་ལ་རང་སྐྱ་མ་འཕེར་བའི་སྔོན་ལ་ཆེས་གཏིང་ཟབ་ཅིང་གོ་དཀའ་བའི་ནང་དོན་ཁག་མང་པོ་ཞིག་བསླབ་ཚེ། སློབ་མ་ཚོས་སྐད་ཡིག་དེ་ཁག་པོ་ཞིག་ལ་བརྩིས་ནས་སྦྱང་རྒྱུའི་འདོད་པ་མེད་པ་ཆགས་རྒྱུའི་ཉེན་ཁ་ཆེན་པོ་ཡོད། དཔེར་ན་ངོས་རང་ཉམས་ཞིབ་ཀྱི་སྐོར་བསྐྱོད་སྐབས་སློབ་གྲྭ་མི་འདྲ་བ་གསུམ་གྱི་ནང་འཛིན་གྲྭ་བདུན་པའི་བོད་ཡིག་སློབ་ཚན་“འཕྲུལ་བློན་མཛངས་མི་བདུན་”ཞེས་པ་དེ་སློབ་ཁྲིད་གནང་པ་ལ་བལྟ་རྒྱུ་བྱུང་། སློབ་ཚན་དེ་ནི་བོད་བཙན་པོའི་སྐབས་ཀྱི་གྲགས་ཆེ་བའི་བློན་པོ་ཁག་ཅིག་གི་སྐོར་ཡིན་པ་དང་། དེའི་ནང་གི་མིང་ཚིག་སོགས་མང་པོ་ཞིག་འཛིན་གྲྭ་བདུན་པའི་སློབ་མ་ཕལ་མོ་ཆེས་གོ་ཐོས་མེད་ལ་སློབ་ཁྲིད་སྐབས་སློབ་མ་རྣམས་ཉོབ་སྣང་ཆེ་ཞིང་དོ་སྣང་མེད་པའི་ཚོར་སྣང་ཞིག་མངོན་སུམ་དུ་འདུག  དེ་བཞིན་འཛིན་རིམ་དགུ་པ་ནས་བཅུ་གཉིས་བར་གྱི་བོད་ཡིག་སློབ་དེབ་ལ་བལྟས་ཚེ་སྐད་ཡིག་ལས་ནང་དོན་གལ་ཆེར་རྩི་ཡི་ཡོད་པ་དེ་ར་སྤྲོད་གསལ་པོ་ཡོད། ཁོ་པས་ཉམས་ཞིབ་སྐབས་སློབ་གྲྭ་ཁག་བརྒྱད་ཀྱི་ནང་བོད་ཡིག་གི་འཛིན་གྲྭ་ཉི་ཤུ་ལྷག་ཙམ་གྱི་སློབ་ཁྲིད་ལ་རྟོག་ཞིབ་བྱས་པའི་ནང་ཕྱེད་ཀ་ཙམ་ནང་ཆོས་དང་། བསླབ་བྱ། རྒྱལ་རབས། ཆོས་འབྱུང་སོགས་ལས་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་བྱ་རྒྱུའི་གོ་སྐབས་ཆེས་དཀོན་པོ་འདུག  འཛིན་རིམ་དགུ་པ་དང་བཅུ་པའི་བོད་ཡིག་སློབ་དེབ་ཀྱི་ནང་དོན་གལ་ཆེ་ཤོས་ཤིག་ནི་བཤེས་པའི་སྤྲིངས་ཡིག་གི་བསྟན་བཅོས་དེ་རེད། བསྟན་བཅོས་དེའི་ནང་གི་བསླབ་བྱ་རྣམས་གལ་ཆེན་པོ་ཡིན་ཡང་ང་ཚོས་ངེས་པར་དུ་སློབ་གསོ་དང་འབྲེལ་པའི་དྲི་བ་ཞིག་འདྲི་དགོས་པ་ཡིན། དེ་ནི་སློབ་མའི་ལྟ་སྟངས་ཀྱི་ཕྱོགས་ནས་གཟིགས་ཚེ་བསྟན་བཅོས་དེ་དག་སྤྲོ་པ་འཕེལ་པ་ཞིག་ཡོད་དམ། དོན་དངོས་ཐོག་དེ་ལྟ་བུའི་ནང་དོན་ཁག་གིས་སློབ་མ་ཚོ་བོད་ཡིག་ལ་དོ་དབྱིངས་མེད་པ་བཟོ་རྒྱུའི་ཉེན་ཁ་ཡོད། དེ་འདྲའི་ནང་དོན་གྱི་ཚབ་ལ་དེང་དུས་དང་མཐུན་ཞིང་སློབ་མིའི་ཉིན་རེའི་འཚོ་བར་འབྲེལ་ཆགས་པའི་རྩོམ་ཡིག་དང་སྒྲུང་གཏམ་སོགས་བཅུག་ན། སློབ་མའི་བོད་ཡིག་སྦྱང་འདོད་ཀྱི་འདུན་པ་ཇེ་ཆེར་འགྲོ་བར་ཐེ་ཚོམ་མེད།

སྤྱིར་ནང་དོན་ལ་བརྟེན་ནས་སྐད་ཡིག་སློབ་ཁྲིད་བྱ་ཆོག་པ་དང་བྱ་དགོས་པ་ཞིག་ཡིན་ཡང་། ནང་དོན་དེ་བ་མིའི་གནས་ཚད་ལ་རན་ཞིང་དབྱིངས་དང་སྤྲོ་པ་བསྐྱེད་ཐུབ་པ་ཞིག་དགོས། དེ་མིན་རིག་གཞུང་སྲུང་སྐྱོབ་ལ་ཁ་གཡར་ནས་ནང་དོན་གོ་དཀའ་བ་རྐྱང་རྐྱང་སློབ་དེབ་ནང་བཅུག་པ་ཡིན་ན། དེས་བོད་པའི་སློབ་མ་ཚོ་བོད་ཡིག་ལ་དབྱིངས་མེད་པ་བཟོ་རྒྱུའི་ཉེན་ཁ་ཆེན་པོ་ཡོད། ལོ་རབས་བརྒྱད་ཅུ་ནས་བཟུང་དཔལ་དོན་གྲུབ་རྒྱལ་གཙོས་བོད་ཀྱི་མཁས་པ་མང་པོས་དེང་དུས་ཀྱི་འཚོ་བ་དང་མཐུན་པའི་ཕུལ་བྱུང་རྩོམ་ཡིག་མང་པོ་སྤེལ་ཡོད་ཀྱང་། དེ་དག་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་བོད་ཡིག་སློབ་དེབ་ནང་ལ་སླེབ་མ་ཐུབ་པ་ནི་ཆེས་ཡ་མཚན་གྱི་གནས་ཤིག་ཡིན། དེ་ཙམ་དུ་མ་ཟད་ད་ལྟའི་བོད་ཡིག་གི་སློབ་དེབ་ནང་ཚོན་ཁྲ་དང་རི་མོ་དཀོན་ཞིང་ཤོག་བུའི་རྒྱུ་ཆ་དང་སྒྲིག་སྦྱོར་ཡང་ཧ་ཅང་ཞན་པོ་ཡོད། དེས་ན་ད་ནི་ང་ཚོ་རྙིང་ཞེན་དང་སྲོལ་རྒྱུན། དེ་བཞིན་རྗེས་ལུས་སོགས་ཀྱི་ཕུག་ཁ་ནས་ཐོན་པའི་དུས་ལ་སླེབ་འདུག

༢༽ སློབ་དེབ་རྩོམ་སྒྲིག་དང་སྐྱར་ཞིབ་ཚོགས་ཆུང་།

ད་བར་གྱི་བོད་ཡིག་སློབ་དེབ་རྩོམ་སྒྲིག་ཚོགས་ཆུང་དང་སློབ་དེབ་སྐྱར་ཞིབ་ཚོགས་ཆུང་ཕལ་མོ་ཆེས་ལས་དོན་དེ་དག་གི་ཐད་འཐུས་ཤོར་ཆེན་པོ་ཕྱིན་ཡོད། ཚོགས་ཆུང་དེ་དག་གི་ནང་བོད་ཀྱི་སྐད་ཡིག་ལ་མཁས་པ་ཙམ་གྱིས་མི་འགྲིག་པར་ངེས་པར་དུ་དེང་དུས་ཀྱི་སློབ་གསོ་རིག་པ་(education) དང་། སློབ་ཁྲིད་རིག་པ།(pedagogy) བྱིས་པའི་སེམས་རིག་པ།(child psychology) དེ་བཞིན་སྐད་བརྡ་རིག་པ་(linguistic) སོགས་ཀྱི་ཆེད་མཁས་མི་སྣ་ལེགས་འདེམས་ཀྱིས་ཚོགས་མིར་བསྐོ་འཇོག་བྱ་དགོས། ༢༠༡༢ ལོར་བཏོན་པའི་འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་གྱི་བོད་ཡིག་སློབ་དེབ་གསར་པ་རྣམས་ཕུད་དེ་མིན་གྱི་སློབ་དེབ་མང་ཆེ་བ་སློབ་མའི་གནས་ཚད་ལ་མི་རན་པ་མ་ཟད། དེང་དུས་ཀྱི་སློབ་གསོ་རིག་པའི་གཞུང་ལུགས་དང་ཡང་མི་མཐུན་པས་ངེས་པར་དུ་བསྒྱུར་བཅོས་བྱ་དགོས།

༣༽ བོད་དགེ་རྣམ་པའི་སློབ་ཁྲིད་ཀྱི་ཐབས་ལམ་ཞན་པ།

ཉམས་ཞིབ་སྐབས་བོད་དགེ་རྣམ་པ་དེང་དུས་ཀྱི་སློབ་ཁྲིད་ཐབས་ལམ་སྐོར་ལ་གོ་རྟོགས་དང་ཉམས་ལེན་ཞན་པོ་ཡོད་པ་ཡང་གསལ་པོ་རེད། སློབ་ཚན་གཞན་དང་བསྡུར་ཚེ་བོད་ཡིག་གི་འཛིན་གྲྭའི་ནང་སློབ་མར་བྱེད་སྒོ་ཉུང་པ་དང་། བོད་དགེ་རྣམས་ཀྱིས་འཆད་ཁྲིད་(Lecture method) གཙོ་བོར་འཛིན་པ་ལས་སློབ་མར་འཛིན་གྲྭའི་སྐབས་སུ་སྐད་ཡིག་འཆད་ཉན་དང་འབྲི་ཀློག་སོགས་ཀྱི་གོ་སྒོ་སྐབས་ཧ་ཅང་དཀོན། དེས་ན་བོད་ཡིག་གི་དགེ་རྒན་གསོ་སྐྱོང་བྱེད་ས་ནི་ཝ་ར་ན་སི་དང་ས་ར་མཐོ་སློབ་གཉིས་ཡིན་སྟབས། དེ་གཉིས་ནང་གི་བསླབ་གཞི་རྩ་འཛིན་སྤྱི་དང་ལྷག་དོན་དགེ་རྒན་འོས་སྦྱོང་སྐབས་ལག་འཁྱེར་སྤྲོད་ཐུབ་པ་ཙམ་མིན་པར། དེང་དུས་སློབ་ཁྲིད་ཀྱི་ཐབས་ལམ་ཁག་ལ་སློབ་ཁྲིད་དང་མྱོང་བ་གཏིང་ཟབ་སྤེལ་དགོས་རྒྱུ་ནི་ཆེས་ཁ་ཚ་དགོས་གཏུགས་ཤིག་ཏུ་གྱུར་ཡོད།

༤༽ སྐད་ཡིག་ནས་བརྡ་སྤྲོད་ཀྱི་ཐབས་ལམ་བརྟེན་དགོས་པ།

དེང་དུས་སྐད་ཡིག་སློབ་གསོ་དང་ལྷག་པར་སློབ་ཁྲིད་རིག་པ་(pedagogy) སོགས་ཀྱི་ཉམས་ཞིབ་ཀྱི་གྲུབ་དོན་ཁག་དང་བོད་པའི་སློབ་གྲྭའི་ནང་བོད་ཡིག་སློབ་ཁྲིད་བྱེད་སྟངས་གཉིས་ཀྱི་བར་ལ་སྟོང་ཆ་ཆེན་པོ་ཡོད། བོད་ཡིག་གི་འཛིན་གྲྭ་མང་པོའི་ནང་ད་ལྟའང་བརྡ་སྤྲོད་ཀྱི་གཞུང་རྣམས་བློར་འཛིན་བྱ་རྒྱུ་ཙམ་ལས་ལག་ལེན་གྱི་ཐོག་ནས་བཀོལ་སྤྱོད་བྱ་རྒྱུའི་གོ་སྐབས་ཧ་ཅང་དཀོན། འཛིན་གྲྭའི་ནང་གི་བརྡ་སྤྲོད་ཀྱི་འགྲོ་སྟངས་དང་སློབ་མའི་ཉིན་རེའི་འཚོ་བའི་ནང་བེད་སྤྱོད་བྱེད་བཞིན་པའི་སྐད་ཡིག་གཉིས་ཀྱི་བར་འབྲེལ་བ་ཅི་ཞིག་ཡོད་བརྟག་མ་ཐུབ་པའི་སྟོང་ཆ་ལུས་ཡོད། དེང་སང་སྐད་ཡིག་སློབ་གསོའི་མཁས་པ་རྣམས་ཀྱི་བརྗོད་དོན་ལ་གཞིགས་ན། སྔོན་ལ་སྐད་ཡིག་འབྲི་ཀློག་སོགས་ཀྱི་གོ་སྐབས་གང་མང་བསྐྲུན་དགོས་པ་དང་། དེའི་རྗེས་སུ་དུས་དང་མཚམས་ཤིང་འབྲེལ་ཆགས་པའི་བརྡ་སྤྲོད་(grammar in-context) ཀྱི་འགྲོ་སྟངས་ངོ་སྤྲོད་བྱ་དགོས། ཁོ་ཚོས་སྐད་ཡིག་སྦྱོང་གཉེར་བྱེད་པའི་བརྒྱུད་རིམ་ནང་བརྡ་སྤྲོད་ཀྱི་འགྲོས་ལ་གོམས་འདྲིས་ཡོང་ཐབས་བཤད་ཀྱི་ཡོད།(language to grammar approach)

༥༽ བྱིས་སྒྲུང་སོགས་ཀྱི་དཔེ་དེབ་ཆེས་ཉུང་བ།

སྐད་ཡིག་གི་ཚད་གཞི་ཡར་རྒྱས་བཏོང་བའི་བརྒྱུད་ལམ་གཙོ་བོ་ཞིག་ནི་སློབ་མ་སོ་སོས་རང་ཉིད་ཀྱི་ཆུ་ཚད་དང་འཚམ་པའི་དཔེ་དེབ་བཀླག་རྒྱུ་དེ་ཡིན། བོད་ཡིག་ནང་དེ་འདྲའི་དཔེ་དེབ་ཆེས་ཉུང་བ་མ་ཟད། འཛིན་རིམ་དང་པོ་དང་གཉིས་པའི་སློབ་མར་སྨན་པའི་པར་རིས་ཆེ་ལ་ཡིག་ཚོགས་ཉུང་བའི་དཔེ་དེབ་ནི་ད་བར་ངས་མ་མཐོང་། ཁོ་བོའི་བསམ་པར་བོད་ཀྱི་སྐད་ཡིག་ལ་སྦྱངས་ཤིང་མཁས་པའི་དགེ་རྒན་དང་། སློབ་དཔོན། བླ་མ། སྤྲུལ་སྐུ། དེ་བཞིན་ལོ་ཙཱ་བ་དང་མཁས་དབང་རྣམ་པས་བཀའ་བསྟན་སོགས་ཕྱིའི་སྐད་ལ་བསྒྱུར་རྒྱུའི་ཚབ་ལ། ནུས་པ་དང་མཐུན་རྐྱེན་གང་མང་བྱིས་པའི་དཔེ་དེབ་གསར་རྩོམ་དང་ཡིག་སྒྱུར་སོགས་གནང་ན་བོད་མི་རིགས་ལ་ཆེས་ཕུལ་བྱུང་གི་ཞབས་འདེགས་བསྒྲུབ་ཐུབ་ངེས་ཡིན། ང་ཚོས་རང་མི་རིགས་ཀྱི་རིག་གནས་ཕྱུག་ཏུ་གཏོང་དགོས་པ་དང་ཉེ་བར་མཁོ་བའི་ཕྱིའི་རིག་གནས་ཀྱི་རྣམ་གྲངས་མང་པོ་ཞིག་ནང་འདྲེན་བྱ་རྒྱུ་ནི་དུས་དང་མཚམས་པའི་བོད་མིའི་འོས་བབ་ཞིག་ཡིན།

དེས་ན་གནད་དོན་དེ་དག་གི་ཐད་བོད་མིའི་སྒྲིག་འཛུགས་དང་སློབ་ཁག  སློབ་གསོའི་བྱ་བཞག་གཉེར་འི་སློབ་གཙོ་དང་དགེ་རྒན། དེ་བཞིན་སྤྱི་ཚོགས་ཡོངས་ཀྱིས་ནུས་པ་སྤུང་དགོས་པ་ཡིན།

འབྲེལ་ཡོད་གསར་འགྱུར།

LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད། 

༢༠༢༦/༠༦/༠༤

མཆན། 4

  1. བྱ་གཞུང་དཔལ་རྡོར། says:
    ལོ་ 13 སྔོན།

    འཛིན་རིམ་དགུ་པ་ནས་བཅུ་གཉིས་བར་གྱི་བོད་ཡིག་གི་བསླབ་གཞི་དེ་ཤེས་རིག་ལས་ཁུངས་ཀྱི་རྩོམ་སྒྲིག་པའི་ལག་ཏུ་ཡོད་པ་ཞིག་མ་རེད། བསླབ་གཞི་དང་སློབ་དེབ་རྣམས་རྒྱ་གར་གཞུང་གི་དབུས་རྒྱུགས་བཞེས་ལྷན་ཚོགས་ནས་གཏན་འབེབས་གནང་བ་ཞིག་རེད་ལ། ཚོགས་ཆུང་གི་ཚོགས་མིའི་ནང་དུ་ཤེས་རིག་གི་ལས་བྱེད་གཅིག་ལས་མེད།བསླབ་གཞེ་རྣམས་འཛིན་རིམ་དགུ་པ་ནས་བཅུ་གཉིས་བར་གྱི་སློབ་དེབ་ཚོའི་མཇུག་ཏུ་བཀོད་ཡོད། དེར་འགྱུར་བ་གཏོང་དགོས་ན་དེའི་ནང་གི་ཤེས་རིག་གི་ཚོགས་མི་གཅིག་ཡོད་པ་དེས་འགྱུར་བ་གཏོང་དགོས་ཀྱི་རེད། རྩོམ་སྒྲིག་པ་ཚོ་ནི་སྒང་ནས་བསླབ་གཞི་ག་རེ་གནང་ན་དེའི་ནང་ཤར་རྒྱགས་འགྲོ་རྒྱུ་ལས་ཅང་མེད། ངས་བལྟས་ན་འགྱུར་བ་འགྲོ་དགོས་སྐོར་ཤེས་རིག་ལས་ཁུངས་ཀྱི་རྩོམ་སྒྲིག་པ་ཚང་མར་བསམ་ཚུལ་ཡོད་ཡོད་པ་རེད། དེ་གཅིག་ཡིན། གཉིས་པ་དེ་སྤྱི་ཚོགས་དང་དགེ་རྒན་གྱི་བསམ་ཚུལ་མི་འདྲ་བ་དེ་རེད། བོད་ཡིག་དགེ་རྒན་ལ་རིགས་གཉིས་ཡོད། ས་རཱ་མཐོ་སློབ་སོགས་དང་ཝ་ར་ན་སི་ནས་ཐོན་པའི་བོད་དགེ་རེད། ས་རཱ་ནས་ཐོན་པ་ཚོར་རྩོམ་རིག་སྤྱི་དང་སྒྲུང་གཏམ་སློབ་ཁྲིད་ཀྱི་ཉམས་མྱོང་གང་འཚམས་ཡོད་ཀྱང་ཝ་ར་ན་སི་ནས་ཐོན་པའི་བོད་དགེ་ཚོས་བཤེས་སྤྲིངས་དང་ས་སྐྱ་ལེགས་བཤད་ཁྲིད་རྒྱུ་སོགས་ལ་དགའ་པོ་བྱེད་པ་ལས་རྩོམ་རིག་སྐོར་ལ་དོ་སྣང་མེད་པ་རེད། དཔེར་ན་དོན་གྲུབ་རྒྱལ་གྱི་སྒྲུང་གཏམ་སོགས་སློབ་དེབ་ནང་བཞག་ན་ཏན་ཏན་ལྟ་མཁྲེགས་མང་པོ་ཞིག་གིས་ངོ་རྒོལ་བྱེད་རྒྱུ་ཡིན་པ་ཐག་གིས་ཆོད། གལ་ཏེ་འགྱུར་བ་གཏོང་དགོས་ན་ཤེས་རིག་ནས་བཙན་པོ་དབང་ཡོད་བྱེད་རྒྱུ་དེ་རེད། འདི་སྐོར་ལ་རྩོམ་སྒྲིག་པ་ཚོས་རྟག་པར་གླེང་སློང་བྱེད་གི་ཡོད། ཡིན་ནའང་སྔོན་འགྲོ་ནས་འཛིན་རིམ་བརྒྱད་པ་བར་དུ་ཤེས་རིག་གིས་བསྐོས་པའི་བསླབ་གཞི་རྩ་འཛིན་ཚོགས་ཆུང་གིས་རང་དབང་ངང་གཏན་འབེབས་བྱེད་ཀྱི་ཡོད་པས་འགྱུར་བ་གཏོང་ཐུབ་ཀྱི་ཡོད་ལ། དེ་ལྟར་འགྱུར་བ་བཏང་ཡོད་རེད། སྔོན་འགྲོ་ནས་འཛིན་རིམ་ལྔ་པ་བར་གྱི་སློབ་ཚན་རྣམས་ལ་བཏང་སྟེ་འཛིན་རིམ་གསུམ་པ་བར་དུ་ཚར་ཡོད་རེད། དེ་ཚོ་ཕྱིར་སླེབས་རྗེས་བསམ་ཚུལ་བཤད་ན་ལེགས་སྙམ།

    Reply
  2. ཤག་སྒང་པ། says:
    ལོ་ 13 སྔོན།

    སྐལ་བཟང་དབང་འདུ་ལགས་ཀྱི་ཞིབ་འཇུག་སྙན་ཐོའི་ནང་དོན་རྣམས་དངོས་ཡོད་བདེན་པ་རུ་མཐོང་སོང་།

    སྐྱོན་གནད་འདི་ལྟར་ཡིན་པ་སྔ་ས་ནས་ཤེས། འོན་ཀྱང་ལག་བསྟར་ངོ་མར་འགྲོ་མི་ཐུབ་པའི་རྒྱ་དེ་ནས་བརྒལད་སྟེ། ཕྱག་བསྟར་སྐྱོང་བར་ཆོད་སེམས་དང་རྒྱབ་སྐྱོར་ཆོག་མཆན་ལག་མཐུད་ཞིག་དགོས་པ་རེད་ཟེར་འདོད་དོ།།

    Reply
  3. བདེན་པའི་རྒྱལ་སྲས། says:
    ལོ་ 13 སྔོན།

    སྐལ་བཟང་དབང་འདུས་ལགས་ཀྱིས་མནོ་བསམ་ཞིབ་ཏུ་བཏང་ནས་གསུངས་པར་མངོན་པར་བསྟོད། ཁྱེད་ཀྱི་གསུང་ལྟར་ལག་ལེན་དུ་ཁེལ་ཆེད་ང་ཚོ་མུ་མཐུད་དེ། མདུན་མཆོང་བྱེད་དགོས། དེ་སང་རྡ་སའི་ཤེས་རིག་ལས་ཁུངས་ཀྱི་སྐུ་ངོས། བོད་ཡིག་ལག་ལེན་དུ་ཁེལ་མི་ཐུབ་རབས་ཉབ་ཉོབ་མང་པོ་བཤད་འདུག་པས། མི་རིགས་ཀྱི་ལ་རྒྱ་རྩ་བོར་ཟིན་པའི་མི་གཟུགས་དུས་འགྲོའི་ཀླད་ཅན་དེ་ལྟ་བུ་ང་ཚོ་མགོ་ཁྲིད་ཡོང་ཐབས་མེད་པས། བཀའ་སྤྱི་གཉིས་ལ་སྙན་སེང་ཞུས་ཏེ། ཤེས་རིག་ལས་ཁུངས་ནི། གལ་གནད་ཅན་གྱི་ལས་ཁུངས་ཡིན་པས། མི་རིགས་དང་རིག་གཞུང་ལ་ལ་ཞེན་ཡོད་མཁན་ཞིག་འཇོག་ཐབས་ལ་འབད་དེ། རིམ་བཞིན་སློབ་གྲྭ་ཁག་གི་སློབ་དེབ་དང་སློབ་ཁྲིད་བྱེད་སྟངས་བསྒྱུར་བཅོས་རིམ་བཞིན་གང་འཇོག་ཅི་འཇོག ཚ་ཚ་འུར་འུར་དུ་མཆོང་སྐྱོད་ཆེ་མོ་བྱེད་ན་མ་གཏོགས། རྩོམ་ཡིག་རེ་གཉིས་དང་། བསམ་ཚུལ་བརྗོད་པ་ཙམ་གྱིས་འགྱུར་བ་མི་ཐེབས་ཁོ་ཐག་རེད། སྔར་ནས་ད་བར་རྩོམ་སྤེལ་གཏམ་བཤད་སྤེལ་བ་སོགས་ཅི་དྲག་བྱས་ཡོད་ནའང་། གནས་སྟངས་ཇེ་ཞན་ལས་བཟང་ངོ་ཅུང་ཙམ་ཡང་མི་འདུག ད་ངོ་མ་ལས་འགུལ་དངོས་ལ་ཞུགས་པའི་དུས་ཚོད་རན་པ་མ་ཟད་ཕྱི་དྲག་འདུག

    Reply
  4. བསྟན་ཆོས། says:
    ལོ་ 13 སྔོན།

    གསུང་བ་བཟང་བས་བསྔགས་བརྗོད་ཞུ
    ༡)ཕྲུ་གུ་ཚོའི་ཀློག་རྩལ་སྐྱོ་བོ་ཡིན་དོན་ཅི།
    ༢) གོ་གྲངས་ནང་བཟོས་པའི་སྐད་ཡིག་སློབ་དེབ་དག་བཟང་ཡང་ཕྱིས་སུ་ཉུང་བསྡུས་བྱས་དོན་ཅི།
    ༣)རྒྱལ་རབས་ཆོས་འབྱུང་དང་རིགས་ལམ་ནང་ཆོས་ལ་རྒྱ་ཆ་ཉུང་ངུ་ལས་མེད་པས། དགེ་རྒན་ཚོས་དུས་ཚོད་ཆེས་ཉུང་ངུ་ལས་མ་སྤྲད་ན་ཅིས་མི་ཆོག་གམ།
    ༤) ཕྲུ་གུའི་སྤྲོ་སྣང་ནི་དགེ་རྒན་གྱི་འཁྲབ་སྟོན་ཁོ་ནས་ཡོང་ང། ༥) དགེ་རྒན་གྱི་ལག་ཁྱེས་སྤྲོད་ས་ཚད་ལྡན་ཡིན་པ་ཙམ་གྱིས་དགེ་རྒན་སྤུས་ཚད་ལེགས་རྐྱང་རྐྱང་ཡོང་ངེས་སམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese