ཁ་སང་མའོ་ཙེ་ཏུང་སྐྱེས་ནས་ལོ་ ༡༢༠ ལོན་པའི་རྗེས་དྲན་སྐབས། མའོ་ལ་བསྟོད་གླུ་ལེན་མི་ཆོག་པ་དང་ལྷ་བཞིན་བཀུར་ནའང་འགྲིག་གི་མེད་སྐོར་བརྗོད་འདུག
ཁ་སང་སྔ་དྲོ་པེ་ཅིན་གྱི་ཆུ་ཚོད་ ༩ པའི་ཐོག པེ་ཅིན་དུ་ཡོད་པའི་མའོ་ཙེ་ཏུང་རྗེས་དྲན་ཁང་དུ།རྒྱ་ནག་དམར་ཤོག་ཚོགས་པའི་མགོ་ཁྲིད་དང་པོ་མའོ་ཙེ་ཏུང་སྐྱེས་ནས་ལོ་ ༡༢༠ འཁོར་བའི་དུས་དྲན་སྲུང་གཙི་བྱས་ཡོད་པ་དང་། སྐབས་དེར་སྲིད་འཛིན་ཞི་ཅིན་ཕིན་དང་སྲིད་བློན་ལི་ཁེ་ཆིང་སོགས་དམར་ཤོག་ཚོགས་པའི་མགོ་ཁྲིད་ ༧ ཀྱི་གཙོས་གནད་ཡོད་མི་སྣ་ཚོས། མའོ་ཡི་ཕུང་པོར་གུས་འདུད་དང་ཁོའི་བྱས་རྗེས་ལ་རྗེས་དྲན། དེ་བཞིན་མི་མང་ཚོགས་ཁང་ཆེན་མོའི་ནང་མའོ་རྗེས་དྲན་གྱི་ཚོགས་འདུ་བསྡུས་ཏེ་གཏམ་བཤད་སོགས་སྤེལ་ཡོད་པ་དང་། ཉིན་དེར་མའོ་ཡི་ཕ་ཡུལ་ཧུའུ་ནན་གཙོ་བོར་གྱུར་བའི་ཧྲན་ཞི་དང་ཅང་ཞི་ཞིང་ཆེན་སོགས་ཀྱི་ནང་དུའང་ལོ་རབས་ ༩༠ བའི་རྗེས་ཀྱི་སློབ་ཆེན་སློབ་མ་སོགས་མའོ་ལ་དགའ་གུས་ཡོད་མཁན་ཚོས་དུས་དྲན་སྲུང་གཙི་བྱས་ཡོད་པ་མ་ཟད། སློབ་ཆེན་སློབ་མ་ཚོས་རང་སྲོག་འབེན་དུ་བཞག་ནས་ “མའོ་ཙེ་ཏུང་ལ་བློ་སེམས་དཀར” ཞེས་པ་སོགས་ཀྱི་འབོད་ཚིག་བསྒྲགས་ཏེ་རྔམ་སྟོན་ཁྲོམ་སྐོར་བྱས་སྟབས། བརྒྱུད་ལམ་ཁག་ཏུ་རིག་གནས་གསར་བརྗེ་རོ་ལངས་བརྒྱབ་པའི་རྣམ་པ་ཤུགས་ཆེར་མངོན་ཡོད་ལུགས་བརྗོད་འདུག
ཉིན་དེར་མི་མང་ཚོགས་ཁང་ཆེན་མོའི་ནང་མའོ་རྗེས་དྲན་གྱི་ཚོགས་འདུའི་ཐོག སྲིད་འཛིན་ཞི་ཅིན་ཕིན་གྱིས་མའོ་ཙེ་ཏུང་ནི་རྒྱ་ནག་གི་ཉེ་རབས་ལོ་རྒྱུས་ཁྲོད་ཀྱི་རླབས་ཆེ་བའི་རྒྱལ་གཅེས་པ་ཞིག་དང་མི་རིགས་ཀྱི་དཔའ་བོ་ཞིག་ཡིན། འོན་ཀྱང་། གསར་བརྗེ་དབུ་ཁྲིད་ཚོ་འགྲོ་བ་མི་ཞིག་ཡིན་པ་ལས་ལྷ་མིན། ཁོ་ཚོར་དཔྱད་གླེང་གི་ནུས་པ་ཆེས་ཆེར་ལྡན་ཞིང་འཐབ་རྩོད་ཀྱི་ཉམས་མྱོང་ཕྱུག་པོ་ཡོད་པ་མ་ཟད། དབུ་ཁྲིད་ཀྱི་ནུས་འཇོན་བླ་ལྷག་ལྡན་ཡོད་ཀྱང་། ཁོ་ཚོའི་བྱ་སྤྱོད་དང་ངོས་འཛིན་ལ་དུས་རབས་ཀྱི་ཆ་རྐྱེན་གྱིས་ཚད་བཀག་ཐེབས་མི་སྲིད་པ་མིན་སྟབས། ཁོ་ཚོ་རླབས་ཆེན་ཡིན་པ་ཙམ་གྱིས་ལྷ་བཞིན་མཆོད་བཀུར་བྱས་ན་འགྲིག་གི་མེད་ལ། ཁོ་ཚོར་ནོར་འཁྲུལ་ཡོད་པ་ཙམ་གྱིས་ཁོ་ཚོའི་ལོ་རྒྱུས་ཀྱི་མཛད་རྗེས་ཡོད་ཚད་མེད་པར་གཏོང་མི་རུང་ཚུལ་སོགས་བརྗོད་འདུག
གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ལོ་ལྟར་ཕྱི་ཟླ་ ༡༢ ཚེས་ ༢༦ ཉིན་རྒྱ་ནག་པེ་ཅིན་མི་མང་ཚོགས་ཁང་ཆེན་མོའི་ནང་མའོ་རྗེས་དྲན་གྱི་རིག་རྩལ་དགོང་ཚོགས་༼ཆེས་དྲོད་ཁོལ་ལྡན་པའི་ཉི་མ། ཆེས་བརྩེ་སེམས་ལྡན་པའི་མའོ་ཙེ་ཏུང་༽ཞེས་པ་ཞིག་ཚོགས་སྲོལ་ཡོད་པ་ལྟར། རིག་རྩལ་དགོང་ཚོགས་གཙོ་གཉེར་བ་པེ་ཅིན་རྒྱལ་སྤྱིའི་རིག་གནས་ཁྱབ་སྤེལ་ཚད་ཡོད་ཁང་གིས་ད་ལོར་ཡང་སྔར་རྒྱུན་ལྟར་རིག་རྩལ་དགོང་ཚོགས་ཚོགས་གཏན་འཁེལ་ཡོད་ཀྱང་། ཕྱིས་སུ་གོང་རིམ་ནས་རིག་རྩལ་དགོང་ཚོགས་ཀྱི་མིང་༼མེས་རྒྱལ་ལ་གླུ་དབྱངས་ལེན། གསུང་རབ་ལ་བསྟོད་བསྔགས་བྱེད༽ཅེས་པར་བསྒྱུར་དགོས་པ་དང་། གར་སྟེགས་ཀྱི་རྒྱབ་ལྗོངས་བྱས་པའི་མའོ་ཡི་མགོ་པར་གྱི་ཚབ་ཏུ་གནམ་བདེ་སྒོ་མོ་ཆེ་དང་མི་མང་ཚོགས་ཁང་ཆེན་མོའི་པར་འཇོག་དགོས་པའི་བཀའ་བཏང་ཡོད་པ་མ་ཟད། རིག་རྩལ་དགོང་ཚོགས་ཐོག་༼རྩྭ་ཐང་སྟེང་ནུབ་པ་མེད་པའི་ཉི་མ་ཤར༽དང་། ༼མའོ་ཨུ་ཡོན་དང་ང་ཚོ་ནམ་ཡང་མཉམ་དུ་གནས༽ཞེས་པ་སོགས་ཀྱི་མའོ་ཙེ་ཏུང་གི་བསྟོད་གླུ་རྣམས་ལེན་མི་ཆོག་པ་བཟོས་འདུག
གསར་འགོད་པ། པདྨ་མཚོ།