མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་པ་ནང་ཁུལ་ལ་འཆམ་པོ་མཐུན་པོ་བྱེད་རྒྱུ་དེ་གཙོ་བོ་རེད།

བོད་ཀྱི་དུས་བབ།
༢༠༡༤/༠༡/༢༩
Share on FacebookShare on TwitterShare on EmailShare on Whatsapp

ནམ་རྒྱུན་གསར་འགྱུར་བརྒྱུད་ལམ་ཁག་ནས་མཐོང་ཐོས་ཀྱི་གནས་ཚུལ་མང་པོ་ཞིག་ནི་རང་ཉིད་ཁྱབ་བསྒྲགས་བྱེད་མཁས་པའི་ཆབ་སྲིད་པ་དང་གློག་བརྙན་འཁྲབ་སྟོན་པ་སོགས་ཡིན་ལ། དེ་ལས་གཞན་ས་གནས་ག་གེ་མོ་ཞིག་ཏུ་བྱུང་བའི་མི་གསོད་ཁྲག་སྦྱོར་གྱི་གནས་ཚུལ་དང་མི་ག་གེ་མོ་ཞིག་གིས་བྱས་ཉེས་བསགས་པའི་གནས་ཚུལ་དེ་ཚོ་རེད། གནས་ཚུལ་དེ་འདྲ་རྐྱང་རྐྱང་གིས་མི་ཚོའི་སེམས་ལ་འཇིག་རྟེན་འདིར་བྱམས་པ་དང་སྙིང་རྗེ་མི་འདུག་བསམ་པའི་ལོག་རྟོག་ཅིག་རང་བཞིན་གྱིས་འབྱུང་མི་སྲིད་པ་མིན་སྟབས། འཇིག་རྟེན་འདིར་ཁ་ཁུ་སིམ་པོའི་ཐོག་ནས་བྱམས་སྙིང་རྗེ་དང་གཞན་ཕན་དོན་གཉེར་བྱེད་མཁན་ཡང་མང་པོ་ཞིག་ཡོད་པ་དང་། བོད་པའི་སྤྱི་ཚོགས་ནང་དུའང་ལོ་ནས་ལོ་བསྟུད་དེ་གཞན་ལ་རོགས་སྐྱོར་ཁོ་ན་བྱས་ནས་མི་ཚེ་སྐྱེལ་བཞིན་པའི་ཡོངས་གྲགས་དང་ཡོངས་གྲགས་མ་ཡིན་པའི་རླབས་ཆེན་གྱི་སྐྱེས་བུ་མང་པོ་ཞིག་ཡོད། རྣམ་གྲྭ་སྐུ་ཞབས་དོན་གྲུབ་རྒྱལ་མཚན་ལགས་ནི་སྐུ་ཚེ་ཧྲིལ་པོ་བོད་རིགས་ཉམ་ཐག་ཚོའི་ཆེད་དུ་ཕུལ་དང་འབུལ་བཞིན་པའི་གང་ཟག་ཅིག་ཡིན་ཡང་། ད་སྔ་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཕར་ཟད་བོད་པའི་གསར་ལམ་ཁག་གིས་ཀྱང་མ་མཐོང་བའི་མི་སྣ་ཞིག་ཡིན།

གསར་འགོད་པ་རྒན་དོན་གྲུབ་རྒྱལ་མཚན་ལགས་སུ་ཐུག་འཕྲད་ཀྱིས་ཁོང་གི་མི་ཚེའི་ལོ་རྒྱུས་དང་བཙན་བྱོལ་བོད་པའི་སྤྱི་ཚོགས་ཁྲོད་ཀྱི་ཉམས་ཐག་ཚོར་རོགས་སྐྱོར་གནང་བཞིན་པའི་ལས་གཞིའི་སྐོར་ལ་བཅར་འདྲི་བརྒྱུད་རྒྱུས་ལོན་བྱས་དོན་ལྟར་ན། རྣམ་གྲྭ་སྐུ་ཞབས་དོན་གྲུབ་རྒྱལ་མཚན་ལགས་ནི་བོད་དུ་སྐུ་འཁྲུངས་ཤིང་། ༡༩༥༩ ལོར་རྒྱ་གར་ནང་བཙན་བྱོལ་དུ་འབྱོར། ༡༩༦༧ ལོའི་བར་དུ་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ནས་བསླབ་པ་མཐར་སོན་ཞིང་། ༡༩༩༤ ལོར་ཨ་རིའི་གླིང་ཕྲན་ཧཱ་ཝ་ཡི་ (Hawaii) ནང་བཀྲ་ཤིས་ཕན་བདེ་ཚོགས་པ་གསར་དུ་ (http://www.tashipendey.org) བཙུགས་གནང་སྟེ། གཞན་ཕན་གྱི་ལས་དོན་བསྒྲུབ་མགོ་བརྩམས་ཡོད་པ་དང་། ཁོང་གིས་འདས་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་རྒྱ་བལ་འབྲུག་གསུམ་ནང་གི་བོད་རིགས་དཀའ་ངལ་ཅན་མང་པོར་རོགས་སྐྱོར་བྱེད་བཞིན་པ་མ་ཟད། ༢༠༡༣ ལོའི་ཟླ་ ༨ པའི་ནང་ཨོ་རི་ས་བོད་མིའི་གཞིས་ཆགས་ལ་དྲག་ཆར་རླུང་འཚུབ་ཀྱི་གནོད་འཚེ་ཕོགས་པར། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་བརྒྱུད་ཨ་སྒོར་འབུམ་གཉིས་ཀྱི་ཞལ་འདེབས་ཕུལ་འདུག

དྲི་བ། སྐུ་ཉིད་ཀྱིས་༼ བཀྲ་ཤིས་ཕན་བདེ་ཚོགས་པ༽ངོ་སྤྲོད་ཅིག་དང་འབྲེལ། སྐུ་ཉིད་ཀྱིས་དེང་སྐབས་ཕྱག་ལས་གཙོ་བོ་ག་རེ་གནང་གི་ཡོད་མེད་ངོ་སྤྲོད་ཅིག་གནང་རོགས།

ལན། བཀྲ་ཤིས་ཕན་བདེའི་ངོ་སྤྲོད་དྲ་རྒྱའི་ནང་གསལ་པོ་བཀོད་ཡོད་པས། དེའི་ནང་ནས་མཁྱེན་པའི་རེ་བ་ཡོད། རྩ་བའི་ཆ་ནས་ཚོགས་པའི་ལས་ཀ་གཙོ་བོ་དེ་ཉམ་ཐག་རོགས་རམ་དགོས་ངེས་ཅན་རིགས་ལ་རོགས་རམ་འཚོལ་རྒྱུ་དེ་རེད། དེང་སང་ཕྲན་ལ་དམིགས་གསལ་གྱི་ལས་ཀ་འདི་ཟེར་ཡ་དེ་འདྲ་གང་ཡང་མེད། ང་དང་ངའི་ཚོགས་པའི་ལོ་རྒྱུས་ཁག་དྲ་རྒྱའི་ནང་གསལ་པོ་ཡོད་པས། དེ་ནས་མཁྱེན་རྟོགས་གནང་རོགས་ཞུ་ཡ་ཡིན།

དྲི་བ། རྒན་ལཊ་ཀྱིས་ཉེ་ལམ། ཨོ་རི་ས་བོད་མིའི་གཞིས་ཆགས་ལ་དྲག་ཆར་རླུང་འཚུབ་བྱུང་བར་ཨ་སྒོར་འབུམ་གཉིས་ཀྱི་ཞལ་འདེབས་ཕུལ་འདུག དངུལ་དེ་འདྲ་ཕོན་ཆེན་པོ་ཞིག་གནང་དགོས་པའི་རྒྱུ་མཚན་གང་ཡིན་པ་དང་། ཉིད་ལ་དངུལ་དེ་འདྲ་ཕོན་ཆེན་པོ་ཞིག་ཇི་ལྟར་རག་པ་རེད་དམ།

ལན། ཨོ་རི་ས་གཞིས་ཆགས་འདི་ལ་ས་ཞིང་ཐོག་དཀའ་ངལ་མང་པོ་འཕྲད་ཀྱིན་ཡོད་པ་དེ་སྔ་གསར་འགྱུར་ཐོག་ནས་མཐོང་སོང་། དེའི་སྒང་ལ་ད་ལོར་ས་ཞིང་འདེབས་རྒྱུའི་གོ་སྐབས་རག་ཙམ་བྱུང་ནས་ཕལ་ཆེར་སྟོན་བསྡུ་རན་སྐབས། ཆུ་ལོག་གི་གནོད་སྐྱོན་སྟབས་མ་ལེགས་འདི་འདྲ་བྱུང་བ་རེད། མི་མང་པོར་དཀའ་ངལ་འཕྲད་ནས་ཅི་བྱ་འདི་བྱ་མེད་པར་གྱུར་འདུག་པ་གོ་སོང་། ད་ཁོང་ཚོ་ཕྱིར་རང་རང་གི་རྐང་པའི་སྒང་ལ་ལངས་དགོས་ན་དེར་དངུལ་ཡང་ཧ་ཅང་ཕོན་ཆེན་པོ་དགོས་ཀྱི་ཡོད་པ་རེད། གཞུང་གིས་ཀྱང་ས་ཕྱོགས་གང་ས་ནས་ཞལ་འདེབས་བསྡུ་བཞིན་འདུག ཡིན་ན་ཡང་ཞལ་འདེབས་དེ་ཙམ་གྱི་ཕོན་ཆེན་པོ་ཡོང་ཁག་པོ་ཡིན་དུས། ང་རང་གིས་ཚོགས་པར་རྒྱུན་རིང་སྦྱིན་བདག་གནང་མཁན་མང་པོ་ཞིག་ཡོད་པའི་ཁོངས་ནས་སྦྱིན་བདག་གཅིག་ལ་དེའི་སྐོར་གྱི་སྐྱིད་སྡུག་ཅིག་ཞུས་པ་ཡིན། དེར་ཁོང་གིས་ཀྱང་འཕྲལ་དུ་རོགས་སྐྱོར་གནང་འདོད་ཡོད་པ་ཞལ་བཞེས་གནང་སོང་། དེར་བརྟེན་ང་རང་ཡིན་ན་ཡང་དགའ་སྤྲོ་ཚད་མེད་པ་སྐྱེས་སོང་། དེ་ནས་ཨ་སྒོར་འབུམ་གཉིས་ལམ་སེང་རང་གཞུང་དཔལ་ལྡན་ནང་སྲིད་ལྷན་ཁང་བརྒྱུད་ནས་བཏང་བ་ཡིན། སྤྱིར་བཏང་ངའི་ཚོགས་པའི་ངོས་ནས་མ་དངུལ་འདི་ལས་ཕོན་ཆེ་བ་ཁ་ཤས་ལ་གཏོང་གི་ཡོད་རེད། ཡིན་ན་ཡང་གསལ་ཆ་ཞུ་རྒྱུའི་དགོས་པ་མི་འདུག

དྲི་བ། རྒན་ལགས་ཀྱིས་བོད་མིར་རོགས་སྐྱོར་བྱེད་པའི་ལས་ཀ་འདི་ག་དུས་ནས་མགོ་ཚུགས་པ་ཡིན་ནམ། ད་ལྟའི་ཆར་མི་གྲངས་ག་ཚོད་ཅིག་ལ་རོགས་རམ་གནང་བཞིན་ཡོད་དམ།

ལན། ལས་ཀ་འདི་ ༡༩༩༥ ལོ་ནས་མགོ་ཚུགས་པ་རེད། རོགས་རམ་བྱེད་སའི་བོད་མི་རྣམས་མོན་གྷོ་ཌི་གཞིས་ཆགས་དང་། བྷེལ་ཀོབ་གཞིས་ཆགས། རྫོང་དཀར་ཆོས་སྡེ། ཧོན་སོར་གཞིས་ཆགས་སོགས་ནས་མགོ་འཛུགས་བྱས་པ་ཡིན། མི་གྲངས་ཀྱི་ཆ་ནས་བཤད་ན་ཧ་ཅང་མང་པོ་ཡོད་རེད། ཧ་ལམ་མི་གྲངས་སུམ་སྟོང་ཙམ་ལ་རོགས་རམ་བྱས་དང་བྱེད་ཀྱིན་ཡོད། བོད་གཞུང་གི་འོག་ལ་ཡོད་པའི་རྒན་གསོ་ཁང་ཡང་ཁ་ཤས་ཤིག་ཡོད། དགོན་པ་གྲྭ་ཚང་ཡང་ཁ་ཤས་ཤིག་ཡོད་པ་རེད།

དྲི་བ། རོགས་རམ་གནང་སའི་མི་སྒེར་པ་དང་། རྒན་གསོ་ཁང་དེ་དག་གང་འདྲ་བྱས་ནས་བདམས་ཀྱིན་ཡོད་དམ།

ལན། དངོས་ཡོད་གནས་ཚུལ་གྱི་ཐོག་ནས་དཔལ་འབྱོར་གནས་སྟངས་ཞན་པོ་ཡིན་པའི་ཁྱིམ་ཚང་དང་། རྒན་གསོ་ཁང་སོགས་ལ་ས་གནས་དོན་གཅོད་ཁང་གི་རྒྱབ་གཉེར་ཡི་གེ་ཡོད་པ་དེ་འདྲ་ལ་རོགས་པ་བྱེད་ཀྱིན་ཡོད། སློབ་ཕྲུག་ཁ་ཤས་ལ་དཔེར་ན་བོད་གཞུང་གི་ངོས་ནས་རོགས་སྐྱོར་ཕྱེད་ཙམ་ཞིག་ཐོབ་ཀྱི་ཡོད་ཀྱང་། ད་དུང་སློབ་ཡོན་དང་ལག་དངུལ་སོགས་ཀྱི་ཐོག་ནང་མིར་དཀའ་ངལ་ཡོད་མཁན་སློབ་མ་སུམ་ཅུ་བཞི་ཅུ་ཙམ་ཡོད། ཁོང་ཚོ་ལ་སྦྱིན་བདག་བཙལ། དེ་ནས་སྦྱིན་བདག་དང་ཁོང་ཚོ་ཕན་ཚུན་ངོ་སྤྲོད་བྱས་པའི་ཐོག་ནས་རོགས་རམ་བྱེད་ཀྱིན་ཡོད་རེད། སྦྱིན་བདག་གིས་སྦྱིན་ཡུལ་གྱི་མི་ལ་དངུལ་ག་ཚོད་ཅིག་བསྐུར་བ་དེ་ཐད་ཀར་ཁུངས་སོ་སོར་གཏོང་གི་ཡོད་རེད།

དྲི་བ། ད་སྔ་ཉིད་ཀྱིས་བོད་མི་ ༣༠༠༠ ལྷག་ལ་རོགས་པ་བྱས་ཡིན་གསུངས་སོང་། དེ་དག་ལ་གྲུབ་འབྲས་ཟེར་ན་འདྲ་དེང་སྐབས་རང་སྐྱ་ཐུབ་མཁན་དེ་འདྲ་བྱུང་འདུག་གམ།

ལན། ངས་རོགས་རམ་བྱེད་ས་མང་ཆེ་ཤོས་ཉམ་ཐག་སྐྱོ་བོ་ཁག་རེད། ཁོང་ཚོའི་འཚོ་བའི་དཀའ་ངལ་ཁག་ཁ་ཐུག་དེར་ཏོག་ཙམ་ཇེ་ཡང་དུ་བཏང་ཐུབ་པ་དེ་གྲུབ་འབྲས་ཤིག་རེད། དེ་ནས་སློབ་ཕྲུག་ཚོའི་ནང་ལ་འབྲིང་རིམ་སློབ་གྲྭ་ཐོན་ནས་ད་ཆ་ལོ་གསུམ་དང་བཞི། ལྔའི་རིང་གི་སྨན་ཞབས་སློབ་སྦྱོང་བྱེད་མཁན་དང་། བྷི་ཨེ་(BA) སློབ་སྦྱོང་བྱེད་མཁན། ཨེམ་ཨེ་(MA)སློབ་སྦྱོང་བྱེད་མཁན་སོགས་ཧ་ལམ་སུམ་ཅུ་སོ་གྲངས་ཤིག་ཡོད། ཁོང་ཚོ་ལས་མང་ཆེ་ཤོས་བར་སྐབས་ཤིག་ལ་བོད་གཞུང་གི་རོགས་སྐྱོར་མ་ཐོབ་པར་སློབ་མཚམས་འཇོག་དགོས་བྱུང་བ་དེ་འདྲ་རེད། རྗེས་སུ་ཁོང་ཚོར་རོགས་དངུལ་བཙལ་ནས་ད་ཆ་སློབ་སྦྱོང་མུ་མཐུད་ཐུབ་པ་བྱུང་ཡོད། ལོ་ཤས་རྗེས་སུ་ཁོང་ཚོ་སློབ་སྦྱོང་མཐར་ཕྱིན་པ་ཡིན་ན། ཉུང་མཐར་ཡང་སོ་སོའི་མི་ཚེ་སྐྱིད་པོ་ཞིག་སྐྱེལ་ཐུབ་ངེས་རེད་བསམ་གྱི་ཡོད།

དྲི་བ། ཨ་རི་ནས་རྒྱ་གར་སོགས་རྒྱལ་ཁབ་གཞན་ཞིག་ནང་བོད་མི་ཉམ་ཐག་ཅིག་འདུག་ཟེར་ནས་རོགས་རམ་བྱེད་མཁན་སྦྱིན་བདག་འཚོལ་རྒྱུར་དཀའ་ངལ་དེ་འདྲ་འདུག་གམ།

ལན། སྔོན་ཆད་ང་རང་ཨ་རིར་བསླེབས་མ་ཐག་གི་སྐབས་ལ། ང་རང་སྒེར་ལ་རོགས་པ་བྱེད་མཁན་མང་པོ་བྱུང་སོང་། ཡིན་ན་ཡང་། ང་གྲྭ་པ་ཞིག་ལ་དངུལ་མང་པོ་བསགས་པའི་དགོས་པ་མི་འདུག དེ་ནས་ང་རང་ལ་རོགས་པ་ཡག་པོ་བྱེད་མཁན་དེ་ཚོར་གྲོས་བྱས་ཏེ་ཚོགས་པ་ཞིག་བཙུགས་ནས་བོད་མི་ཉམ་ཐག་ཚོར་རོགས་པ་ཕྲན་ཙམ་བྱས་ན་བསམ་པ་རེད། དེ་དུས་ཡིན་ན་ཨ་རིའི་དཔལ་འབྱོར་གནས་སྟངས་ཡག་པོ་ཡོད་སྟབས། སྦྱིན་བདག་འཚོལ་ཁག་པོ་དེ་འདྲ་ཡོད་པ་མ་རེད། དེང་སྐབས་སྔོན་ཆད་ཡོད་བསྡད་པའི་སྦྱིན་བདག་དེ་ཚོ་ཡང་ཉུང་དུ་འགྲོ་བ་དང་། ཡང་ཁ་ཤས་ཀྱིས་སློབ་ཕྲུག་གྲངས་བརྒྱ་ལ་སྦྱིན་བདག་བྱེད་ཀྱིན་ཡོད་ན། ད་ཆ་ལྔ་བཅུ་ཙམ་ལ་མ་གཏོགས་སྦྱིན་བདག་བྱེད་མི་ཐུབ་པའི་གནས་སྟངས་དེ་འདྲ་ཆགས་འདུག ལོ་ཤས་གོང་ནས་ཨ་རིའི་དཔལ་འབྱོར་ལ་ཉམས་ཆག་བྱུང་སྟབས། སྦྱིན་བདག་གསར་པ་འཚོལ་རྒྱུ་ཏོག་ཙམ་ཁག་ཏུ་ཕྱིན་སོང་། སྔར་སྦྱིན་བདག་ཡོད་ཀྱང་བར་སྐབས་ནས་མཚམས་ཆད་པ་དང་། འཚོ་བའི་དཀའ་ངལ་ད་དུང་ཆེན་པོ་ཡོད་མཁན་མང་པོ་ཞིག་ལ་ང་རང་སྒེར་ངོས་ནས་མུ་མཐུད་དེ་རོགས་རམ་བྱེད་ཀྱིན་ཡོད།

དྲི་བ། རྒན་ལགས་ཀྱི་ངོས་ནས་རོགས་རམ་གནང་སའི་མི་མང་དང་སློབ་ཕྲུག་རྣམས་ལ་རེ་བ་དང་འབོད་སྐུལ་ཞུ་རྒྱུ་དེ་འདྲ་ཡོད་དམ།

ལན། ང་ཚོ་ཚང་མ་ཆོལ་ཁ་དང་ཆོས་ལུགས་ཀྱི་མིང་མི་འདྲ་བ་གང་འདྲ་ཞིག་ནས་ཡིན་ནའང་། བོད་པ་ཡིན་པ་གཅིག་པ་གཅིག་རྐྱང་ཡིན་དུས། ནང་ཁུལ་ལ་འཆམ་པོ་མཐུན་པོ་བྱེད་རྒྱུ་དེ་དོན་དག་གཙོ་བོ་རེད། དེ་ནས་གྲྭ་བཙུན་སློབ་ཕྲུག་སུ་འདྲ་ཞིག་ཡིན་ན་ཡང་། ༧རྒྱལ་བ་རིན་པོ་ཆེ་དང་བོད་མིའི་སྒྲིག་འཛུགས་ལ་ཞབས་འདེགས་ཕྲན་ཙམ་ཡིན་ན་ཡང་བསྒྲུབ་ཨེ་ཐུབ་ལ་འབད་བརྩོན་བྱེད་རྒྱུ་དེ་དོན་དག་གལ་ཆེན་པོ་ཞིག་རེད་ལ། བོད་པ་ཞིག་ཡིན་པའི་ངོས་ནས་ལས་འགན་ཞིག་དང་བཟང་སྤྱོད་ཅིག་ཀྱང་ཆགས་ཀྱི་ཡོད་པ་རེད་བསམ་གྱི་འདུག དེ་ནས་སོ་སོའི་ཆོས་དང་རིག་གཞུང་ལ་བདག་པོ་རྒྱག་རྒྱུ་དེ་གཅིག་རེད། ང་རང་གི་ངོས་ནས་ད་ལྟའི་བར་དུ་རོགས་པ་བྱེད་བསྡད་པའི་རྒྱུ་མཚན་གཙོ་བོ་ཡིན་ན། མི་ཚང་མ་མི་ཚེ་སྐྱིད་པོ་ཞིག་དང་། དོན་དང་ལྡན་པ་ཞིག་སྐྱེལ་ཐུབ་པ་ཡོང་རྒྱུར་ཕན་ཕྲན་ཙམ་ཐོག་རྒྱུར་རེ་བ་དེ་ཡིན། ངའི་ངོས་ནས་ཁོང་ཚོ་ཚང་མར་མི་ཚེ་སྐྱིད་པོ་ཞིག་དང་། བོད་དང་བོད་ཀྱི་རིག་གཞུང་ལ་ཕན་ཐོགས་ཐུབ་མཁན་ཞིག་ཡོང་བའི་སྨོན་ལམ་འདེབས་རྒྱུ་མ་གཏོགས་གཞན་ཞུ་རྒྱུ་མེད།

ས་གནས་གསར་འགོད་པ། སངས་རྒྱས་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

ཆུ་ཚོད་ ༡༧ སྔོན་ལ།
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥

མཆན། 3

  1. ཤག་སྒང་པ། says:
    ལོ་ 12 སྔོན།

    དོན་དམ་གྱི་སྤྱི་ཚོགས་ཞབས་ཞུའི་ཕྱག་ལས་འདི་ལ་བསྟོད་དོ།། བཀྲིས་བདེ་ལེགས།

    Reply
  2. གསེར་འབྲུག་སྡེར་ལྔ་ says:
    ལོ་ 12 སྔོན།

    ལེགས་སོ་ལེགས་སོ། རྗེས་སུ་ཡིད་རང་ངོ། ཐུགས་རྗེ་ཆེ་མ་གཏོག་ཞུ་རྒྱུ་ལྷག་མི་འདུག།

    Reply
  3. བསོད་ནམས། says:
    ལོ་ 12 སྔོན།

    བོད་པའི་བཀའ་བསྟན་འགྱུར་ཕྱི་སྐད་ནང་ཕར་བསྒྱུར་ཏེ་བོད་པའི་རིག་གཞུང་ཕར་འཚོང་པའི་བསམ་བློ་བཏོང་རྒྱུ་ལས། དགེ་བཤེས་དོན་འགྲུབ་རྒྱལ་མཚན་མཆོག་ལྟར་ཐབས་ལམ་སྣ་ཚོགས་བརྒྱུད་དེ་ཕྱི་རྒྱལ་བ་ཚོར་བོད་པའི་སྤྱི་ཚོགས་ནང་གི་ཉམ་ཐག་ཚོར་རོགས་རམ་བྱེད་རྒྱུ་དེ་ཧ་ཅང་རླབས་ཆེན་པོ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese