རྒྱ་ནག་གཞུང་གིས་རྨ་ཆུ་རྫོང་གི་ཆབ་སྲིད་བཙོན་པ་སྒོ་ཤུལ་བློ་བཟང་ལཊ་བཙོན་འཇུག་མནར་གཅོད་བཏང་སྟེ་སྲོག་ཉེན་ཡོད་པའི་གནས་སུ་བསྐྱལ་རྗེས་ཀློད་གྲོལ་བཏང་ཡོད་འདུག
རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༠ ལོའི་ཟླ་ ༥ བར། ༢༠༠༨ ལོའི་རྨ་ཆུ་དབལ་པན་ཡུལ་ཚོའི་ཞི་བའི་ངོ་རྒོལ་གྱི་སྣེ་འཁྲིད་པ་ཡིན་པའི་ཉེས་མིང་འོག་འཛིན་བཟུང་བཙོན་འཇུག་བྱས་པའི་བོད་མི་སྒོ་ཤུལ་བློ་བཟང་ལགས། བཙོན་ཁང་དུ་གཅར་རྡུང་མནར་གཅོད་བཏང་སྟེ་སྲོག་ཉེན་ཡོད་པའི་གནས་སུ་བསྐྱལ་རྗེས། སྔར་ལོའི་ཧོར་ཟླ་ ༡༠ ཚེས་ ༢༧ ཉིན་ཀློད་གྲོལ་བཏང་ཡོད་ཀྱང་། ད་ཆར་ཡང་ཁོང་གི་གཟུགས་པོར་ན་ཟུག་སྐྱེས་པ་དང་། གཟུགས་པོ་སྐམ་པོ་ཆགས་པ་སོགས་ཀྱིས་གསོན་པོར་འདུག་པའི་རེ་བ་མེད་པར་གྱུར་ཡོད་འདུག
སྒོ་ཤུལ་བློ་བཟང་ལགས་ནི་ཀན་ལྷོ་ཁུལ་རྨ་ཆུ་རྫོང་དབལ་པན་ཡུལ་ཚོ་ནས་ཡིན་པ་དང་། ད་ལྟ་རང་ལོ་ ༤༣ ཙམ་ཡིན་འདུག་ལ། ༡༩༩༢ ལོར་རྒྱ་གར་དུ་ཡོང་སྟེ་སུ་ཇྰ་བོད་ཁྱིམ་དུ་སློབ་སྦྱོང་གནང་མྱོང་ཡོད་འདུག ༢༠༠༨ ལོར་རྒྱ་ནག་གཞུང་གིས་ཁོང་ཡུལ་ཚོའི་ཞི་རྒོལ་གྱི་སྣེ་འཁྲིད་པ་ཡིན་ཚུལ་བཤད་དེ་འཛིན་བཟུང་བྱེད་རྩིས་བྱེད་སྐབས། ཉེན་ཡོལ་བྲོས་བྱོལ་བྱས་ཏེ་དུས་ཡུན་གང་འཚམ་རིང་བསྡད་ཡོད་ཀྱང་། ༢༠༡༠ ལོའི་ཟླ་ ༥ བའི་ནང་རྨ་ཆུ་རྫོང་ཉེན་རྟོག་པས་གློ་བུར་འཇུ་བཟུང་གིས་ལོ་དེའི་ཟླ་ ༡༠ བའི་བར་རྫོང་གི་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་འདུག རྗེས་སུ་ལན་ཀྲུའུ་གྲོང་ཁྱེར་གྱི་བཙོན་ཁང་ཞིག་ཏུ་གནས་སྤོར་བཙོན་འཇུག་བྱས་ཡོད་པ་མ་ཟད། སྔ་ཕྱིར་ཉེན་རྟོག་པ་དང་བཙོན་སྲུང་བས་འདྲི་བརྩད་གཅར་རྡུང་རབས་དང་རིམ་པ་བཏང་སྟེ་ནད་པར་བཟོས་པ་དང་། བཙོན་ཁང་དུ་ཟ་མ་ཟ་མ་ཐུབ་པ་དང་སྨན་བཅོས་མཐུན་རྐྱེན་མ་རག་པ་སོགས་ཀྱིས་གཟུགས་པོ་སྐམ་པོ་ཆགས་ཏེ་སྲོག་ཉེན་ཡོད་པའི་གནས་སུ་བསྐྱལ་རྗེས་བཙོན་གྲོལ་བཏང་ཡོད་འདུག
གསར་འགོད་པ། དོན་གོ
དངོས་གནས་སྙིང་ལ་ཚ་ཚེགས་རྒྱུགས་འཇུག་གིན་འདུག