མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་རིགས་རྩོམ་པ་པོ་གཉིས་ཀྱིས་གྲངས་ཉུང་མི་རིགས་ཁག་ལ་བཏོན་པའི་གྲོས་གཞི།

བོད་ཀྱི་དུས་བབ།
༢༠༡༣/༡༡/༡༢
Share on FacebookShare on TwitterShare on EmailShare on Whatsapp

ལི་ཡི་ཕིན་དང་ཧྥན་ཆིན་གཉིས་ཀྱི་བརྩམས།       ལོ་མ་རྒྱལ་གྱིས་བསྒྱུར།

དང་པོ།   རྒྱ་ནག་དབང་བསྒྱུར་འོག་གི་མི་རིགས་ས་ཁུལ་གནས་བབ།

རྒྱ་ནག་སྲིད་དབང་སྒེར་གཅོད་དབང་བསྒྱུར་འོག་ཏུ། མི་རིགས་སོ་སོའི་ས་ཁུལ་ཁག་ཏུ་མི་སེར་སྤེལ་ཡུལ་སྲིད་ཇུས་དེ་བཙན་ཚུགས་ཀྱིས་སྤེལ་གྱི་ཡོད་པ་མ་ཟད། མི་རིགས་ཁག་གི་ལོ་རྒྱུས་ལ་འཁྱོག་བཤད་བྱེད་པ་དང་། མི་རིགས་ལ་མཐོང་ཆུང་བྱེད་པ། མི་རིགས་ཕན་ཚུན་བར་སྡང་སེམས་དང་ཞེ་འཁོན་བསྐྲུན་ཞིང་།  མི་རིགས་ཕན་ཚུན་བར་འབྲེལ་འདྲིས་དང་རྒྱུས་ལོན་བྱེད་པ་འགོག་གི་ཡོད། གང་ལྟར། མི་རིགས་ཕན་ཚུན་བར་འགལ་བ་ཛ་དྲག་ཅན་དང་རྣོ་ངར་ཅན་དུ་སྒྱུར་བཞིན་ཡོད། རྒྱ་གཞུང་གིས་འཆར་གཞི་ལྡན་པའི་ཐོག་ནས་གྲངས་ཉུང་མི་རིགས་ཁག་གི་ཆོས་དང་རིག་གཞུང་རྩ་མེད་གཏོང་གི་ཡོད། དེར་མ་ཟད། ད་དུང་རང་བྱུང་ཐོན་ཁུངས་རྣམས་བཙན་འཕྲོག་གིས་སྔོག་འདོན་བྱེད་པ་དང་། ཁོར་ཡུག་ལ་གཏོར་བརླག་ཚབས་ཆེན་གཏོང་གི་ཡོད།  མདོར་ན། རྒྱ་གཞུང་གིས་མི་རིགས་གཉའ་གནོན་སྲིད་ཇུས་སྤེལ་ཏེ་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་བའི་ཟིན་ཐོ་དེས་མི་རྣམས་ཧ་ལས་ཤིང་ཧོན་ཐོར་དུ་བཅུག་ཡོད།

རྒྱ་མི་རིགས་དང་གྲངས་ཉུང་མི་རིགས་ཚོས་ད་དུང་རྒྱ་གཞུང་གི་གཉའ་གནོན་དབང་བསྒྱུར་གྱི་བཙོན་ཁང་ནང་དུ། འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རྫིས་དང་དཔལ་འབྱོར་འཕྲོག་བཅོམ། རིག་གཞུང་གཏོར་བཅོམ་བྱེད་པའི་ཁྲོད་ན་འཚོ་བ་སྐྱེལ་བཞིན་ཡོད། རྒྱ་གཞུང་གིས་སྔོན་མ་ཞིག་ནས་ “ གཅིག་གྱུར་ཆེན་པོ ” བྱེད་པའི་ཆེད་དུ། མི་རིགས་རྒྱ་བསྒྱུར་གྱི་སློབ་གསོ་སྤྲོད་ཀྱི་ཡོད་མ་ཟད། རྒྱ་མིའི་དཔོན་རིགས་དང་མི་སེར་འབོར་ཆེན་གྲངས་ཉུང་མི་རིགས་ས་ཁུལ་ཁག་ཏུ་གནས་སྤོར་གྱིས་ས་གནས་ཀྱི་ཆབ་སྲིད་དབང་ཆ་དང་དཔལ་འབྱོར་སྲོག་རྩ་རྣམས་བདག་འཛིན་བྱས་ཤིང་། རྒྱ་རིགས་དང་མི་རིགས་ཁག་བར་གྱི་མཛའ་བརྩེ་ལ་གནོད་སྐྱོན་བཟོས་ཏེ་བར་ཐག་ཇེ་རིང་ནས་ཇེ་རིང་དུ་བཏང་དང་གཏོང་གི་ཡོད། ཕན་ཚུན་ལ་བཅངས་བའི་ཞེ་འཁོན་ཇེ་ཆེ་ནས་ཇེ་ཟབ་ཏུ་གཏོང་གི་ཡོད། མདོར་ན། བྱེད་ཐབས་འདི་གྲངས་ཉུང་མི་རིགས་དང་རྒྱ་མི་རིགས་གཉིས་མཉམ་འབྲེལ་ཐོག་སྲིད་གཞུང་ལ་ངོ་ལོག་རྒྱག་མི་ཐུབ་པའི་ཆེད་དུ་ཡིན་པ་མ་ཟད། མ་འོངས་པར་ཡང་གྲོས་མོལ་སོགས་ཐབས་ལམ་གང་གི་ཐོག་ནས་ཀྱང་དཀའ་རྙོག་འདི་སེལ་མི་ཐུབ་པ་བཟོ་བཞིན་ཡོད།

ང་ཚོས་བོད་དང་སོག་པོ། ཤིན་ཅང་བཅས་གྲངས་ཉུང་མི་རིགས་ཀྱི་ལས་དབང་དང་འབྲེལ་བའི་རྒྱུ་རྐྱེན་ཁག་བཞི་མཐོང་གི་ཡོད།

༡ ༽ མི་རིགས་བྱིངས་ཀྱི་འདུ་ཤེས་སད་རྟོགས་དང་རྒྱ་གཞུང་གི་གཉའ་གནོན་ལ་ངོ་རྒོལ།

༢ ༽ ལོ་རྒྱུས་དུས་རིམ་མི་འདྲ་བའི་ནང་གི་རྒྱ་ནག་གཞུང་གི་མི་རིགས་སྲིད་ཇུས་འགྱུར་བ།

༣ ༽ རྒྱལ་སྤྱིའི་རྒྱབ་སྐྱོར་དང་རོགས་རམ།

༤ ༽ རྒྱ་ནག་གི་མི་འབོར་ཆེན་པོ་ཟིན་ཡོད་པའི་རྒྱ་མི་རིགས་ཀྱི་བསམ་བློ་དང་རྣམ་འགྱུར།

འདས་བའི་ལོ་བཅུ་ཕྲག་ཁ་ཤས་ལ་ཕྱི་མིག་བལྟས་ན། བོད་དང་སོག་པོ། ཤིན་ཅང་མི་རིགས་བཅས་ཀྱིས་བཙན་བྱོལ་དུ་ཡོད་པའི་སྒྲིག་འཛུགས་ཁག་གི་སྣེ་ཁྲོད་འོག གོང་གི་རྒྱུ་རྐྱེན་དང་པོ་དང་གཉིས་པ། གསུམ་པ་བཅས་ཀྱི་ཐད་ལ་ནུས་ཤུགས་དང་འབད་རྩོལ་མང་པོ་བྱས་ཡོད་ན་ཡང་། རྒྱུ་རྐྱེན་བཞི་པ་སྟེ། ཐད་ཀར་རྒྱ་ནག་ནང་ཁུལ་གྱི་རྒྱ་རིགས་མི་མང་ལ་འབྲེལ་འདྲིས་བྱས་ཏེ། ཁོ་ཚོའི་ཕྱོགས་ནས་རྒྱབ་སྐྱོར་རག་ཐབས་དང་། ཁོ་ཚོ་ལ་གོ་རྟོགས་སྤེལ་བ་ཧ་ཅང་ཉུང་ཉུང་རེད།  དེའི་རྒྱུ་མཚན་གཙོ་བོ་གཅིག་ནི། རྒྱ་མི་རིགས་ལ་རྒྱལ་ཁབ་ཀྱི་ཆབ་སྲིད་དང་འབྲེལ་བའི་སྨྲ་བརྗོད་རང་དབང་མེད་པས་རེད། དེར་བརྟེན།  རྒྱ་ནག་མི་མང་གིས་གྲངས་ཉུང་མི་རིགས་ཁག་ལ་ཁ་ཡོད་ལག་ཡོད་ཀྱི་རོགས་ཕན་བྱེད་ཐུབ་ཀྱི་མེད། ཡང་ཅིག་བཤད་ན། རྒྱ་གཞུང་གིས་ཆབ་སྲིད་སྒེར་སྡོམ་བྱེད་ཐབས་འདྲ་མིན་སྤེལ་རྗེས། བཙན་བྱོལ་ན་ཡོད་པའི་གྲངས་ཉུང་མི་རིགས་ཁག་གིས་ཐད་ཀར་རྒྱ་ནག་ནང་ཁུལ་གྱི་རྒྱ་རིགས་རྣམས་དང་འབྲེལ་འདྲིས་བྱེད་མ་ཐུབ་པས་རེད།

གཉིས་པ། རྒྱ་ནག་གི་གནས་སྟངས་ལ་འགྱུར་བ་འགྲོ་བཞིན་ཡོད་པ།

ཐོག་མར། རྒྱ་གཞུང་གིས་སྒེར་སྡོམ་བྱས་པའི་རྒྱ་ནག་ནི་དཔོན་ངན་གྱི་ལྐོག་ཟ་རུལ་སུངས་དང་དྲང་བདེན་ཁྲིམས་ལུགས་མེད་པ། སྤྱི་ཚོགས་ཁྲོད་དབུལ་ཕྱུག་གི་ཧེ་བག་ཆེ་བ། དཔལ་འབྱོར་ཉེན་ཁ་ཕྱོགས་སོ་སོ་ན་ཁ་དར་ནས་ཡོང་གི་ཡོད་པ་དང་ས་གནས་གང་ས་ན་དམངས་གཙོའི་སྐད་སྒྲ་སྒྲོག་བཞིན་ཡོད་སྟབས། རྒྱ་གཞུང་གིས་མུ་མཐུད་རྒྱ་ནག་ལ་དབང་བསྒྱུར་བྱེད་རྒྱུ་ཁག་པོ་ཆགས་ཀྱི་ཡོད། ལོ་ཤས་ནང་རྒྱ་ནག་ལ་འགྱུར་བ་ཆེན་པོ་ཞིག་འགྲོ་རྒྱུ་ཡིན་པ་གཏན་ཁེལ་བ་རེད། དེར་བརྟེན། མི་རིགས་ཁག་སོ་སོའི་འཐབ་རྩོད་འཆར་གཞི་དེ། ད་ལྟའི་གནས་བབ་ལ་དམིགས་གཏད་བྱེད་དགོས་པ་མ་ཟད། ད་དུང་ཕུགས་ཀྱི་ལས་དོན་ལ་ཡང་ལྟ་དགོས་ཀྱི་ཡོད། རྒྱ་ནག་གི་གནད་ཡོད་མི་སྣ་ཚོས་མངོན་གསལ་དོད་པོས་ཆབ་སྲིད་སྒྲོམ་གཞི་བཅོས་བསྒྱུར་ལ་ངོ་རྒོལ་བྱེད་ཀྱི་ཡོད། དེར་བརྟེན།  མི་རིགས་ཁག་གིས་ངེས་པར་དུ་དམངས་གཙོའི་ཐོག་ནས་གསར་བརྗེ་བྱས་ན། ད་གཟོད་རྒྱ་གཞུང་གི་ཆབ་སྲིད་སྒྲོམ་གཞིར་འགྱུར་བ་གཏོང་ཐུབ་པ་རེད། དེ་བཞིན། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་མི་རིགས་ཁག་གི་རང་ཐག་རང་གཅོད་དབང་ཆ་དེ་ཡང་གསལ་བོ་ཆགས་ཡོང་གི་རེད། རྒྱ་ནག་ནི་དམག་དོན་དང་དཔལ་འབྱོར་སྟོབས་ཤུགས་ཆེ་བའི་རྒྱལ་ཁབ་ཅིག་ཡིན་སྟབས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐད་ཀར་ཕོག་ཐུག་དང་བར་ཆད་གཏོང་ཐུབ་ཀྱི་མེད། དེར་བརྟེན། མི་རིགས་ཁག་གི་ཆབ་སྲིད་ཚོགས་པར་རྒྱལ་སྤྱིའི་སྒང་ནས་རག་པའི་རྒྱབ་སྐྱོར་དང་རོགས་རམ་དེས། མི་རིགས་རང་སྐྱོང་དང་རང་ཐག་རང་གཅོད་ལ་འཐབ་རྩོད་བྱེད་པའི་ཆ་རྐྱེན་ཕལ་བ་ཞིག་ལས་གཙོ་གནད་དེ་ཆགས་ཐུབ་ཀྱི་མེད་པ་མ་ཟད། མི་རིགས་རང་ཉིད་ཀྱི་ལས་དབང་ལ་འགྱུར་བ་གཏོང་ནུས་པའི་ཆ་རྐྱེན་ཞིག་ལ་དེ་བས་འགྱུར་ཐུབ་ཀྱི་མེད།

རྒྱ་ནག་ནང་ཁུལ་ནས་མི་གྲངས་དང་ས་ཁུལ་ཡག་ཤོས། ཐོན་ཁུངས་སྟངས་འཛིན། དཔལ་འབྱོར་འཕེལ་རྒྱས། དམག་དོན་སྟོབས་ཤུགས་སོགས་ཕྱོགས་གང་ཐད་ནས་རྒྱ་མི་རིགས་ཀྱིས་མང་ཤོས་དང་ཡག་ཤོས་བཟུང་ཡོད། དེ་ནས། མི་རིགས་ཁག་གི་ངོ་རྒོལ་དེ་ཧ་ཅང་གི་གལ་ཆེན་ཆགས་ཡོད་ཀྱང་ང་ཚོས་གསལ་བོར་ཤེས་དགོས་པ་ཞིག་ལ། རྒྱ་གཞུང་གི་མི་རིགས་རྒྱ་བསྒྱུར་སྲིད་ཇུས་རྩད་རྫོག་མ་བྱས་ཚེ། མི་རིགས་ཁག་གི་རང་སྐྱོང་དང་རང་ཐག་རང་གཅོད་དབང་ཆ་ལོངས་སུ་སྤྱོད་རྒྱུ་དང་། རང་ཉིད་ཀྱི་དབང་ཆ་དང་ཐོབ་ཐང་མངོན་འགྱུར་བྱེད་རྒྱུ་ལས་སླ་བོ་ཞིག་གཏན་ནས་མིན། དེར་བརྟེན། རྒྱ་མི་རིགས་ཀྱི་བསམ་བློ་དང་རེ་འདུན་ལ་འགྱུར་བ་གཏོང་རྒྱུ་དེ། མ་འོངས་བར་གྲངས་ཉུང་མི་རིགས་ཁག་གི་མི་རིགས་རང་སྐྱོང་དང་རང་ཐག་རང་གཅོད་དབང་ཆ་ལ་འཐབ་རྩོད་བྱེད་པར་ཧ་ཅང་གནད་འགག་ཆགས་ཡོད།

དྲ་རྒྱ་ནི་མི་རིགས་ཁག་གི་བར་ལ་ཐད་ཀར་འབྲེལ་འདྲིས་བྱེད་ཐུབ་པའི་ལག་ཆ་གལ་ཆེན་ཞིག་ཡིན། ད་ལྟ་རྒྱ་ནག་ནང་དྲ་རྒྱ་བེད་སྤྱོད་གཏོང་མཁན་དུང་ཕྱུར་ ༥ བརྒལ་ཡོད་སྟབས། རྒྱ་ནག་མི་མང་གིས་གནས་ཚུལ་རྒྱུས་ལོན་བྱེད་སའི་ལམ་ཁ་ཡག་ཤོས་དེ་དྲ་ལམ་ཆགས་ཡོད། ཆབ་སྲིད་བསམ་བློ་དང་རིན་ཐང་ལྟ་ཚུལ་སོགས་ཁྱབ་སྤེལ་ཕྱོགས་ནས་ཀྱང་། དྲ་རྒྱ་ནི་སྲོལ་རྒྱུན་གྱི་བརྒྱུད་ལམ་ཁག་ལས་ལྡབ་འགྱུར་གྱིས་ཕན་ཐོགས་ཆེ་བ་ཡོད། སྤྱིར་རྒྱ་གཞུང་གིས་དྲ་རྒྱར་སྟངས་འཛིན་དང་བར་ཆད་གཏོང་གི་ཡོད་ཀྱང་། རྒྱ་ནག་ནང་ཁུལ་གྱི་དྲ་རྒྱ་རྣམས་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་གུ་ཡངས་སུ་བཏང་ཡོད་སྟབས། ཕྱི་ལོགས་ན་བཙན་བྱོལ་དུ་བསྡད་ཡོད་པའི་མི་སྣ་དང་ཚོགས་སྡེ་ཁག་གིས་ལས་སླ་བོའི་ངང་ནས་རྒྱ་ནག་ནང་གི་དྲ་ཚིགས་དང་སྤྱི་ཚོགས་བརྒྱུད་ལམ་ཁག་ལ་འབྲེལ་འདྲིས་བྱས་ཏེ། རྒྱ་ནག་ནང་གི་མི་མང་ལ་རང་ཉིད་ཀྱི་སྐད་སྒྲ་བསྒྲགས་ཐུབ་ཀྱི་ཡོད།

དེར་བརྟེན། བོད་དང་སོག་པོ། ཤིན་ཅང་བཅས་མི་རིགས་ཁག་གི་ཆབ་སྲིད་མི་སྣ་དང་ཚོགས་སྡེ་ཁག་གི་འཐབ་རྩོད་ཐབས་ལམ་དང་བསམ་བློ་གཏོང་ཕྱོགས་ལ་འགྱུར་བ་བཏང་སྟེ། ངེས་པར་དུ་རྒྱ་ནག་ནང་ཁུལ་ལ་ཁ་གཏད་དེ་རྒྱ་ནག་མི་མང་དང་ཐད་ཀར་འབྲེལ་འདྲིས་བྱེད་རྒྱུ་དེ་རེད།

གསུམ་པ།  དྲ་རྒྱའི་ཕན་ཡོན་གྱི་དཔེ་མཚོན།

༢༠༠༩ ལོའི་ཟླ་ ༥ བའི་ནང་།  ཧོ་པེ་ཞིང་ཆེན་གྱི་པཱ་ཏོན་རྫོང་གི་མགོ་ཁྲིད་གཉིས་ཀྱིས་གླུ་གར་ཚོགས་པ་ཞིག་གི་ཞབས་ཞུ་མ་ཏིན་ཡུ་ཆོལ་ཟེར་བ་ཞིག་ལ་བཙན་གཡེམ་བྱ་རྩིས་བྱེད་སྐབས། ཏིན་ཡུ་ཆོལ་གྱིས་རང་སྲུང་གིས་མགོ་ཁྲིད་གཅིག་ལ་གྲིས་བརྒྱབ་སྟེ་བཀྲོངས་ཡོད། ས་གནས་སྲིད་གཞུང་གིས་འཕྲལ་དུ་ཏིན་ཡུ་ཆོལ་འཇུ་བཟུང་བྱས་པ་མ་ཟད། བདེན་དཔང་རྣམས་ཀྱང་མེད་པ་བཟོས་ཏེ་ཁྲིམས་ཐོག་ཏུ་བསྐྱེལ་རྩིས་བྱས། དྲ་གྲོགས་ཐོ་ཧི་ཟེར་བ་ཞིག་གིས་གནས་ཚུལ་དེ་ཧ་གོ་ནས་ཁེ་ཏེ་དྲ་ཚིགས་སྟེང་སྤེལ་ཏེ་དོན་དངོས་གནས་ཚུལ་ཕྱིར་བསྒྲགས་ཀྱིས་དྲ་གྲོགས་ཚོར་བསམ་ཚུལ་བསྡུ་ལེན་བྱས། གནས་ཚུལ་འདི་ཞག་མ་གཅིག་རིང་རྒྱལ་ཡོངས་ལ་ཁྱབ་སྟེ། རྒྱལ་ཡོངས་ནས་ཏིན་ཡུ་ཆོལ་ལ་རྒྱབ་སྐྱོར་དང་རོགས་པ་མང་པོ་རག མཐར་ས་གནས་སྲིད་གཞུང་གིས་ཏིན་ཡུ་ཆོལ་ཀློད་གྲོལ་མི་གཏོང་ག་མེད་ཆགས་ཤིང་། གནད་དོན་འདིས་ཅི་ཞིག་གསལ་བཤད་བྱེད་ཀྱི་ཡོད་ཅེ་ན། དྲ་རྒྱའི་ཐོགས་ནས་གནད་དོན་གང་ཞིག་ཡིན་ཡང་མགྱོགས་མྱུར་ངང་རྒྱལ་ཡོངས་སུ་ཁྱབ་སྤེལ་བྱེད་ཐུབ་ཀྱི་ཡོད་མ་ཟད། མི་མང་འབོར་ཆེན་གྱི་བསམ་ཚུལ་ཡང་བསྡུས་ལེན་བྱེད་ཐུབ་ཀྱི་ཡོད་པ་དང་། དེས་རྒྱ་གཞུང་གི་སྲིད་ཇུས་ལ་གནོན་ཤུགས་ཐེབས་ཀྱི་ཡོད་པ་མཚོན་ཡོད།

༢༠༡༡ ལོར། རྒྱ་ནག་ཧའོ་ནན་གྱི་ན་གཞོན་ཆིན་ཧོ་ཧོ་ཟེར་བ་ཞིག་གིས་མི་གསུམ་ལས་གྲུབ་པའི་བཟོ་གྲྭ་ཆུང་ཆུང་ཞིག་བཙུགས། དེས་དྲ་ཐོག་གི་ཚོང་འབྲེལ་བྱེད་པ་དང་མཉམ་དུ། དྲ་རྒྱའི་ཁྱབ་བསྒྲགས་ཐབས་ལམ་སྤྱད་ནས་དྲང་བདེན་མ་ཡིན་པ་དང་རྒྱ་གཞུང་གི་མི་སྣ་དག་ལ་སྐྱོན་བརྗོད་དང་ཐེར་འདོན་བྱེད་ཀྱི་ཡོད་སྟབས་སྤྱི་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱས། ཚོགས་པ་ཆུང་ཆུང་འདིས་ལས་ཀ་ནི་དྲ་ཐོག་གི་སྤྱི་དོན་དག་རེད། དཔེར་ན། ཀོ་མེ་མེ་ཡི་དོན་རྐྱེན་དང་ལོ་ཧོན་གྱི་དོན་རྐྱེན་ལྟ་བུ། ལེ་ཧྥིན་ལ་དོགས་སློང་བྱེད་པ་སོགས་རེད། མདོར་ན། འདི་དག་གིས་རྒྱ་གཞུང་གིས་ཁྱབ་བསྒྲགས་རྫུན་མ་བྱེད་ཀྱི་ཡོད་པ་དག་དང་རྒྱ་གཞུང་གི་ཁྲིམས་མཐུན་མ་ཡིན་པའི་བྱེད་ཐབས་དག་སྔོག་འདོན་བྱས་ཡོད། འདིས་ཅི་ཞིག་གསལ་བཤད་བྱེད་ཀྱི་ཡོད་ཅེ་ན། གལ་ཏེ། ཚོགས་པ་ཆུང་ཆུང་ཞིག་ཡིན་ཡང་དྲ་རྒྱའི་ཁྱབ་བསྒྲགས་ཐབས་ལམ་བེད་སྤྱོད་གཏོང་ཤེས་ཚེ།  མི་མང་གི་བསམ་ཚུལ་འགྱུར་བ་གཏོང་ཐུབ་པ་དེ་གསལ་བཤད་བྱེད་ཀྱི་ཡོད།

༢༠༡༠ ལོའི་ཟླ་ ༦ པའི་ནང་། ཨར་ཇི་ཡི་ན་གཞོན་ཀོ་ནད་མོ་ཡིས་ངོ་དེབ་ཐོག་ “ང་ཚོ་ཚང་མ་ཧ་ལི་ཏིག་ཡིན་”ཞེས་པའི་ཤོག་ངོས་ཤིག་བཟོས་རྗེས། ལམ་སང་མི་ཁྲི་བཅུ་ལྷག་མཉམ་ཞུགས་གནང་བ་དང་། དེ་ནས་ཊུའུ་ནེ་ཤི་ཡི་གསར་བརྗེ་ལ་རྒྱལ་ཁ་ཐོབ་པའི་རྗེས་ནས། འཛུལ་ཞུགས་པ་ཚོས་ངོ་དེབ་བརྒྱུད་ཨར་ཇི་མི་མང་ཟླ་ ༡ པའི་ཚེས་ ༢༥ ཉིན་ལ་མོ་པ་ལ་ཁི་སྲིད་གཞུང་ལ་ངོ་ལོག་ལས་འགུལ་སྤེལ་རྒྱུ་བསྒྲགས་པ་མ་ཟད། ལས་འགུལ་འཆར་གཞི་སོགས་ལ་གྲོས་བསྡུར་ཡང་དྲ་ཐོག་ནས་བྱས།  དེ་ནས། ཚེས་པ་ ༢༥ ཉིན་ཨར་ཇི་ཡི་མི་མང་སྟོང་ཕྲག་མང་པོ་ཁྲོམ་དུ་ཐོན་ཏེ་ཡར་ལངས་བྱས་ཤིང་མི་མང་གིས་རྒྱལ་སའི་ཐང་ཆེན་བཟུང་སྟེ་ཨར་ཇིའི་གསར་བརྗེའི་སྒོ་མོ་ཡོངས་སུ་ཕྱེས་ཡོད། དཔེ་མཚོན་འདིའི་ཁྲོད་ནས་ང་ཚོས་ཅི་ཞིག་ཤེས་ཐུབ་ཅེ་ན། ཞི་བའི་གསར་བརྗེ་དྲ་རྒྱ་བརྒྱུད་དེ་ཕྱི་ལོགས་སུ་ཡོད་པའི་ཚོགས་སྡེ་ཁག་གིས་སྤེལ་ཐུབ་པ་ཞིག་ཡིན་པ་དེ་རེད། རྒྱ་གཞུང་གིས་དྲ་རྒྱའི་ཐད་ལ་བཀག་སྡོམ་བྱེད་ཚུལ་ནི་ཨར་ཇི་སྲིད་དབང་སྒེར་གཅོད་ལས་ཀྱང་དམ་དྲག་ཆེ་ནའང་། ང་ཚོས་ཆེས་རྙོག་འཛིང་གི་དྲ་རྒྱའི་ཐབས་རྩལ་བཀོལ་ན། ང་ཚོར་སྔར་བཞིན་གསར་བརྗེའི་རྒྱལ་ཁ་ཐོབ་ཐུབ་ངེས་ཤིག་རེད།

དེ་ནས། གོང་གི་དཔེ་མཚོན་དེ་གསུམ་ལས་ང་ཚོར་སྡོམ་ཚིག་ཅི་ཞིག་རག་ཐུབ་ཞེ་ན། དྲ་རྒྱའི་དུས་རབས་འདིའི་ནང་། ཕྱིར་བཙན་བྱོལ་དུ་བསྡད་ཡོད་པའི་མི་རིགས་ཁག་གི་ཚོགས་སྡེ་ཚོས་དྲ་རྒྱ་བརྒྱུད་རྒྱ་ནག་ནང་ཁུལ་གྱི་མི་རིགས་ཁག་ལ་འབྲེལ་འདྲིས་བྱས་ན་ཆོག་པ་མ་ཟད། ལྷག་པར་དུ་རྒྱ་མི་རིགས་ལ་ཐད་ཀར་འབྲེལ་འདྲིས་བྱས་ཏེ་གྲོས་བསྡུར་དང་ཁྱབ་བསྒྲགས་བྱེད་ཆོག་ཅིང་། ད་དུང་། རྒྱ་གཞུང་གིས་མི་རིགས་ཁག་ལ་གདུག་རྩུབ་ཆེ་བའི་སྲིད་ཇུས་ལག་བསྟར་བྱེད་པའི་གསང་བ་དེ་ཡང་ཐེར་འདོན་བྱེད་ཐུབ།  རྒྱ་གཞུང་གིས་མི་རིགས་ཁག་གི་ལོ་རྒྱུས་ལ་འཁྱོག་བརྗོད་དང་ཆབ་སྲིད་ཐོག་ནག་ཐིག་བཟོས་ཡོད་པ་དག་ཀྱང་གསལ་སྟོན་བྱ་ཐུབ་པ་མ་ཟད། གོ་སྐབས་དམ་འཛིན་ཐོག་རྒྱ་ནག་དམངས་གཙོ་གསར་བརྗེ་ཚོགས་པ་དང་མཉམ་འབྲེལ་བྱས་ཏེ་སྲིད་དབང་སྒེར་སྡོམ་གཞུང་མགོ་རྟིང་སློག་པའི་གསར་བརྗེ་ཡང་བསླང་ནུས་པ་དེ་རེད།

བཞི་པ།  བསམ་ཚུལ་མདོར་བསྡུས།

ཀ ༽ བཙན་བྱོལ་དུ་ཡོད་པའི་ཚོགས་སྡེ་ཁག་གིས་རང་ས་ནས་དྲ་རྒྱའི་ལས་ཁུངས་རེ་བཙུགས་ཏེ། ཆེད་དུ་རྒྱ་ནག་ནང་ཁུལ་གྱི་མི་རིགས་ཁག་ལ་འབྲེལ་འདྲིས་བྱེད་པ་དང་། ལྷག་པར་དུ་རྒྱ་མི་རིགས་ལ་འབྲེལ་འདྲིས་དང་ཁྱབ་བསྒྲགས་ལས་འགུལ་སྤེལ་དགོས་པ།

ཁ ༽ དྲ་རྒྱའི་ལས་ཁུངས་ཀྱི་ཚོགས་མི་རྣམས་ཆེད་ལས་པ་ཡིན་ཆོག་ལ་དང་བླངས་པ་ཡིན་ཡང་ཆོག ད་དུང་ལས་ཡུན་དུས་ཚོད་ལ་ཚོད་འཛིན་མི་བྱེད་པ་དང་། རིམ་གྱིས་འཆར་གཞི་ཡང་རྒྱ་ཇེ་ཆེར་གཏོང་དགོས།

ག ༽ ཚོགས་སྡེ་སོ་སོས་ཕན་ཚུན་ལ་འབྲེལ་གཏུགས་ཡོད་པ་དང་། འདྲ་མཉམ་དང་རང་དབང་གི་སྒོ་ནས་ཕན་ཚུན་མཉམ་འབྲེལ་བྱེད་པ། མཉམ་འབྲེལ་བྱེད་ཕྱོགས་ཕྱི་རྒྱལ་གྱི་དམངས་གཙོའི་ཚོགས་སྡེ་ཁག་གིས་སྒེར་གཅོད་སྲིད་གཞུང་ལ་ངོ་རྒོལ་བྱེད་ཐབས་དང་མཉམ་པ།

ལྔ་པ། དྲ་རྒྱའི་ལས་ཁུངས་ཀྱི་དམིགས་ཡུལ་གཙོ་བོ།

ཀ ༽ རྒྱ་རིགས་གཙོ་བོར་བྱས་ཏེ་མི་རིགས་ཁག་ལ་རྒྱ་གཞུང་གི་གཉའ་གནོན་བྱེད་བཞིན་ཡོད་པ་དེ་དག་གསལ་སྟོན་བྱེད་པ་དང་། མི་རིགས་ཕན་ཚུན་དངོས་ཡོད་འབྲེལ་བ་ཇེ་གསལ་དང་གོང་འཕེལ་དུ་གཏོང་བ། དེ་ནས་མི་རིགས་ཁག་དང་དམིགས་བསལ་རྒྱ་རིགས་ཕན་ཚུན་ལ་རྒྱུས་ལོན་བྱེད་པར་ཤུགས་སྣོན་བྱེད་དགོས།

ཁ ༽ མ་འོངས་དམངས་གཙོའི་རྩ་ཁྲིམས་སྒྲོམ་གཞིའི་འོག་ནས་རྒྱ་རིགས་དང་མི་རིགས་ཁག་གི་འབྲེལ་བ་སོར་གནས་དང་ཇེ་བཟང་གཏོང་ཆེད་མི་རིགས་རང་ཐག་རང་གཅོད་ཀྱི་བསམ་བློ་ཁྱབ་སྤེལ་བྱེད་དགོས།

ག ༽ དམངས་གཙོ་གསར་བརྗེའི་ལྟ་བ་དང་བྱེད་ཐབས་རྣམས་ཁྱབ་བསྒྲགས་བྱས་ཏེ། རྒྱ་ནག་ནང་ཁུལ་གྱི་མི་རིགས་ཁག་གི་མི་མང་གིས་དམངས་གཙོའི་གསར་བརྗེ་ལ་རྩ་འཛུགས་དང་གྲ་སྒྲིག་ཡག་པོ་ཡོང་བ་བྱེད་པ།

ང ༽ གོ་སྐབས་དམ་འཛིན་ཐོག་རྒྱ་ནག་དམངས་གཙོ་གསར་བརྗེ་ཚོགས་པ་དང་མཉམ་འབྲེལ་བྱས་ཏེ་མཉམ་འབྲེལ་གྱིས་རྒྱ་དམར་གཞུང་མགོ་རྟིང་སློག་ཐབས་བྱེད་པ།

དྲུག་པ། ཕྱི་ནང་གཉིས་ཀ་མཉམ་འབྲེལ་བྱེད་པ།

ཕྱི་རྒྱལ་བརྒྱུད་ལམ་ཁག་དང་ལྷག་པར་དུ་ནུབ་ཕྱོགས་བརྒྱུད་ལམ་ཁག་ནི་ཡིད་རྟོན་བྱེད་ཆོག་པ་དང་དབང་ཆའི་རང་བཞིན་ཡོད་ཅིང་། རྒྱ་ནག་གི་དྲ་རྒྱར་ཁྱབ་བསྒྲགས་ཧ་ཅང་མྱུར་པོར་བྱེད་ཐུབ་པའི་ནུས་པ་ཡོད། དེར་བརྟེན། མི་རིགས་ཁག་གི་བཙན་བྱོལ་ཚོགས་སྡེ་ཁག་གིས་མཉམ་རུབ་ཐོག་བརྒྱུད་ལམ་འདི་གཉིས་བེད་སྤྱད་དེ་ཕན་ཚུན་ལ་རོགས་འདེགས་བྱེད་ཆོག་ཅིང་། དྲ་རྒྱའི་ལས་ཁུངས་ཀྱི་ལས་ཀ་གཙོ་བོ་ནི་རྒྱ་ནག་ནང་ཁུལ་གྱི་མི་རིགས་ཁག་ལ་འབྲེལ་འདྲིས་དང་གྲོས་བསྡུར་བྱེད་རྒྱུ། དམིགས་བསལ་གྱིས་རྒྱ་རིགས་མི་མང་ལ་ཁྱབ་བསྒྲགས་དང་འབྲེལ་འདྲིས་བྱེད་རྒྱུ་དེ་ཡིན། དེ་ཡང་། སྒེར་གཅོད་སྲིད་དབང་རྩ་གཏོར་དང་དམངས་གཙོའི་གསར་བརྗེ་བདེ་ལེགས་ངང་ལེགས་འགྲུབ་པའི་ཆ་རྐྱེན་བསྐྲུན་ཆེད་དང་། མ་འོངས་དམངས་གཙོའི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས། རྒྱ་རིགས་དང་མི་རིགས་ཁག་བར་ལ་བསམ་ཤེས་དང་ཞི་བདེའི་སྒོ་ནས་མི་རིགས་རང་སྐྱོང་དང་། རང་ཐག་རང་གཅོད་ཐད་གྲོས་མོལ་བྱེད་པ་སོགས་ཀྱི་གལ་འགངས་ཆེ་བའི་གནད་དོན་རྣམས་བདེ་ལེགས་ངང་སེལ་ཐུབ་ཆེད་ཀྱང་འདི་ཉིད་དོ།།

མ་རྩོམ་འབྲེལ་ཐག
     http://blog.boxun.com/hero/201310/dongsai/16_1.shtml

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༡༨ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༨ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༢༢ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 2

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    དེ་དེ་བཞིན་ནོ། མངོན་པར་བསྟོད་དོ། རྗེས་སུ་ཡི་རང་ངོ། བཀའ་དྲིན་ཆེའོ།
    དམངས་གཙོའི་དར་བོ་ཆེ་འཕྱར་ཅིང་སྐྱིད་སྡུག་གཅིག་པའི་གྲངས་ཉུང་མི་རིགས་ཁག་གིས་གཙོས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་རྣམས་ཆིག་སྒྲིལ་གྱིས་འཐབ་རྩོད་ཀྱི་ནུས་པ་མཉམ་འདོན་བྱ་རྒྱུ་ཧ་ཅང་གལ་ཆེ། འདིའི་ཐད་ལ་གཞུང་ངམ་ཚོགས་སྡེ་ཁག་ནས་དམིགས་བསལ་འགན་བཞེས་དགོས་རྒྱུར་བདག་གིས་སྔ་ས་ནས་ཡང་ཡང་བསྐུལ་ཡོད་ལ། ལག་ལེན་གང་ཐུབ་བྱེད་ཀྱིན་ཡོད། ཡིད་སྐྱོ་བ་ཞིག་ལ་བོད་པ་ཚོས་རང་ཉིད་ལ་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་བ་ཡོང་རྒྱུར་རེ་བ་དང་འབོད་སྐུལ་བྱེད་པ་ལས་གཞན་དག་གི་ལས་འགུལ་རིགས་ལ་དོ་སྣང་དང་མཉམ་ཞུགས་བྱེད་མཁན་ཧ་ཅང་ཉུང་ངོ།

    Reply
  2. ཤག་སྒང་པ། says:
    ལོ་ 13 སྔོན།

    ཡག་པོ་ཟེར་འདུག

    ཡག་པོར་བསྒྱུར་འདུག

    ཐུགས་རྗེ་ཆེ་ཟེར་རིན་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese