རྒྱ་ནག་དབུས་ཉེན་རྟོག་ཁང་གི་འགན་འཛིན་གཞོན་པ་ལི་ཡིས་ཁྲིམས་འགལ་བྱ་སྤྱོད་སྤེལ་ཡོད་པའི་ཉེས་མིང་འོག་གཟའ་པ་སངས་ཉིན་ཞིབ་བཤེར་བྱེད་མགོ་བཙུཊ་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༢༡ ཉིན། རྒྱ་ནག་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་དྲ་བའི་ཐོག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ལོག་ཆོས་གནད་དོན་དོགས་ཟོན་དང་ཐག་གཅོད་ཁང་གི་འགན་འཛིན་དང་། ཉེན་རྟོག་ཁང་གི་འགན་འཛིན་གཞོན་པ་ལི་ཏུང་ཧྲིན་(Li dong sheng)གྱིས་ཁྲིམས་འགལ་བྱ་སྤྱོད་ཚབས་ཆེན་སྤེལ་ཡོད་པའི་དོགས་གཞིའི་འོག ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཞིབ་བཤེར་བྱེད་མགོ་བཙུགས་ཡོད་འདུག
ཟླ་འདིའི་ཚེས་ ༢༠ ཉིན་གྱི་དགོང་མོའི་ཆུ་ཚོད་ ༩ པ་ཙམ་ལ། རྒྱ་ནག་དབུས་ཉེན་རྟོག་ཁང་གི་དྲ་རྒྱའི་སྟེང་མགོ་ཁྲིད་ཁག་གི་མིང་གཞུང་ལས། ལི་ཏུང་ཧྲིན་གྱི་མིང་ཉེན་རྟོག་ཁང་གི་འགན་འཛིན་ཀོ་ཧྲིན་ཁིན་དང་འགན་འཛིན་གཞོན་པ་ཡཱང་ཧན་ལིན་གཉིས་ཀྱི་འོག་ཏུ་བཞག་ཡོད་པ་མ་ཟད། ཉེན་རྟོག་འགན་འཛིན་གཞོན་པ་ ༩ ཡི་ནང་ནས་མཐའ་མའི་གཉིས་པ་དེར་བཞག་ཡོད་ཅིང་། ཉིན་དེའི་དགོང་མོའི་ཆུ་ཚོད་ ༡༠ པའི་ཐོག ཉེན་རྟོག་ཁང་གི་དྲ་རྒྱའི་ཐོག་ནས་ལི་ཏུང་ཧྲིན་གྱི་ལོ་རྒྱུས་མཐོང་རྒྱུ་མེད་པར་གྱུར་ཡོད་འདུག
ལི་ཏུང་ཧྲིན་ནི་ཕྱི་ལོ་ ༡༩༥༥ ཟླ་ ༡༢ པའི་ནང་རྒྱ་ནག་ཧྲན་ཏུང་ཞིང་ཆེན་དུ་སྐྱེས་ཤིང་། ད་ལྟ་ལོ་ན་ ༥༨ ཡིན་པ་དང་། ཧྲང་ཧེ་ཧྥོ་ཌན་སློབ་ཆེན་གྱི་གསར་འགྱུར་སྡེ་ཁག་ནས་སློབ་མཐར་ཕྱིན་རྗེས། ཀྲུང་དབྱང་བརྙན་འཕྲིན་ཁང་དུ་ལོ་མང་རིང་ལས་ཀ་བྱས་པ་མ་ཟད། གསར་འགྱུར་ལྟེ་གནས་ཁང་གི་འགན་འཛིན། དེའི་རྗེས་སྔ་གཞུག་ཏུ་རྒྱ་ནག་དབུས་དྲིལ་བསྒྲགས་ལྷན་ཁང་གི་མགོ་ཁྲིད་གཞོན་པ་དང་། རྒྱ་ནག་དབུས་དམར་ཤོག་ཚོགས་པའི་རྒྱུན་ལས། དབུས་ཆབ་སྲིད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་སོགས་བྱས་ཡོད་འདུག
ད་ལོར་རྒྱ་ནག་དབུས་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ ༡༨ པ་སྐོང་ཚོགས་བྱས་རྗེས། རྒྱ་ནག་དབུས་དམར་ཤོག་ཚོགས་པའི་རྒྱུན་ལས་ཤིག་ལ་ཡོངས་ཁྱབ་ཀྱིས་ཞིབ་བཤེར་བྱས་པ་ཐེངས་གཉིས་པ་ཆགས་ཡོད་པ་དང་། དང་པོ་དེ་རྒྱ་ནག་དབུས་ནོར་རྫས་དོ་དམ་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་ཟུར་པ་ཅང་ཅེ་མིན་ཡིན་པ་དང་། ཁོ་གཉིས་རྒྱ་ནག་དབུས་ཆབ་སྲིད་སྡེ་ཚན་གྱི་མགོ་ཁྲིད་ཟུར་པ་ཀྲུའུ་ཡོང་ཁང་དང་འབྲེལ་བ་དམ་པོ་ཡོད་འདུག