འདི་གར་གནས་ཚུལ་བཏང་འབྱོར་ལྟར་ན། ཟླ་བ་འདིའི་ཚེས་ ༣ དང་ ༤ ཉིན་གཉིས་ནང་རྒྱ་གཞུང་གིས་ཁམས་ནགས་ཤོད་འབྲི་རུ་རྫོང་བོམ་ཕན་ཤང་སྟེང་མཁར་གྲོང་གི་མི་ ༡༥ ཙམ་འཛིན་བཟུང་བྱས་པའི་ཁྲོད་ནས་མི་ ༡༢ ཙམ་ཚེས་ ༡༩ ཉིན་འབྲི་རུ་རྫོང་བཙོན་ཁང་ནས་གློད་གྲོལ་བཏང་ཡོད་ཀྱང༌། རང་ལོ་ ༤༩ ཡིན་པའི་བུད་མེད་གསར་སྐྱིད་དང༌། རང་ལོ་ ༤༧ ཡིན་པའི་བུད་མེད་མཚོ་ཕན། རང་ལོ་ ༤༡ ཡིན་པའི་སྐྱེས་པ་དགའ་སྦུག་གསུམ་ཀློད་གྲོལ་བཏང་ཅིང༌། ད་ལྟ་ས་གནས་གཞན་ཞིག་ཏུ་འཁྲིད་ཟིན་པའི་ཚོད་དཔག་བྱེད་ཀྱིན་ཡོད་འདུག
ཀློད་གྲོལ་བཏང་ཟིན་པ་དག་ནི་རང་ལོ་ ༢༥ ཡིན་པའི་བུ་མོ་གཡང་སྐྱིད། རང་ལོ་ ༢༢ ཡིན་པའི་ཚེ་རིང༌། རང་ལོ་ ༢༡ ཡིན་པའི་ཚེ་རིང་ཕུན་ཚོགས། རང་ལོ་ ༢༡ ཡིན་པའི་བཀྲ་རྡོར། རང་ལོ་ ༡༧ ཡིན་པའི་ཀུན་གྲགས། རང་ལོ་ ༢༢ ཡིན་པའི་བསྟན་པ། རང་ལོ་ ༢༧ ཡིན་པའི་ཐུབ་ཆེན། རང་ལོ་ ༢༥ ཡིན་པའི་བསོད་བཀྲ། རང་ལོ་ ༢༡ ཡིན་པའི་ཚེ་རིང་བྱང་ཆུབ། རང་ལོ་༢༣ ཡིན་པའི་འཇིགས་མེད་ཕུན་ཚོགས། རང་ལོ་ ༢༤ ཡིན་པའི་ལམ་བཟང༌། རང་ལོ་ ༡༩ ཡིན་འི་ཚེ་དབང་སྐྱབས་བཅས་ཡིན་ཞིང༌། ཁོང་ཅག་ལ་རྒྱ་སྒོར་ ༡༠༠༠ ནས་ ༡༨༠༠ བར་གྱི་ཉེས་ཆད་དང༌། རྗེས་ཕྱོགས་བསྐྱར་དུ་གནས་ཚུལ་གང་ཡང་ལྷག་མི་ཆོག་པའི་ཁས་ལེན་གྱིས་མཛུབ་ཐེལ་རྒྱག་བཅུག་ཡོད་འདུག
ཟླ་འདིའི་ཚེས་ ༡༢ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༤ པ་ཙམ་ལ་ཁམས་འབྲི་རུ་རྫོང་བོམ་ཕན་ཤང་དགོན་ཤུལ་གྲོང་གི་རང་ལོ་ ༣༢ ཙམ་ཡིན་པའི་འཕྲིན་ལས་དཔལ་མོ་ལགས་འབྲི་རུ་རྫོང་ཐོག་ནས་འཛིན་བཟུང་བྱས་ཡོད་ཅིང༌། ཁོང་མོར་ཉེས་འཛུགས་ཅི་ཞིག་བྱས་པ་ཁ་གསལ་མེད་པར་ད་ཆར་ས་གནས་བཙོན་ཁང་དུ་འདྲི་རྩད་རྡུང་རྡེག་གཏོང་གི་ཡོད་འདུག བོམ་ཕན་ཤང་སྟེང་མཁར་གྲོང་གི་རང་ལོ་ ༢༡ ཡིན་པའི་ཚེ་རིང་རྒྱལ་མཚན་ཡང་ཚེས་ ༡༢ ཡས་མས་ལ་འཛིན་བཟུང་གིས་བདུན་ཕྲག་གཅིག་རྗེས་རྒྱ་སྒོར་ ༡༠༠༠ ཙམ་གྱི་ཉེས་ཆད་བཅད་དེ་ཀློད་གྲོལ་བཏང་ཡོད་འདུག
ཕྱི་ཟླ་ ༩ པ་ནས་ཁམས་འབྲི་རུ་རྫོང་སྟོད་སྨད་བར་གསུམ་ནང་རྒྱ་གཞུང་ལ་འདོད་པ་མེད་པའི་རྣམ་འགྱུར་བསྟུད་མར་འཐོན་པ་དང་མཉམ་དུ་ས་ཁུལ་དེར་དམ་དྲག་ཆེན་པོ་བྱས་ཏེ་ཡུལ་མི་ཚོའི་རྒྱུན་ལྡན་འཚོ་བར་ཡང་དཀའ་ངལ་དང་སིན་གཙེར་མི་ཉུང་བ་ཞིག་བཟོ་བཞིན་ཡོད་འདུག ཡུལ་མི་མང་པོ་ཞིག་དོན་མེད་དུ་འཛིན་བཟུང་གིས་གཅར་རྡུང་ཕོག་གི་ཡོད་ཅིང༌། བརྒྱུད་ལམ་ཁག་ལ་དམ་དྲག་ཆེན་པོ་བྱས་ཏེ་འཛིན་བཟུང་བྱས་པ་དག་གི་གནས་ཚུལ་ཉུང་ཤས་ལས་ཕྱི་ལོགས་སུ་འཐོན་ཐུབ་ཀྱི་མེད་འདུག

![Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]](https://tibettimes.net/wp-content/uploads/2026/10/Screen-Shot-2026-10-16-at-2.29.07-PM-360x180.png)



