ཁ་བའི་འདབ་མ།
བཙན་བྱོལ་བའི་སྤྱི་ཚོགས་འདིར་བསླེབས་པ་ནས་ཕུན་དབང་དང་ཕུན་ཚོགས་དབང་རྒྱལ་ཟེར་བའི་མིང་འདི་གཉིས་ངའི་རྣ་བར་བྲག་ཅ་ཇི་བཞིན་ཡང་ཡང་འཁོར་ཡོང་བ་དང་། ཁོང་གིས་བརྩམས་གནང་བའི་དཔེ་དེབ་ཀྱང་བཙན་བྱོལ་ནང་དུ་སྔ་ཕྱི་གཉིས་དཔར་བསྐྲུན་འགྲེམས་བྱས་པར་བརྟེན། དེ་ལས་ཀྱང་ཁོང་ནི་བོད་མི་གསར་བརྗེ་བ་དང་བྱས་རྗེས་ཅན། དེ་བཞིན་མཁས་དབང་ཞེས་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་སོང་ལ། བཙན་བྱོལ་ནང་དུ་ཤེས་ལྡན་པར་གྲགས་པའི་མིའི་བུ་སྒལ་ཚིགས་ཅན་དུ་རློམ་པ་དག་གིས་ཀྱང་ཕུན་དབང་ཞེས་གླེང་ཚེ་མགོ་བོ་ནང་དུ་ཡང་ཡང་འགུག་བཞིན་འདུག
མ་གཞི་མི་ཞིག་གི་ལྟ་ཚུལ་ལ་ནོར་འཁྲུལ་དང་འགལ་འཛོལ་ཅི་ཡང་ཡོད་ངེས་ཀྱང་ཁོ་བོས་ཕུན་དབང་གི་དཔེ་དེབ་སྔ་ཕྱི་གཉིས་ཤོག་ངོས་རེ་རེ་ནས་ཡིག་འབྲུ་རེ་རེའི་བར་ཞིབ་ལྟ་བྱས་ཤིང་། བསམ་བློའི་འཁྱེར་སོ་དང་ཆབ་སྲིད་ལངས་ཕྱོགས་བཅས་ལ་ལྟ་ཚུལ་ཞིག་བརྗོད་འདོད་བྱུང་། ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་དམར་ཤོག་ཚོགས་པས་རྒྱ་ནག་གི་ས་ཁུལ་ཁྱོན་ཡོངས་ལ་རྐང་འཛིན་ཐུབ་སྟེ་རིམ་བཞིན་དྲག་པོའི་དམག་དཔུང་གིས་གནའ་བོའི་ལོ་རྒྱུས་ཁྲོད་འཛམ་གླིང་སུམ་གཉིས་དབང་དུ་བསྡུས་མྱོང་བའི་བོད་གངས་ཅན་པའི་ཡུལ་དུ་བཙན་འཛུལ་བྱེད་མགོ་བཙུགས་ཤིང་། སྐབས་དེར་ཕུན་དབང་ནི་བོད་མིའི་ཁྲོད་ནས་ཆེས་སྔ་བའི་གསར་བརྗེ་བ་གཅིག་བུ་དེ་ཡིན་སྟབས། གུང་ཁྲན་ཏང་གི་དམག་དཔུང་དང་མཉམ་དུ་ཕེབས་ཤིང་། བོད་ཁུལ་མཐའ་མཚམས་ཁག་དུ་ལུང་ཆུང་ནང་གི་དཔོན་ཆུང་ཚོ་ལ་དམར་ཤོག་གི་དགེ་མཚན་གླེང་སྟེ་དྲིལ་བསྒྲགས་དང་། ཐབས་བརྒྱ་ཇུས་སྟོང་གིས་གོ་སྐོན་བློ་འགུག་བྱས་པས་དམར་ཤོག་གི་དམག་དཔུང་མཐའ་མཚམས་ཁག་ནས་དཀའ་ཚེགས་མེད་པར་འཛུལ་ཐུབ་པ་དང་། གུང་ཁྲན་གྱི་དམག་དཔུང་འབྲི་ཆུ་བརྒྱུད་ནས་འབྱོར་སྐབས་བོད་ཀྱི་གཞུང་དམག་དང་འཐབ་འཛིང་གདོང་ཐུག་བྱུང་སྟེ་བོད་དམག་ལྔ་སྟོང་ལྷག་ཕམ་ཉེས་སུ་བཏང་བ་དང་། མདོ་སྨད་ཕྱོགས་ཀྱི་མདོ་སྤྱི་ཞེས་གྲགས་པ་ང་ཕོད་དཔོན་གཡོག་དང་བཅས་པ་བཙན་བཟུང་བྱས་ཤིང་། བོད་གཞུང་ལ་གྲོས་མོལ་ཡོང་དགོས་པའི་སྡིགས་ར་བསྐུལ་བ་ལྟར་པེ་ཅིན་དུ་བོད་རྒྱ་གཉིས་ཀྱིས་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་དེ་བཞག་ཅིང་། སྐབས་དེར་རྒྱ་ནག་དམར་ཤོག་གིས་བཏོན་པའི་གྲོས་མཐུན་ལ་བོད་མིའི་སྐུ་ཚབ་ཚོས་མོས་མཐུན་མ་བྱས་པར་བརྟེན། གྲོས་མཐུན་ལ་མིང་རྟགས་བཀོད་རྒྱུ་ནི་རྙོག་གླེང་ཆེན་པོར་གྱུར།
ཕུན་དབང་ནི་གྲོས་མཐུན་འདིའི་མགོ་མཇུག་ཀུན་ལ་སྐད་སྒྱུར་ཡིན་སྟབས་དངོས་ཤུགས་བརྒྱུད་གསུམ་ནས་གུང་ཁྲན་ཏང་གི་བསམ་འཆར་ནི་ཡང་དག་པ་ཡིན་པ་དང་། དེ་ལས་ལྡོག་ན་ཛ་དྲག་གི་གནས་སུ་གྱར་ཉེན་སོགས་ནང་མོལ་ཟོལ་གྱིས་གླེང་སྟེ། སྐུ་ཚབ་ཚོས་གྲོས་མཐུན་ལ་མིང་རྟགས་འགོད་པར་ཧ་ལས་དགོས་པའི་ཤུགས་རྐྱེན་ཐེབས་ཡོད་པ་དང་། ལྷག་པར་དུ་དམར་ཤོག་གི་དམག་དཔུང་ཁྲི་ཚོ་བརྒལ་བ་ལྷ་ས་འབྱོར་སྐབས་ཁལ་མ་ཁྲི་ཚོ་མང་པོར་སྒྲིག་འཛུགས་བྱས་ཏེ་དམག་ཆས་དང་ཟས་རིགས་བཅས་མཁོ་སྤྲོད་བྱས་པས་བོད་སྐྱོད་དམག་དཔུང་ལ་ཧ་ལས་དགོས་པའི་རོགས་རམ་ཐུབ་ཡོད་ལ། དེ་ལས་གལ་ཆེ་བ་ནི་ཁོང་གིས་ཉིན་ལྟར་ལྷ་སའི་དཔོན་རིགས་ཁག་ལ་རྒྱ་ནག་གི་དམག་དཔུང་འདི་དག་ནི་བོད་ཁུལ་དུ་ཡར་རྒྱས་དང་རོགས་རམ་བྱེད་དུ་ཡོང་ལུགས་དང་། གལ་ཏེ་བོད་འདི་ཡར་རྒྱས་རང་རྐྱ་འཕེར་བ་ཞིག་བྱུང་ཚེ་ཕྱིར་ལོག་ངེས་རེད་ཅེས་ཡང་དང་བསྐྱར་དུ་བཤད་དེ། ལྷ་སའི་སྐུ་དྲག་ཏུ་འབོད་པའི་རང་གཞུང་གི་ལས་ཀྱི་སྣེ་མོ་བ་དག་ལ་བསླུ་བྲིད་ཀྱི་ཤུགས་རྐྱེན་ངན་པ་ཐེབས་ཤིང་། གུང་ཁྲན་ཏང་དང་ཏང་གི་ལངས་ཕྱོགས་བཅས་ལ་ཡིད་ཆེས་ཡོད་མེད་གཉིས་སུ་གྱེས་ཏེ་ནང་ཁུལ་མི་མཐུན་པ་བསམ་བཞིན་དུ་བཟོས་ཏེ་བླ་ན་མེད་པའི་བྱས་རྗེས་ཆེན་པོ་བཞག་ཡོད།
བོད་ལྗོངས་ཚོགས་འདུ་རྒྱས་འཛོམས་ཟེར་བ་འཚོགས་སྐབས་བོད་རྒྱའི་བར་དུ་ལོ་རྒྱུས་དང་། བདག་དབང་བཅས་ཀྱི་ཐད་རྣོ་ངར་ལྡན་པའི་རྩོད་གླེང་བྱུང་ཞིང་། ལྷག་པར་དུ་ཀླུ་ཁང་པ་དང་བློ་བཟང་བཀྲ་ཤིས་ཟུང་གིས་མཐའ་གཅིག་ཏུ་བོད་ནི་མི་ལོ་བརྒྱ་ཕྲག་གི་ལོ་རྒྱུས་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པ་དང་། ཁྱེད་ཚོས་བོད་དུ་ལྷག་བསམ་རྣམ་དག་གིས་རོགས་རམ་བྱེད་འདོད་ཡོད་ན། ཉིན་གཅིག་ལ་ཡང་བོད་ཡུལ་དུ་མི་སྡོད་པར་ཕྱིར་རྒྱ་ནང་དུ་ལོག་པ་ནི། ང་ཚོའི་བོད་པ་ཚོ་ལ་བླ་ན་མེད་པའི་རོགས་རམ་ཞིག་དང་བླ་ན་མེད་པའི་ཡར་རྒྱས་ཤིག་ཡིན་ཞེས་སོགས་བརྗོད་པར་བརྟེན། དམིགས་བསལ་ཕུན་དབང་གིས་སྲིད་བློན་རྣམ་གཉིས་རང་གཞུང་གི་ལས་གནས་ནས་དགོངས་ཞུའམ་གནས་དབྱུག་གཏོང་དགོས་པའི་སྐོར་ལ་བསམ་འཆར་ཐོག་མར་བཏོན་པ་བཞིན་ལག་བསྟར་བྱས་ཡོད།
ལྷག་པར་དུ་ཕུན་དབང་རང་ཉིད་ཀྱི་ངོས་ནས་བཤད་ན་བོད་གཞུང་ལ་སྙིང་ནད་ཆེ་ཙམ་བཟུང་ཡོད་པ་ཡིན་ཏེ། ཁོང་ཐོག་མར་བོད་དུ་ཡོང་སྟེ་དར་རྩེ་མདོར་དམར་ཤོག་གི་ཚོགས་པ་མེ་སྟག་ཟེར་བ་དང་། སྡེ་དགེ་དང་ལྷ་ས་སོགས་སུ་ཡང་དམར་ཤོག་གི་ཚོགས་པ་གངས་ལྗོངས་གུང་ཁྲན་གནའ་འབྲེལ་འཐུས་ཚོགས་བཙུགས་པ་དང་ཚོགས་མི་བསྡུས་པ། དམར་ཤོག་གི་སློབ་གསོ་བཏང་བ་སོགས་ཀྱི་གནས་ཚུལ་གོ་མིན་ཏང་སྲིད་གཞུང་གིས་ཤེས་ཏེ་བོད་ཁུལ་དུ་མི་སྣ་ཆེད་དུ་བཏང་བ་དང་། རང་གཞུང་གིས་ཤེས་འཕྲལ་ཕུན་དབང་བོད་ནས་ཕྱིར་ཕུད་བཏང་ཞིང་། གོ་མིན་ཏང་གི་མི་སྣ་དེ་དག་ལ་གསོལ་སྟོན་བཤམས་པ་བཅས་ནི་ཕུན་དབང་ལགས། རང་གཞུང་ལ་ཁོང་ཁྲོ་ཚད་མེད་འབྱུང་བའི་གཞི་རུ་གྱུར་ཏེ། མི་ལོ་བརྒྱ་ཕྲག་གི་ལོ་རྒྱུས་ལྡན་པའི་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་མགོ་རྟིང་སློག་རྒྱུ་ཁོ་ནའི་ཆེད་དུ། དེ་ལས་ཀྱང་སེམས་ཤུགས་སམ་ཡང་ན་ན་ཟུག་ལྷག་ཏུ་འབར་ཡོད།
མདོར་ན་ལོ་རབས་བཞི་བཅུ་ནས་ཕྱི་ལོ་ ༡༩༥༨ བར་དུ་ཕུན་དབང་གིས་རྒྱ་ནག་གུང་ཁྲན་ཏང་གི་དམག་དཔུང་ཐོག་མར་བོད་དུ་ཡོང་བ་དང་། བར་དུ་བདེ་བླག་ངང་ལྷ་སར་འབྱོར་ཐུབ་པ། ཐ་མར་སྲ་བརྟན་གནས་པ་བཅས་ལ་བྱས་རྗེས་ཆེན་པོ་ཡོད་ཀྱང་། མཐར་ཕུན་དབང་རང་ཉིད་མ་ཉེས་ཁག་དཀྲི་ཡིས་བཙོན་འོག་ཏུ་མི་ལོ་བཅོ་བརྒྱད་ཙམ་སྡོད་དགོས་པར་གྱུར་ལུགས་བཅས་ནི་བོད་མི་གསར་བརྗེ་བ་ཞེས་པའི་དེབ་དེའི་ནང་དུ་དམིགས་བཀར་གྱིས་གསལ་པོར་བཀོད་འདུག་པས། ཇི་ལྟར་བྱས་ཏེ་ཕུན་དབང་ལགས་རང་དབང་དང་དམངས་གཙོ་ལ་ཆེས་དང་བའི་ཕྱི་ཡུལ་བཙན་བྱོལ་ནང་དུ་ཡང་བོད་མི་གསར་བརྗེ་བ་ཞེས་པའི་བསྔགས་བརྗོད་ལ་བསམ་གཞིགས་གཏིང་ཟབ་ཅི་ཙམ་བྱས་ཀྱང་། དེ་ཙམ་གྱིས་རང་གཞུང་དགའ་ལྡན་ཕོ་བྲང་གི་ཆབ་འབངས་དག་ཁྲག་དྲི་བྲོ་བའི་ངང་རྒྱ་ནག་གུང་ཁྲན་ཏང་གི་ཆབ་འབངས་སུ་སྒྱུར་བའི་ལས་དོན་དང་བརྒྱུད་རིམ་ནང་དུ་ཕུན་དབང་ནི་བླ་ན་མེད་པའི་སྔོན་ཐོན་པ་དང་། གསར་བརྗེ་བ་ཞིག་བསྙོན་དུ་མེད་ཀྱང་ཇི་ལྟར་བསམས་ཀྱང་བོད་མི་རིགས་ལ་སྨན་པའི་ལས་དོན་ཐད་སྔོན་ཐོན་པ་དང་། གསར་བརྗེ་བ་ཞིག་ངའི་སེམས་སུ་ནམ་ཡང་འཆར་ཐབས་ཤིག་མ་རྙེད།
ལྷག་པར་དུ་ཉེར་ཆར་བཙན་བྱོལ་ནང་གསར་དུ་དཔར་བསྐྲུན་བྱས་པའི་ཕྱིར་རྟོག་ཞེས་པའི་དེབ་དེའི་དགོངས་དོན་དག་ལ་ཡང་ངས་བསམ་ཞིབ་ལན་མང་བྱས་ཤིང་། དེབ་འདི་ནི་མགོ་མཇུག་བར་གསུམ་དུ་བོད་མི་རིགས་ཀྱི་རིག་གཞུང་དང་སྐད་ཡིག་མི་རིགས་དང་བཅས་པ་རྩ་བཀོག་ཏུ་གཏོང་འདོད་པའི་གུང་ཁྲན་ཏང་གི་སྲིད་གཞུང་སྒེར་གཅོད་ལམ་ལུགས་ལ། ལེགས་སྤེལ་ཉེས་འགོག་གི་བསླབ་བྱ་ཁོ་ན་ལས་གྲུབ་པའི་དཔེ་དེབ་ཅིག་ཡིན་པར་བརྗོད་ཆོག་སྟེ། སྤྱིར་ན་གོ་ལའི་ཁྱོན་ནས་ནུབ་ལ་ཉེ་བའི་དམར་ཤོག་གི་བསྟན་པ་སྲ་བརྟན་ཡུན་གནས་དང་། འཕེལ་རྒྱས་བཅས་ལ་ཁ་ཕྱོགས་ཏེ་ཆེས་གཟི་བརྗིད་ལྡན་པའི་ངང་འཛམ་གླིང་འདིའི་སྟེང་དུ་གནས་པ་དང་། ཁྱད་པར་དུ་རྒྱ་ནག་གུང་ཁྲན་ཏང་གིས་བོད་ཀྱི་ས་ཁུལ་ཚུད་པའི་མི་རིགས་མི་འདྲ་བ་དག་བཙན་དབང་དང་དྲག་དཔུང་གིས་གཅིག་ཏུ་བསྒྲིལ་ཏེ། གྲངས་ཉུང་མི་རིགས་ཁག་གིས་གཉའ་གནོན་དང་གདུག་རྩུབ་གྱི་སྲིད་ཇུས་འོག་མནར་གཅོད་ཇི་ཙམ་མྱོང་བ་དག་གླེང་གཞི་རུ་མི་བྱེད་པར་གཉའ་གནོན་བཟོ་མཁན་གྱི་ཀྲུང་གོའི་དམར་ཤོག་སྲིད་གཞུང་དེ་རྒྱལ་ཁའི་ངང་ཡུན་གནས་ཐུབ་ཐབས་དངོས་ཤུགས་བརྒྱུད་གསུམ་ནས་ཁ་གསལ་དང་གོ་བདེ་པོར་དེབ་འདིའི་ཡིག་འབྲུ་རེ་རེའི་ངོས་ནས་གསལ་འདུག
ཡང་གཅིག་བཤད་ན། བཙན་བྱོལ་ནང་གི་ཆབ་སྲིད་མཁས་པ་རུ་གྲགས་པ་དང་བསམ་བློ་བ། རྩོམ་པ་པོ་སོགས་མི་ཉུང་བ་ཞིག་གི་བླ་འགུག་བྱེད་ཀྱི་ལྕགས་ཀྱུ་ལྟ་བུ་ནི། ཁོང་གིས་དམིགས་བསལ་རྩལ་དུ་བཏོན་ནས་ཡང་ཡང་བརྗོད་པ་ནི་མ་ཁེ་སིའི་ལྟ་གྲུབ་གཞིར་བཟུང་སྟེ། གྲངས་ཉུང་མི་རིགས་ལ་ས་གནས་རང་སྐྱོང་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་དགོས་པ་དང་དེ་ལས་ལྡོག་ན་འཇིགས་སུ་རུང་བའི་མ་འོངས་པའི་བསུ་མར་སྒུག་ཡོད་པ་ལྟ་བུར་བཤད་འདུག་པ་འདི་དག་ཡིན་ངེས་ཀྱང་། དོན་དམ་པར་ང་ཚོའི་མིག་སྔར་ལུས་པའི་བོད་ཀྱི་གནད་དོན་གླེང་སྐབས། རྒྱ་རིགས་འགས་ཏཱ་ལའི་བླ་མ་དང་ཁོ་པ་བསམ་ཚུལ་མཐུན་ལུགས་བརྗོད་ཀྱང་། ཁོ་པ་ནི་བོད་འདི་ཀྲུང་གོའི་མངའ་ཁོངས་སུ་ལོ་རྒྱུས་ཀྱིས་བྱིན་པའི་གནས་ལུགས་གཅིག་ཡིན་པ་ལས། ཁ་བྲལ་དུ་གཏོང་འདོད་མེད་པ་དང་། དེང་སྐབས་རྒྱལ་སྤྱིའི་གནད་དོན་དུ་འགྱུར་བཞིན་པའི་བོད་ཀྱི་གནས་བབ་ཀྱང་ནུབ་ཕྱོགས་པའི་རླུང་འཚུབ་ཡིན་པར་བརྗོད་ཅིང་། གལ་ཏེ་ཏཱ་ལའི་བླ་མ་བོད་དུ་གདན་ཞུ་ཐུབ་ཚེ་རླུང་འཚུབ་དེ་རང་བཞིན་གྱིས་འཇགས་འགྲོ་བ་དང་བསྟུན་རྒྱལ་ནང་དུ་མི་རིགས་ཁག་གི་གནས་ཚུལ་རྙོག་གླེང་ཅན་ཇི་ཙམ་བྱུང་ཡང་ནང་གི་གནད་དོན་ཞིག་དང་། ཁྱིམ་ཚང་ཀུན་ལ་ཡོད་པའི་གནད་དོན་ལྟ་བུ་ལས་ནུབ་ཕྱོགས་ནས་ཀྲུང་གོ་ལ་ཕྲག་དོག་གི་རླུང་འཚུབ་ཀྱིས་ཀྲུང་གོའི་ནང་སྲིད་ལ་འཐེན་འཁྱེར་བྱེད་དབང་ཅུང་ཙམ་ཡང་མེད་ལུགས་ནན་བཤད་བྱས་འདུག
ད་དུང་དེབ་དེའི་རྩོམ་པ་པོའི་སྔོན་གླེང་གི་ནང་དུ་འདི་ནི་ངའི་ཆབ་སྲིད་ཀྱི་ཁ་ཆེམས་ལྟ་བུ་ཡིན་ཞེས་དེབ་འདིའི་རིན་ཐང་ལ་བསྡོམས་ཚིག་ཀྱང་བཀོད་འདུག་མོད། བོད་མི་རིགས་ལ་སྨན་པའི་ཆབ་སྲིད་ཀྱི་ཁ་ཆེམས་མིན་པ་རྒྱ་ནག་གུང་ཁྲན་ཏང་གི་སྲིད་གཞུང་དེ། གྲངས་ཉུང་མི་རིགས་ཁག་ལ་མནར་གཅོད་གཏོང་བཞིན་དུ་ཡུན་རིང་གནས་དགོས་པའི་སྐད་ཅོར་ཞིག་ལས་ཅི་གང་མི་འདུག མ་གཞི་ཅི་ཁག་ཁོ་ནི་དམར་ཤོག་ལམ་ལུགས་ལ་དད་གུས་ཡོད་པ་དང་། རྒྱ་ནག་དམར་ཤོག་སྲིད་གཞུང་ལ་དགའ་ཞེན་ཆེ་བ། བརྩེ་སེམས་ཟབ་པའི་ཏང་མི་རྒན་གྲས་ཤིག་རེད། དེ་ལས་ཀྱང་ཡིན་ཏེ་ཏང་དང་རྒྱལ་ཁབ་ལ་ལྷག་བསམ་རྣམ་དག་གིས་ལས་དོན་མི་བསྒྲུབ་པར་བོད་མི་རིགས་ཀྱི་ཆེད་དུ་ལས་དོན་ཞིག་གཉེར་ཚེ་པཎ་ཆེ་སྐུ་ཕྲེང་བཅུ་པ་གཙོས་པའི་བོད་མི་ཚོ་ཡིད་སྐྱོ་དགོས་པའི་ཕེབས་ལམ་དེར་ཕུན་དབང་ཡང་ཆེས་གཟི་བརྗིད་ལྡན་པའི་ངང་སྔ་མོ་ནས་ཕེབས་ཟིན་ཡོད་ངེས་ཡིན།
ལྷག་པར་དེང་འདིར་གོ་ལའི་ཁྱོན་དུ་དམངས་གཙོའི་ཁྲིམས་ལུགས་ཀྱི་དབང་བསྒྱུར་འོག་ཡར་ཐོན་རྒྱལ་ཁབ་ཁག་ཏུ་ཁྲིམས་ལུགས་རང་དབང་དང་། སྨྲ་བརྗོད་རང་དབང་། གསར་འགོད་རང་དབང་། ཚོང་ལས་རང་དབང་དུ་གྱུར་ཏེ་ཆབ་འབངས་ཚོ་ཡང་བདེ་སྐྱིད་ངང་ཡར་རྒྱས་ཀྱི་ཕྱོགས་སུ་གོམ་སྟབས་ཉིན་བཞིན་ཇེ་མགྱོགས་སུ་འགྲོ་བཞིན་ཡོད་ཀྱང་། རྒྱ་ནག་གུང་ཁྲན་གྱིས་དབང་སྒྱུར་འོག་ཏུ་གནས་པའི་ཆབ་འབངས་ཚོ་ནི་ད་ལྟ་ད་དུང་ཡང་ཉིན་མཚན་ཀུན་ཏུ་དྲག་པོའི་མཚོན་ཆ་འཁྱེར་བའི་དམག་དཔུང་ཁྲོད་དུ་གཡོ་འགུལ་ཙམ་ལ་ཡང་མགོ་བོ་འདར་དགོས་པར་གྱུར་ནས་ཡོད་སྟབས། ཇི་ལྟར་ཐབས་བཀོད་འཐེན་ཡང་མཚོན་ཆ་ཁོ་ནས་བདེ་འཇགས་སྲུང་མི་དགོས་པར་དམར་ཤོག་གི་སྲིད་གཞུང་ནི་ནམ་ཡང་གནས་ཐབས་མེད་པར་གྱུར་ཡོད་མོད། ཕུན་དབང་ལགས་ནི་དམར་ཤོག་གི་ལྟ་གྲུབ་ལ་དད་གུས་དང་སྤྲོ་སྣང་གིས་བཟི་སྟེ། ཆེས་མཛེས་སྡུག་ལྡན་པའི་དམར་ཤོག་གི་མ་འོངས་པར་རྒྱལ་ཁའི་ངང་རྨི་ལམ་སྐྱིད་པོ་ཞིག་རྨི་བཞིན་ཡོད་པ་དེབ་དེའི་ནང་དུ་གསལ་བཤད་བྱས་འདུག་པས། རང་དབང་ལ་དགའ་བ་དང་། ཞི་བདེ་ལ་དུང་བ། དམངས་གཙོ་ལ་དད་པའི་བཙན་བྱོལ་ནང་གི་མི་བུ་སྒལ་ཚིགས་ཅན་འགའ་ཞིག་གིས་ཕུན་དབང་ནི་གསར་བརྗེ་བ་དང་། སྔོན་ཐོན་པ་ཞེས་ཡང་ཡང་བསྔགས་དོན་ངས་ད་དུང་རྒྱུ་མཚན་ཞིག་ལར་ནས་རྙེད་མ་སོང་ངོ་།།
ཡང་དེབ་དེའི་སྔན་གླེང་དུ་གལ་ཏེ་བཙོན་པ་ང་རང་བཙོན་ནས་ཐོན་རྗེས་གཉེན་ཉེ་གྲོགས་པོ་རྣམས་དང་གངས་ཅན་བོད་མིར་ལེགས་སྐྱེས་ཆུང་ངུ་གང་ཞིག་འབུལ་ཐུབ་ཡོད་པར་བརྗོད་ཚེ། དེ་ནི་ངའི་མི་ཚེ་གཅིག་རིང་གི་གྲོགས་མེད་རྟེན་མེད་ཀྱི་ལོ་ཟླ་དེ་དག་གི་ནང་ཉིན་མཚན་དབྱེར་མེད་དུ་བློ་རྩེ་གཅིག་ཏུ་བསྒྲིམས་པའི་བསམ་གཞིགས་དང་། དེའི་འབྲས་བུར་གྲུབ་པའི་རྟོག་དཔྱོད་ཀྱི་མེ་ཏོག་དང་ཕྱིར་རྟོག་སོགས་རེད་ཅེས་བརྗོད་འདུག ངས་ནི་དེའི་ཚབ་ཏུ་འདི་ལྟར་བརྗོད་འདོད་དེ། ཁོ་བོས་རྒྱ་ནག་གུང་ཁྲན་ཏང་ལ་ལྷག་བསམ་རྣམ་དག་གིས་དཔུང་རོགས་བྱས་ཀྱང་མ་བསམ་ས་ནས་གུང་ཁྲན་གྱིས་ཁོ་བོ་མི་ལོ་བཅོ་བརྒྱད་ཙམ་བཙོན་འོག་ཏུ་བཅུག་སྟེ། ལུས་སེམས་གཉིས་ཀ་ལ་བརྗོད་ལས་འདས་པའི་མནར་གཅོད་བཏང་ཞིང་། ཡ་ང་བའི་དུས་སྐབས་དེར་ངས་ཉིན་མཚན་དབྱེར་མེད་དུ་བློ་རྩེ་བསྒྲིམས་ཏེ་བསམ་གཞིགས་དང་། དེའི་འབྲས་བུར་གྲུབ་པ་རྒྱ་ནག་གུང་ཁྲན་སྲིད་གཞུང་ལ་ལེགས་སྐྱེས་སུ་འབུལ་རྒྱུ་ནི། བཙོན་གྲོལ་ཐོབ་ནས་དཔར་བསྐྲུན་བྱས་པའི་གུང་ཁྲན་ཏང་ལ་ཆེས་བརྩེ་བའི་འཕྲིན་ཆུང་སྟེ། རྟོག་དཔྱོད་ཀྱི་མེ་ཏོག་དང་ཕྱིར་རྟོག་སོགས་དཔེ་དེབ་དག་ཡིན་ཞེས་བརྗོད་ཚེ་ཕྱི་གསལ་ནང་གསལ་དུ་གྱུར་པའི་བརྗོད་ཚིག་སྙིང་རྗེ་བོ་ཞིག་རེད་ཅེས་བརྗོད་འདོད་བྱུང་ངོ་།།
ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་༢༥ ཉིན་བྲིས།
འདི་ནི་ཁ་བའི་འདབ་མ་ལགས་ཀྱི་འཆར་སྣང་ཙམ་མ་ཡིན་པའི་དོན་དངོས་ཀྱི་ཕུན་དབང་བྲིས་འདུག ཐུགས་རྗེ་ཆེ།
བཙན་བྱོལ་བོད་མི་ཟེར་བ་འདིས་མི་གྲགས་ཅན་ཞིག་བཟོ་འདོད་ཡོད་པ་ལས། ལས་རླབས་ཆེན་ཞིག་ལ་ངོ་སོ་ཕུལ་འདོད་ཡོད་པ་མ་རེད། སོང་ཙང་། ཕུན་དབང་བསྟོད་ནས་གང་ལ་བསྐྱལ་ཡང་། རྡ་རམ་ས་ལའི་ཧེ་རོ་ཙམ་རེད།
བོད་མི་རྒྱལ་ཚོང་པ་འབའ་བ་ཕུན་དབང་གི་མི་ཚེའི་ལོ་རྒྱུས།
འདི་དག་བྲིས་པས་སྒེར་གྱི་དབུགས་ལྷོད་པོ་འདྲ་བྱུང་ཡོད་ངེས་ཀྱང་། འདིས་ལྡོག་ཕྱོགས་ཀྱི་སྣང་ཚུལ་གཞན་ཞིག་སྤྲད་པ་སྟེ། ཅི་ཞིག་འབྲི་བ་འདི་དག་ནི་ཁོང་གི་དཔེ་དེབ་བཀླགས་པའི་འཆར་སྣང་ཙམ་མ་ཡིན་པའམ། དཔེ་དེབ་བཀླངས་ཀྱང་ཕན་ཐོག་མེད་པའི་སྐད་ཅའི་སྙིགས་རོའམ་བབ་ཅོལ་གྱི་ནད་རྙིང་ཙམ་ལས་ཅི་ཡང་བསྟན་ཐུབ་མི་འདུག་པས་ད་ནི་ཅི་ཞིག་བྱ། རྩོམ་རིག་ཐད་ཀྱི་དཔྱད་བརྗོད་དང་བསམ་ཚུལ་ཟེར་བ་འདི་དག་ཀྱང་རང་གར་མིང་ཕལ་པ་ཁག་ཅིག་མིང་ཨང་།
ངོས་གནས་བྱས་ན། ཡིག་ཆ་འདིའི་ཁ་བྱང་ལ་བོད་མི་རྒྱལ་ཚོང་བ་ཞིག་གི་མི་ཚེའི་ལོ་རྒྱུས་ཞེས་བཤད་ན་ཧ་ཅང་འཚམས་པོ་ཡོད་པ་རེད། འབའ་བ་ཕུན་ཚོགས་དབང་རྒྱལ་ནི་བོད་ལ་རྒྱ་དམག་ཁྲིད་ཡོང་མཁན་ཨང་དང་པོ་དེ་རེད། མི་ངན་འདིའི་རིགས་སྙིང་རེ་རྗེ།
རྩོམ་ཡིག་ཡག་པོ་བྲིས་གནང་འདུག བསམ་ཚུལ་དྲང་པོར་བཤད་འདུག བོད་པའི་སྨྱུག་ཐོགས་པ་ཞིག་བྱེད་ན་འདི་ལྟ་བུའི་དྲང་མོ་དྲང་བཞག་དང་སོ་སོའི་བསམ་ཚུལ་གང་ཡིན་པ་ཀྱ་དཀྱོག་མེད་པར་ཁ་རུ་ཁ་ཐུག་གིས་བཤད་ཐུབ་མཁན་ཞིག་དགོས་པ་རེད། འབའ་པ་ཕུན་དབང་རྒྱལ་བཙོང་པ་ཞིན་པའི་སྐད་ཆ་སྔོན་མ་ནས་གླེང་ཚར་བ་ཞིག་རེད། ཁོང་རྒྱལ་བཙོང་པ་ཞིག་ཡིན་ནམ་རྒྱལ་གཅེས་པ་ཞིག་ཡིན་གང་ལྟར་ཁོ་ལ་བསྟོད་པ་བྱེད་མཁན་བཙན་བྱོལ་བོད་མི་ཚོ་རེད།