པ་ཀི་སི་ཐན་གྱི་སྲིད་འཛིན་ཟུར་པ་མུ་ཤི་ར་ཧྥིར་རྒྱལ་ཁབ་ལ་ངོ་ལོག་བྱས་པའི་ཉེས་མིང་འོག་ཁྲིམས་ཐག་གཅོད་རྒྱུ་ཡིན་འདུག
དེ་རིང་ཕྱི་ཚེས་ ༢༤ ཉིན་པ་ཀི་སི་ཐན་གྱི་རྒྱལ་ས་ཨེ་སི་ལན་མྰ་པྰ་དམིགས་བསལ་ཁྲིམས་ཁང་གིས། སྲིད་འཛིན་ཟུར་པ་དང་དམག་དོན་དབུ་ཁྲིད་གནང་མྱོང་མཁན་མུ་ཤི་ར་ཧྥིར་རྒྱལ་ཁབ་ལ་ངོ་ལོག་བྱས་པའི་ཉེས་མིང་འོག་ཁྲིམས་ཆད་གཅོད་རྒྱུའི་གསལ་བསྒྲགས་གནང་ཡོད་ཀྱང་། ཁོང་ཁྲིམས་ཁང་ལ་མ་སོང་སྔོན་དུ་ཉེན་རྟོག་པས་ལྗིད་ཚད་སྦྱི་རྒྱ་གཉིས་ཡོད་པའི་འབར་རྫས་དང་ཐུང་མདའ་གཉིས་རྙེད་སོན་བྱུང་སྟབས། ཁྲིམས་ཆད་དེ་ཕྱིར་འགྱངས་ཀྱིས་ ༢༠༡༤ ལོའི་ཟླ་ ༡ ཚེས་ ༡ ཉིན་ཡང་བསྐྱར་ཁྲིམས་ཆད་གཅོད་རྒྱུ་ཡིན་འདུག
༢༠༠༧ ལོར་རྩ་ཁྲིམས་མཚམས་འཇོག་དང་། རྒྱལ་ཡོངས་ནང་ཛ་དྲག་གིས་ཉེན་ཟོན་དོ་དམ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་ནས་བཟུང་མུ་ཤི་ར་ཧྥིར་སྐྱོན་འདོན་ཞུ་གཏུག་བྱེད་མགོ་བརྩམས་ཡོད་འདུག་ལ། ཉེ་ལམ་ཁོང་གི་ཁྲིམས་རྩོད་པས་མུ་ཤི་ར་ཧྥིར་རྒྱལ་ཚོང་བའི་ནག་ཉེས་ཡོད་ཚེ་དམག་དོན་ཁྲིམས་ཁང་གིས་ཁོང་གི་ཐག་གཅོད་བྱ་དགོས་པ་ལས། དག་སེལ་ཞུ་འབུལ་དམིགས་བསལ་ཁྲིམས་ཁང་ལ་ཕྱིར་སློག་བྱས་དོན་མེད་ཚུལ་བརྗོད་འདུག
ད་ལྟ་དགུང་ལོ་ ༧༠ ཡིན་པའི་མུ་ཤི་ར་ཧྥི་ལགས། ༡༩༩༩ ལོར་ཁོང་དམག་དོན་སྲིད་འགྱུར་ཞིག་དང་སྟབས་བསྟུན་ཏེ་དམག་སྤྱིའི་ལས་འགན་འཁུར་བ་དང་། ཕྱིས་སུ་ལོ་ ༩ རིང་སྲིད་འཛིན་གྱི་ལས་འགན་འཁུར་ཡོད་འདུག ༢༠༠༨ ལོའི་རྒྱལ་ཡོངས་སྲིད་བློན་འོས་བསྡུའི་སྐབས་རྒྱལ་ཁ་ཤོར་བ་ནས་བཟུང་ལོན་ཌོན་དུ་ལོ་གསུམ་རིང་ཆབ་སྲིད་སྐྱབས་བཅོལ་དུ་བསྡད་ཡོད་ཅིང་། འདི་ལོའི་ཟླ་ ༣ པའི་ནང་ཁོང་ཕྱིར་པ་ཀི་སི་ཐན་རྒྱལ་ནང་དུ་ལོག་ཏེ། པ་ཀི་སི་ཐན་རྒྱལ་ཡོངས་ཁ་ཆེའི་མཐུན་ཚོགས་ཞེས་པའི་སྲིད་དོན་ཚོགས་པའི་མགོ་ཁྲིད་བྱས་ཏེ་རྒྱལ་ཡོངས་འོས་བསྡུའི་ནང་ཞུགས་ཡོད་ཀྱང་། ཁྲིམས་ཁང་གིས་ཁོང་ལ་སྲིད་བློན་གྱི་འོས་གཞིར་ལངས་མི་ཆོག་པའི་བཀའ་ཁྱབ་གནང་ཡོད་པ་མ་ཟད། ཁོའི་ཆབ་སྲིད་ཚོགས་པར་འོས་བསྡུའི་ཁྲོད་ཕམ་ཉེས་ཆེན་པོ་བྱུང་ཡོད་འདུག
ཁོང་ནི་པ་ཀི་སི་ཐན་ནང་རྒྱལ་ཁབ་ལ་ངོ་ལོག་བྱས་པའི་ཉེས་མིང་འོག་ཁྲིམས་ཆད་ཕོག་མཁན་གྱི་སྲིད་འཛིན་ཐོག་མ་དེ་ཆགས་ཡོད་འདུག
གསར་འགོད་པ། དོན་གོ