དེ་རིང་སྔ་དྲོའི་ཆུ་ཚོད་ ༧།༠༠ ཙམ་ལ། ༧གོང་ས་མཆོག་གངས་སྐྱིད་གནས་ཆུང་གྲྭ་ཚང་དུ་ཆིབས་སྒྱུར་བསྐྱངས་ཏེ། གནས་ཆུང་ཆོས་སྐྱོང་དང་ལྷ་མོ་ཚེ་རིང་མཆེད་ལྔ་སྤྱན་འདྲེན་ཞུས་ཤིང་། འཆི་མེད་སྲོག་གི་བཅུད་ལེན་རྒྱལ་པོ་ཚེ་ལྷའི་ཚེ་སྒྲུབ་ཀྱི་སྒོ་ནས་ཌཱ་ཀིའི་བསུན་བཟློག་བརྟན་བཞུགས་གྲུབ་རྗེས། ཆུ་ཚོད་ ༡༠།༤༠ སྟེང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང་གསར་པ་དབུ་འབྱེད་རབ་གནས་གནང་སོང་། དེ་དང་མཉམ་དུ་གྲོས་ཚོགས་ཚོགས་རྭའི་ནང་ཕེབས་ཏེ། བོད་མིའི་སྒྲིག་འཛུཊ་ཀྱི་ཁྲིམས་ཞིབ་པ་རྣམ་པ་དང་། སྲིད་སྐྱོང་གཙོས་པའི་བཀའ་བློན་རྣམ་པ། སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་གཙོས་པའི་སྤྱི་འཐུས་རྣམ་པ། ལྷན་ཁང་ཁག་གི་དྲུང་རྣམ་པ་བཅས་ལྷན་བཞུགས་ཐོག་བཀའ་སློབ་གནང་སོང་།
༧གོང་ས་མཆོག་གི་བཀའ་སློབ། ༼ ཐེངས་སྔོན་མ་ང་གྲོས་ཚོགས་ནང་ཡོང་སྐབས་ཆབ་སྲིད་ལས་འགན་འཁུར་བསྡད་ཡོད་པ་རེད། ༢༠༡༡ ལོ་ནས་བཟུང་ངའི་ཆབ་སྲིད་ཀྱི་ལས་འགན་ཆ་ཚང་སྲིད་སྐྱོང་ལ་རྩིས་འབུལ་ཞུས་ཏེ། དུས་དེ་ནས་ང་རང་རྒན་ཡོལ་ཆ་ཚང་ཞུས་བསྡད་པའི་གནས་སྟངས་རེད། དེ་རིང་འདིར་ང་ལ་དམིགས་བསལ་ཞུ་རྒྱུ་གང་ཡང་མེད། ང་ཚོའི་གྲོས་ཚོགས་འདི་བཙན་བྱོལ་ནང་གི་གྲོས་ཚོགས་ཆགས་ཡོད། ང་ཚོ་བཙན་བྱོལ་དུ་འབྱོར་མ་ཐག་ནས་ང་ཚོས་དམངས་གཙོའི་ལམ་སྲོལ་དང་མཐུན་པ་ཞིག་གི་ཐོག་འགྲོ་བར་འབད་བརྩོན་བྱས་པ་རེད། ཐོག་མར་མཱ་སུ་རིའི་ཁ་ཐུག་ནས་སྤྱི་འཐུས་དགོས་པའི་སྐད་ཆ་བཤད་དེ། ད་ལྟ་ང་ཚོའི་ཆབ་སྲིད་ཀྱི་མགོ་ཁྲིད་འོས་བསྡུའི་ལམ་ནས་ཕེབས་པ་དེས་འགན་ཆ་ཚང་འཁུར་བསྡད་ཡོད་པ་རེད། ང་མི་གཅིག་གི་མི་ཚེ་ལ་བསྟུན་མི་དགོས་པ་ཆགས་ཡོད། རིང་ནས་སྙིང་དུ་བརྣག་པའི་འདོད་དོན་གཅིག་སྟེ་དམངས་གཙོའི་ལམ་སྲོལ་ཐོག་འགྲོ་བསྡད་པ་དེ་འདྲ་རེད། དམངས་གཙོ་ལ་ཀ་གསུམ་ཞེས་ལབ་པ་ལྟར་གྲོས་ཚོགས་ཞེ་དྲག་གལ་ཆེན་པོ་རེད། དེ་ནས་ཁྲིམས་ཞིབ་དང་འཛིན་སྐྱོང་བཅས་ཆེ་ཆུང་ལ་མ་ལྟོས་པར་གང་ལྟར་ང་ཚོ་ཕལ་ཆེར་བཙན་བྱོལ་བ་འདྲ་འདྲའི་ནང་ནས་མ་འདྲ་བ་ཞིག་ཆགས་ཏེ་ཡག་ཐག་ཆོད་ཡོད་པ་རེད།
བར་སྐབས་ང་རང་རྒན་ཡོལ་ཕྱིན་པའི་དགེ་སློང་རེད། བོད་མི་ས་ཡ་དྲུག་ནང་གི་མི་གཅིག་ཆགས་བསྡད་ཡོད་པ་རེད། ང་རང་གི་ལས་དོན་འདྲ་བོ་ཞུས་པ་ཡིན་ན། ང་ཚོ་ཚང་མ་སངས་རྒྱས་པའི་ཆོས་བྱེད་མཁན་རེད། ང་ཚོ་ཚང་མས་ཁ་ནས་མ་གྱུར་སེམས་ཅན་ཐམས་ཅད་ཅེས་ཤོད་ཀྱི་ཡོད་པ་ལས་སེམས་ཅན་བྱེ་བྲག་པ་ཞིག་དབྱེ་བ་ཕྱེས་ཏེ་ཤོད་ཀྱི་ཡོད་པ་མ་རེད། དེ་ལྟར་སྨོན་ལམ་རྒྱག་གི་ཡོད་པ་དེ་ཁ་ཡོད་ལག་ཡོད་ཅིག་ཡིན་ན། གོ་སྐབས་གང་དུ་ཡོད་ཀྱང་འབད་བརྩོན་བྱེད་དགོས་པ་ཞིག་རེད། ཚིག་ཙམ་གྱི་ཐོག་བཞག་ན་གནས་ཚུལ་ཁ་ཁ་རེད། དེ་འདྲ་ཡིན་དུས་ང་ཚོ་བཙན་བྱོལ་དུ་བསླེབས་ཏེ་རིམ་པས་མི་མང་པོ་ཞིག་ངོ་ཤེས། ལས་རིགས་སྣ་ཚོགས་དང་ཤེས་ཡོན་ཅན། ཆོས་པ་རིགས་འདྲ་མི་འདྲ་མང་པོ་ཞིག་དང་ཐུག་ཡོང་སྐབས། རང་གཞན་སུ་ཡིན་ཡང་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་མཁན་གཅིག་གྱུར་རེད། འཛམ་གླིང་འདིར་མི་དུང་ཕྱུར་བདུན་ཅུ་ལྷག་ཡོད་པ་རེད། དེ་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་མཁན་ཤ་སྟག་རེད། ཡིན་ནའང་བདེ་བ་སྒྲུབ་སྟངས་དེ་ཕྱིའི་དངོས་པོ་རྐྱང་རྐྱང་ལ་ཁ་ཕྱོགས་བསྡད་ན། ཕྱིའི་དངོས་པ་རྐྱང་རྐྱང་གིས་སེམས་ཀྱི་ཞི་བདེ་བསྒྲུབ་ཐུབ་མེད་པ་ཞིག་རེད། ད་དུང་འདོད་རྔམ་ཆེ་རུ་ཕྱིན། ཕྲག་དོག་དང་འགྲན་སེམས་ཆེ་རུ་ཕྱིན། འདི་ལྟར་བལྟས་ཡོང་དུས་མི་འབྱོར་ལྡན་དང་ནུས་པ་ལྡན་པ་ཞིག་ཡིན་ཡང་ལྷོད་ལྷོད་བྱས་ཏེ་སྐད་ཆ་བཤད་སྐབས། ཁོང་ཚོའི་སེམས་ནང་མ་སྐྱིད་པ་ཡོང་གི་ཡོད་པ་དེ་གཙོ་བོ་སེམས་ཀྱི་ཞི་བདེ་མེད་པ་ཞིག་མཐོང་གི་འདུག ང་ཐོག་མ་ ༡༩༧༣ ལོར་ཡུ་རོབ་དུ་བསླེབས་པ་རེད། དེ་དུས་ངས་སྤྱི་སེམས་འཁུར་རྒྱུ་གལ་ཆེན་པོ་རེད་ཅེས་བཤད་རྒྱུ་བྱུང་། དེ་ནས་རིམ་པས་ང་རང་མི་གཅིག་གི་ངོས་ནས་ག་ཚོད་ཐུབ་ཐུབ་ཀྱིས་མི་ལ་ཕན་པ་བྱེད་རྒྱུ་ཞིག་བྱུང་ན། མ་གྱུར་སེམས་ཅན་ཐམས་ཅད་ཅེས་སྨོན་ལམ་རྒྱག་གི་ཡོད་པ་དེ་ལག་ལེན་ཁེལ་གྱི་ཡོད་པའི་བཟོ་འདྲ་བོ་ཞིག་ཆགས་ཀྱི་ཡོད།
གང་ལྟར། རིམ་པ་དང་པོ་ང་རང་མི་གཅིག་ཡིན་པའི་ངོས་ནས་མིའི་བདེ་སྐྱིད་ཅེས་པ་དེ་གཙོ་བོ་ནང་སེམས་ཀྱི་བདེ་སྐྱིད་གལ་ཆེན་ཡིན་པ་དང་། ནང་སེམས་ཀྱི་བདེ་སྐྱིད་དེ་ཡང་ཆོས་དད་ཡོད་མེད་གང་ལྟར་ཡང་ང་རང་ཚོ་ཆུང་དུས་ཕ་མས་ཅི་ཙམ་གྱིས་བརྩེ་བས་བསྐྱངས་པ་དེས་ཚོད་ཀྱིས་བུ་རང་ཉིད་ཀྱི་སེམས་ནང་དགའ་སྣང་དང་སྐྱིད་སྣང་ཡོང་གི་ཡོད་པ་རེད། དེར་བརྟེན། བྱམས་བརྩེ་ཞེས་པ་དེ་ནང་ཆོས་འདྲེས་བསྡད་པ་ཞིག་རེད། བར་སྐབས་ཤིག་ནས་ཚན་རིག་པ་ཚོས་ཚན་རིག་གི་ཐོག་ནས་བརྟག་དཔྱད་ཞིབ་འཇུག་བྱས་ཡོང་སྐབས། བྱམས་བརྩེ་ཞེས་པ་དེ་ལུས་བདེ་བོ་དང་ཁྱིམ་ཚང་སྐྱིད་པོ། སྤྱི་ཚོགས་འཆམ་མཐུན་ཡོང་བ་ཞིག་ཡིན་པར་ཚན་རིག་པ་ཚོས་ཀྱང་རྒྱབ་སྐྱོར་བྱས་ཏེ་བཤད་བསྡད་ཡོད་པ་རེད། དེར་བརྟེན། རིམ་པ་དང་པོ་དེ་མི་ཞིག་ཡིན་ཕྱིན་ཆད་ལ་མིའི་རྣམ་དཔྱོད་ཀྱི་ནུས་པའི་ཐོག་ནས་སེམས་ཀྱི་ཞི་བདེ་བསྒྲུབ་རྒྱུ་དེ་ངས་རིམ་པ་དང་པོ་བྱེད་ཀྱི་ཡོད།
རིམ་པ་གཉིས་པ་དེ་ང་ནང་པ་ཞིག་རེད། ནང་པའི་དགེ་སློང་ཞིག་རེད། བཅོམ་ལྡན་འདས་ཀྱིས་ཁམས་དང་མོས་པར་བསྟུན་ཏེ་ཐེག་པ་མི་འདྲ་བ་དང་ལྟ་གྲུབ་མི་འདྲ་བ་གསུངས་ཡོད་པ་རེད། དེ་གང་རེད་ཟེར་ན། གང་ཟག་བྱེ་བྲག་པ་སོ་སོའི་ཁམས་དང་མོས་པ་དེ་གལ་ཆེན་པོ་ཞིག་ཏུ་གཟིགས་ཏེ། སྙིང་སྟོབས་ཆེ་ཆུང་གི་ཐོག་ནས་ཐེག་པ་རིམ་པ་མི་འདྲ་བ། བློ་དང་རྣམ་དཔྱོད་ཆེ་ཆུང་གི་ཐོག་ནས་གྲུབ་མཐའ་མི་འདྲ་བ་དེ་དག་གསུངས་པ་རེད། དེ་ལ་བསམ་བློ་ཞིག་བཏང་ཡོང་དུས་འཛམ་གླིང་འདིར་ལོ་སྟོང་ཕྲག་གཉིས་གསུམ་ནང་ཡུལ་དུས་གནས་ཚུལ་མི་འདྲ་བ་རེ་རེའི་འོག་ནས་ཆོས་ལུགས་ལྟ་གྲུབ་མི་འདྲ་བ་མང་པོ་བྱུང་ཡོད། དེ་དག་ཚང་མས་བྱམས་པ་དང་བརྩེ་བ་ཞེས་གཅིག་གྱུར་ཤོད་ཀྱི་ཡོད། ལག་ལེན་འཁེལ་མིན་གནས་ཚུལ་ཁ་ཁ་རེད། གཞི་རྩའི་ཆ་ནས་བྱམས་བརྩེ་ཤོད་ཀྱི་ཡོད་སྟབས་ང་ཚོ་ཚང་མར་ཐུན་མོང་གི་ཉམས་ལེན་བྱེད་རྒྱུ་ཞིག་ཡོད་པ་རེད། ལྟ་གྲུབ་མི་འདྲ་བ་དེ་དགོས་ཀྱི་ཡོད་པ་རེད། ནང་པ་རང་གི་ནང་དུའང་ལྟ་གྲུབ་མི་འདྲ་བ་ཡོང་གི་ཡོད། སེམས་འདུལ་བ་ལ་བྱམས་པ་དང་བརྩེ་བ། བཟོད་པ། ཆོག་ཤེས་སོགས་རང་རྒྱུད་སྲུང་བྱེད་གཅིག་གྱུར་ཡིན་སྟབས། ཆོས་ལུགས་མཐུན་སྒྲིལ་བྱེད་པའི་གཞི་རྩ་འདུག མཐུན་སྒྲིལ་དགོས་ཀྱི་འདུག ཆོས་ལུགས་མཐུན་སྒྲིལ་མེད་པའི་རྐྱེན་གྱིས་མི་མང་པོ་ཞིག་དོན་མེད་སྲོག་འགྲོ་བཞིན་ཡོད། སྤྱིར་འཛམ་གླིང་འདིའི་ཐོག་འཁྲུག་པ་རྒྱག་པའི་གཞི་རྩ་མང་པོ་ཡོད་པ་རེད། དཔལ་འབྱོར་དང་ཆབ་སྲིད། དབང་ཆའི་འཐབ་རྩོད་སོགས་མང་པོ་ཡོད། དེ་དག་ཡོད་པའི་ཐོག་ལ་ཆོས་ལུགས་ཀྱང་འཐབ་རྩོད་ཁྲོད་ཕྱིན་པ་ཡིན་ན་ཧ་ཅང་ཐབས་སྐྱོ་བོ་རེད། ཤིན་ཏུ་མ་འོས་པ་རེད། དེར་བརྟེན་ཆོས་ལུགས་མཐུན་སྒྲིལ་ཡོང་རྒྱུ་དེ་ངས་དུས་ད་ལྟའི་བར་དུ་འབད་བརྩོན་བྱེད་བསྡད་པ་ཞིག་ཡིན། དེ་ཡང་མི་འགྲུབ་པ་ཞིག་དང་མི་ཡོང་བ་ཞིག་ལ་ཨུ་ཚུགས་རྒྱག་གི་མེད། རྒྱ་གར་དཔེ་མཚོན་ཞིག་རེད། མི་འབོར་མང་པོ་ཡོད་པའི་ལུང་པ་འདིའི་ནང་ལོ་སྟོང་ཕྲག་གསུམ་རིང་ཆོས་བརྒྱུད་མང་པོ་ཞེ་དྲག་ཡོད། དེ་དག་གིས་ཆོས་གཅིག་དང་ལྟ་གྲུབ་གཅིག་གི་སྐད་ཆ་མེད་པར། ཆོས་ལུགས་མི་འདྲ་བ་དེ་དག་གིས་གཅིག་གིས་གཅིག་ལ་ངོས་འཛིན་ཡོད་པའི་ཐོག་ནས་འགྲོ་བསྡད་ཡོད། རེ་ཟུང་གི་ཐོག་ནས་རྙོག་གྲ་ཕྲན་བུ་ཡོང་གི་ཡོད་ཀྱང་། སྤྱིའི་ཆ་ནས་རྒྱ་གར་ཆོས་ལུགས་མཐུན་སྒྲིལ་ཡོང་བར་ཚད་འཛིན་ས་ཞིག་རེད། དེར་བརྟེན། ངས་ཆོས་ལུགས་མཐུན་སྒྲིལ་ཐོག་གང་ཐུབ་ཐུབ་བྱས་བསྡད་པ་དེ་གང་ལ་གང་འཚམ་ཕན་ཐོགས་བྱུང་ཡོད། ནང་པ་ཞིག་ཡིན་པའི་ངོས་ནས་ང་རང་གིས་དེ་ལྟར་འབད་བརྩོན་བྱེད་བསྡད་ཀྱི་ཡོད།
དེ་ནས་ང་རང་བོད་པ་རེད། ང་བོད་པ་ཞིག་ཡིན་པའི་ངོས་ནས་ངས་ཆབ་སྲིད་ཀྱི་ལས་འགན་བཞག་ཚར་བ་རེད། ཡིན་ནའང་བོད་པ་ཞིག་ཡིན་པའི་ངོས་ནས་བོད་མི་རིགས་ཀྱི་རིག་གཞུང་དང་། བོད་མི་རིགས་ཀྱི་སྐད་ཡིག་ཐོག་སྐད་ཆ་བཤད་བསྡད་ཡོད། སངས་རྒྱས་པའི་ཆོས་བོད་ལ་དར། རྒྱ་གར་ནས་སངས་རྒྱས་པའི་གཞུང་མང་པོ་ཞིག་བསྒྱུར་བ་དང་བསྟུན་ཏེ། བོད་ཡིག་ཀྱང་མུ་མཐུད་ཡར་རྒྱས་ཕྱིན་ཏེ། གང་ལྟར་བོད་ཡིག་དེ་ལེགས་སྦྱར་སྐད་དང་མིང་ཚིག་རེ་རེ་བཞིན་མཉམ་དུ་འགྲོ་ཐུབ་པ་ཞིག་ཆགས་འདུག འཛམ་གླིང་འདིར་དད་པ་ཙམ་མིན་པར་རིག་པའི་ཐོག་འགྲོ་བསྡད་པ་དེ་དཔལ་ན་ལནྚའི་ཆོད་ཚུལ་དེ་ཧ་ཅང་ཡག་པོ་རེད། བཅོམ་ལྡན་འདས་རང་གིས་དགེ་སློང་དག་དང་མཁས་རྣམས་ཀྱིས།། བསྲེག་བཅར་བརྡར་བའི་གསེར་བཞིན་དུ།། ལེགས་པར་བརྟག་ལ་ང་ཡི་བཀའ།། བླངས་བར་བྱ་ཡི་གུས་ཕྱིར་མིན།། ཞེས་འཛམ་གླིང་ཐོག་གི་ཆོས་ལུགས་ཚང་མ་ཡག་པོ་རེད་གསུང་མཁན་བཅོམ་ལྡན་འདས་མ་གཏོགས་བྱུང་མི་འདུག་གཱ བཅོམ་ལྡན་འདས་རང་ཉིད་ཀྱི་བཀའ་ལ། ཡིད་ཆེས་བྱས་ཏེ་གཞན་ལ་ཁས་ལེན་བྱེད་དགོས་པ་མ་རེད། ངས་བསྟན་བཞག་པ་དེར་རྒྱུ་མཚན་ལྡན་མིན་བརྟག་དཔྱད་བྱོས། དེ་ཙམ་དུ་མ་ཟད་ལག་ལེན་གྱི་ཐོག་ནས་ཚོད་ལྟ་བྱས་ཏེ། རྒྱུ་མཚན་ལྡན་པ་ཞིག་དང་ཚོད་ལྟ་བྱས་ཏེ་ཕན་ཐོགས་ཡོད་པ་ཞིག་བྱུང་ན་ཁས་ལེན་བྱོས་གསུངས་འདུག དེ་ཧ་ལས་པའི་སྤོབས་པ་རེད། དེར་བརྟེན་ན་ལནྚའི་མཁས་པ་ཀླུ་སྒྲུབ་སོགས་ཀྱིས་ཀྱང་བཅོམ་ལྡན་འདས་ཀྱི་བཀའ་སྒྲ་ཇི་བཞིན་ཁས་ལེན་རུང་དང་མི་རུང་དཔྱད་པ་བཏང་སྟེ། འགའ་རེ་སྒྲ་ཇི་བཞིན་མ་རེད། དགོས་པས་དབང་དུ་གསུངས་པ་རེད་ཅེས་གཏན་ལ་ཕབ་འདུག
དེར་བརྟེན། དཔལ་ལནྚའི་ཆོས་བརྒྱུད་ཟབ་ཅིང་བརླིང་པ། མིའི་རྣམ་དཔྱོད་ཕུལ་དུ་བྱུང་བའི་ཐོག་ནས་བྱུང་བསྡད་པའི་ལྟ་གྲུ་དེ་བོད་ཡིག་ནང་ནས་ཆ་ཚང་འགྲེལ་བཤད་རྒྱག་ཐུབ་པ་རེད། ཁ་སང་དེ་རིང་འཛམ་གླིང་འདིར་དཔལ་ན་ལནྚའི་ཆོས་བརྒྱུད་ལ་གཏིང་ཟབ་མོའི་ཐོག་ནས་འགྲེལ་བཤད་རྒྱག་དགོས་བྱུང་ན་བོད་སྐད་ལ་བརྟེན་དགོས་པ་རེད་མ་གཏོགས་ལེགས་སྦྱར་སྐད་ལ་མཁས་པ་རེ་གཉིས་མ་གཏོགས་ཡོད་པ་མ་རེད། ཧིན་རྡུ་དང་དབྱིན་ཇི་སོགས་ཀྱི་ནང་དེ་བས་ཀྱང་ཡོད་པ་མ་རེད། ཡོང་དགོས་ན་རྒྱ་ཡིག་ནང་ཡོང་དགོས་པ་ཞིག་ཡིན་ཡང་། རྒྱ་ནག་གི་འགྱུར་དང་བོད་ཡིག་གི་འགྱུར་གཉིས་བསྡུར་ཡོང་སྐབས་བོད་ཡིག་གི་འགྱུར་དེ་དག་པ་ལྟ་བུ་རེད། ང་ཚོའི་ཆོས་རྒྱལ་ཚོའི་སྐབས་སུ་རྒྱ་ནག་དང་གཉེན་འབྲེལ་སོགས་ཀྱི་འབྲེལ་བ་ཡོད་པ་རེད། ལྷ་སའི་ཇོ་བོ་ཆ་བཞག་ནའང་རྒྱ་ནག་ནས་གདན་འདྲེན་ཞུས་པ་རེད། ཡིན་ནའང་། ནང་པའི་ཆོས་ལུགས་ལ་ཆ་བཞག་ན་ཆུ་མགོ་གངས་ལ་གཏུག་ཟེར་བ་ལྟར་རྒྱ་གར་རང་ལ་ཐུག་ཡོད་པ་རེད། ང་རང་ལོ་ ༥༠ ལྷག་རིང་འཛམ་གླིང་གི་ནང་པའི་ལུང་པ་འདྲ་མིན་གྱི་མཁས་པ་ཚོ་གོ་བསྡུར་བྱས་ཡོང་སྐབས། དངོས་གནས་ང་ཚོ་བོད་པར་ཡོད་པའི་སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ་དེ་སོ་སོ་རང་ལ་སྤོབས་པ་སྐྱེས་པ་དེ་འདྲ་ཞིག་འདུག ཕྱོགས་གཅིག་ནས་ང་ཚོར་ཡི་གེ་ཡོད་པ་རེད། གཉིས་ནས་ཡི་གེའི་ནང་ནས་བརྗོད་བྱ་གཏིང་ཟབ་པོ་དེ་འདྲ་བཤད་ཐུབ་པ་ཞིག་རེད། དེ་ང་ཚོ་བོད་པའི་གཅེས་ནོར་རེད། ནང་གི་ནོར་བུ་ཟེར་ན་དེ་རེད། ཕྱི་ལ་ངོམ་རྒྱུ་ཟེར་ནའང་དེ་རེད། ང་མཁས་པ་དང་ཚན་རིག་པ་མང་པོར་ཐུག་སྐབས་ཉམས་དམའ་མི་དགོས་པ་ཞིག་དང་འདྲ་མཉམ་གྱིས་སྐད་ཆ་བཤད་ཐུབ་པ་ཞིག་ཡོང་གི་འདུག དེ་ང་ལ་རྣམ་དཔྱོད་ཆེན་པོ་ཡོད་ཟེར་གྱི་མེད། ང་ཚོ་བོད་ལ་ཡོད་པའི་གཞུང་ཆེན་དེ་དག་སློབ་སྦྱོང་དང་། ལྷག་པར་རིག་ལམ་གྱི་ཐོག་ནས་དཔྱད་པ་ཤུགས་ཆེན་བྱས་བའི་བཀའ་དྲིན་རེད། དེ་རྒྱ་ཡིག་དབྱིན་ཡིག་གང་ལའང་བརྟེན་དགོས་པ་མ་རེད། བོད་ཡིག་མི་ཤེས་ན་དེ་རེད་མ་གཏོགས་དེ་དག་ཚང་མ་ང་ཚོའི་བོད་ཡིག་ནང་ཡོད་པ་རེད། འདི་དངོས་ནས་བོད་པའི་གཅེས་ནོར་རེད། འཛམ་གླིང་སྤྱི་ལ་ངོམ་ཆོག་པ་ཞིག་རེད་འདུག དེ་ང་རང་གི་ངོ་སྤྲོད་བྱེད་རྒྱུ་དེ་རེད།
ངས་ནམ་རྒྱུན་བཤད་བསྡད་ཡོད། ང་ཚོས་ཆོས་བཤད་སྟངས་དེ་སྤོ་བོ་རྨོ་མོ་ཚོར་ཞེད་སྣང་སྐུལ་བ་ལྟ་བུ་ཞིག་བཤད་ན། དེ་སངས་རྒྱས་པའི་ཆོས་ཀྱི་དགོངས་པ་དང་མཐུན་གྱི་མི་འདུག སངས་རྒྱས་ཀྱི་ཆོས་བཤད་སྟངས་དེས་མི་ལ་སྤྲོ་བ་དང་སྤོབས་པ་སྐྱེས། དགའ་བཞིན་སྤྲོ་བཞིན་ཉམས་ལེན་བྱེད་དགོས་པ་ཞིག་རེད་མ་གཏོགས། དེ་ལྟར་མ་བྱས་ན་དམྱལ་བ་ནས་སྐྱེ་གི་རེད་ཟེར་ནས་ཞེད་སྣང་སྐུལ་ན་ཆོས་བཤད་སྟངས་མ་རེད། ཆོས་ལུགས་གཞན་ནང་ཞེད་སྐུལ་ནས་ཆོས་བཤད་སྟངས་དེ་འདྲ་འདུག སངས་རྒྱས་ཀྱི་ཆོས་དེ་སྤྲོ་སྣང་ལྡན་པ་ཞིག་དང་། མཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཟེར་བ་དེ་ཡོང་སྲིད་པ་ཡིན་པ་དེ་བཅོམ་ལྡན་འདས་ཀྱིས་གསུངས་པ་རེད་ཟེར་ན་འགྲིག་གི་མ་རེད། བདེན་པ་གཉིས་ལ་བརྟེན་ནས་བསམ་བློ་གཏོང་དགོས་པ་ཞིག་ཆགས་ཡོད། ཞིབ་ཚགས་པོའི་ཐོག་འགྲོ་དགོས་པ་ཞིག་རེད།
ང་ཚོ་བོད་མི་རིགས་ལ་ཆ་བཞག་ན། བོད་སིལ་བུར་འཐོར་རྗེས་བོད་སྐྱོ་བོ་ཞེ་དྲག་ཆགས་པ་རེད། ཆབ་སྲིད་ཀྱི་ཐད་ནས་སྐྱོ་བོ་ཆགས་ཡོད་ཀྱང་། བོད་མི་རིགས་ཀྱི་ཞེན་ཁོག་དང་ལྟ་གྲུབ་ཟིན་བསྡད་པ་དེ་ཆོས་ཕྱོགས་ཀྱི་ཐོག་ནས་ཟིན་འདུག ཆོལ་ཁ་གསུམ་གྱི་བོད་རིགས་ཡོངས་སུ་རྫོགས་པ་དེར་སྐད་གདངས་མི་འདྲ་བ་ཡོད་ཀྱང་ཡི་གེ་གཅིག་པ་རེད། བཀའ་འགྱུར་བསྟན་འགྱུར་གཅིག་རང་འདོན་གྱི་ཡོད་པ་རེད། བོད་རྡོག་རྡོག་གཅིག་ཏུ་བསྒྲིལ་ཡོད་པ་དེ་སྐད་ཡིག་གིས་བྱས་འདུག དེ་ཆབ་སྲིད་མིན་ཡང་ཆབ་སྲིད་ཀྱི་རྩ་བ་བྱས་འདུག དེར་བརྟེན། ང་ཚོ་བོད་པ་ཞིག་ཡིན་པའི་ངོས་ནས་བོད་ཀྱི་ཆོས་དང་རིག་གཞུང་དེ་དངོས་གནས་དྲང་གནས་འཛམ་གླིང་སྤྱི་ལ་ཕན་ཐོགས་བྱེད་པའི་ནུས་པ་ཡོད་པའི་རང་གི་གཅེས་ནོར་དེ་ངོ་ཤེས་པ་བྱས་ཏེ། དེ་ལ་བདག་པོ་རྒྱག་རྒྱུ་དང་བདག་པོ་རྒྱག་རྒྱུ་ཟེར་བ་དེ་ཡང་མཆོད་བཤམ་ནང་གི་སྐུ་གསུང་ཐུགས་རྟེན་ལྟར་འཇོག་རྒྱུ་དེ་མ་རེད། སེམས་ནང་ནས་བདག་པོ་རྒྱག་དགོས་པ་རེད། སངས་རྒྱས་ཀྱི་ཆོས་ལ་སློབ་སྦྱོང་བྱས་ཏེ་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཤེས་པ་ཞིག་བྱུང་ན་བདག་པོ་བརྒྱབ་པ་རེད། དེ་ངའི་ལས་འགན་གཙོ་བོ་ཞིག་ལ་བཤད་བསྡད་ཡོད།
བོད་པའི་ཆབ་སྲིད་ལ་ཆ་བཞག་ན་ཡང་། རྩ་བའི་བོད་པའི་ཆོས་དང་རིག་གཞུང་གཏིང་ཟབ་པོ་ཡོད་པ་དེ་དག་མ་བརླག་པར་ཡག་པོ་འཛིན་ཐུབ་ན། བོད་པའི་ཆབ་སྲིད་ཀྱི་སྟོབས་ཤུགས་དེའི་ནང་སླེབ་ཡོང་གི་ཡོད་པ་རེད། ༡༩༧༣ ལོར་ང་ཐོག་མར་ཡུ་རོབ་ནང་ཕྱིན་པ་རེད། སྐབས་དེར་རྟ་ར་འདས་པོ་ཁོང་ཡོད་པ་རེད། བོད་པའི་ཆབ་སྲིད་ཀྱི་གནས་ཚུལ་ཚིག་གཅིག་བཤད་མེད། སྤྱི་སེམས་དབྱིན་ཡིག་ནང་ (Universal Responsibility)ཟེར་བ་དེ་བཤད་པ་རེད། ཁོང་ཚོ་ཁ་ཤས་ཀྱིས་སྐབས་དེར། ངས་ཆབ་སྲིད་སྐོར་བཤད་མ་སོང་། ཆབ་སྲིད་བཤད་དགོས་པ་རེད། ཅེས་ཤོད་མཁན་བྱུང་པ་རེད། དེ་དུས་རྟ་ར་བ་ལགས་ཀྱིས། ‘བོད་ཀྱི་ཆབ་སྲིད་ཟེར་ནས་བཤད་ཡོད་པ་མ་རེད་དེ། (Universal Responsibility )ཟེར་བ་དེ་ཆབ་སྲིད་ཆེན་པོ་རེད་དཱ’ ཅེས་ལབ་སོང་། གང་ལྟར་ང་ད་ལྟ་རྒན་ཡོལ་ཕྱིན་ཏེ། འཛམ་གླིང་སྤྱི་ལ་ལས་ཀ་བྱེད་པ་དང་གཅིག ཆོས་ལུགས་མཐུན་བསྒྲིལ་ཐོག་ལས་ཀ་བྱེད་པ་དང་གཉིས། བོད་མི་ཞིག་ཡིན་པའི་ངོས་ནས་བོད་པའི་རྣམ་པ་དང་མི་རིགས་ཀྱི་ངོ་བོ་མི་བརླག་པའི་ཐོག་ཤུགས་རྒྱག་གི་ཡོད། དེ་དོན་གྱི་ཐོག་ནས་བོད་བསྟན་སྲིད་སྤྱི་ལ་ཕན་གྱི་ཡོད་པ་རེད། དེ་མཁྱེན་སོང་ངམ། གཞན་ང་ལ་བཤད་རྒྱུ་དམིགས་བསལ་མི་འདུག
ང་ཚོ་བཙན་བྱོལ་གྲོས་ཚོགས་ཚུགས་ནས་ལོ་ཡུན་འདིའི་རིང་ལ་ཕྱི་ལོགས་སུ་པར་བསྒྲིགས་ཡོད་པ་དེ་རེད། མི་མང་པོ་ཞིག་འདས་ཚར་བ་རེད། ཚང་མས་ཧུར་ཐག་འབད་ཐག་བྱས་པ་རེད། མི་དེ་དག་གསོན་པོར་གནས་ཡོད་པ་མ་རེད་དེ། ཁོང་ཚོས་དཀའ་ལས་བརྒྱབ་པའི་བྱས་རྗེས་བསྡད་ཡོད་པ་རེད། ང་ཚོ་བཙན་བྱོལ་སྒྲིག་འཛུགས་འདི་འདྲ་ཞིག་ཡོང་བསྡད་པ་དེ་མི་ཐོག་ནས་མི་ཐོག་ལ་འབད་བརྩོན་དང་དཀའ་ལས་བརྒྱབ་ནས་བྱུང་བ་རེད་མ་གཏོགས་གློ་བུར་དུ་བྱུང་བ་ཞིག་མ་རེད། དེར་བརྟེན། འདས་པོ་ཚོའི་བཀའ་དྲིན་རྗེས་སུ་དྲན་དགོས་པ་རེད། བཀའ་དྲིན་རྗེས་དྲན་དང་། ང་ཚོ་ཆོས་པ་ཞིག་ཡིན་པའི་ངོས་ནས་སྨོན་ལམ་རྒྱག་རྒྱུ་ལས་གཞན་བྱེད་རྒྱུ་མི་འདུག དེ་བཞིན། འཛིན་སྐྱོང་ལ་མཚོན་ན། ཐོག་མ་མཱ་སི་རི་ནས་བཀའ་བློན་ཁ་ཤས་ཤིག་ཡོད་པ་རེད། དེ་ནས་མི་ཐོག་མང་པོ་ཕྱིན་ཚར་བ་རེད། ཚང་མས་ཧུར་ཐག་འབད་ཐག་གིས་དཀའ་ལས་བརྒྱབ་པ་རེད། དེ་དག་ལ་ང་ཚོས་ཕྱིར་དྲན་བྱེད་དགོས་པ་རེད། པར་རྙིང་པ་དེ་དག་མཐོང་སྐབས་ང་རང་ཡང་རྒན་པོ་ཆགས་འདུག་བསམ་པ་དྲན་ཡོང་གི ལོ་གཅིག་གཉིས་ནས་ང་རང་ལོ་བརྒྱད་ཅུའི་མཚམས་སུ་བསླེབ་ཡོང་གི་ཡོད། མི་ཚེ་མང་ཆ་བ་རྫོགས་ཚར་བ་རེད། མི་ཚེའི་འཕྲོས་ལོ་བཅུ་དང་བཅོ་ལྔ། ཉི་ཤུ་ཙམ་སྡོད་ཀྱི་ཡོད་འགྲོ དེ་སྡོད་མི་སྡོད་ཐེ་ཚོམ་རེད། ཁྱེད་རང་ཚོ་མི་ཐོག་གསར་པ་ལོ་གཞོན་པ་ཚོས་འགན་འཁུར་བའི་དུས་ཚོད་རེད། ད་བར་འགན་འཁུར་གྱི་ཡོད་པ་རེད། མུ་མཐུད་དུ་ཧུར་ཐག་གནང་རོགས།
ང་ཚོའི་འཐབ་རྩོད་དེ་ཡང་ལོ་རྒས་བཞིན་ཡོད་པ་རེད། འཛམ་གླིང་སྤྱི་ཡོངས་ཀྱི་ཐོག་ནས་ཀྱང་རྒྱ་ནག་རྒྱལ་ཁབ་ལ་བསྟུན་མཁས་བྱེད་དགོས་པ་དང་རེ་དགོས་པའི་གནས་སྟངས་དེ་འདྲའི་འོག་གནས་ཡོད་སྟབས། ང་རང་ཚོའི་ངོས་ནས་ཀྱང་དངོས་ཡོད་གནས་ཚུལ་དང་འཚམ་པ་ཞིག་གི་ཐོག་ནས་འགྲོ་དགོས་པ་གལ་ཆེན་པོ་རེད། འཛམ་གླིང་ཐོག་སུ་ཞིག་གིས་བལྟས་ཀྱང་། བོད་པའི་ངོས་ནས་ལྷག་བསམ་རྣམ་དག་བྱས་སོང་། དངོས་ནས་རྒྱུ་མཚན་ལྡན་པ་ཞིག་བྱས་སོང་། ཁག་མེད་ཟེར་བ་ཞིག་དགོས་པ་རེད། བོད་པ་ཧམ་པ་ཚ་དྲག་སོང་། བྱེད་སྟངས་མི་མཁས་པ་བྱུང་སོང་ཞེས་བཤད་རྒྱུ་མེད་བསྡད་པ་ཞིག་དགོས་པ་དེ་གལ་ཆེན་པོ་རེད། དེ་བྱུང་ན་ང་ཚོའི་བདེན་པའི་བདེན་རྒྱབ་མུ་མཐུད་སྡོད་ཀྱི་རེད། ལྷག་པར་དུ་རྒྱ་རིགས་མི་མང་ནང་ང་ཚོའི་བདེན་རྒྱབ་དེ་འདས་པའི་ལོ་ཁ་ཤས་ནང་ཇེ་ཆེར་འགྲོ་བསྡད་ཀྱི་འདུག དེར་བརྟེན། ང་ཚོ་ཚང་མས་ཕྱོགས་ཡོངས་ཀྱི་གནས་ཚུལ་གཟིགས་པའི་ཐོག་ནས་འབད་བརྩོན་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སོ་སོའི་འདོད་རྔམ་རྐྱང་རྐྱང་གི་ཐོག་ནས་འདི་དགོས་པ་རེད་ཅེས་ལབ་པ་ཡིན་ན། སོ་སོ་སྒེར་གྱི་ཐོག་ནས་སྨྲ་བརྗོད་རང་དབང་རེད། ག་རེ་བཤད་ན་ཁྱད་པར་མི་འདུག ངོ་གདོང་ལག་ལེན་གྱི་ཐོག་ནས་ཁྱེད་རང་ཚོ་གྲོས་ཚོགས་ཚོགས་མི་མང་པོ་ཞིག་ཡོད་པ་རེད། ཚང་མས་དངོས་ཡོད་གནས་ཚུལ་ལ་རན་པ་ཞིག་དང་། འཕྲལ་ཕུགས་རྒྱང་གསུམ་ལ་བོད་རྒྱ་ཆེ་མི་མང་ས་ཡ་དྲུག་ལ་གྱོང་མ་རག་པ་ཞིག་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བོད་རྒྱ་ཆེ་མི་མང་ལ་རང་དབང་གི་ཐོག་ནས་དབུགས་གཏོང་ལེན་མེད་པ་ཞིག་ཆགས་བསྡད་ཡོད་པ་རེད། དེ་དག་ང་རང་ཚོས་ཇི་ལྟར་བསྐྱབ་ཐུབ་པ་ཞིག་དང་སྲུང་ཐུབ་པ་ཞིག་འདུག དེ་ཡོང་བར་གཙོ་བོ་རྒྱ་རིགས་མང་ཚོགས་ནང་ང་ཚོའི་བོད་པར་ཤ་ཚ་དང་གདུང་སེམས་མཉམ་སྐྱེད་ཡོང་བསྡད་པ་དེ་དག་ཧ་ཅང་གལ་ཆེན་པོ་རེད། དེ་དག་དགོངས་པར་བཅངས་ཏེ་ཧུར་ཐག་གནང་རོགས།༽ ཞེས་གསུངས་སོང་།
མཇུག་ཏུ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཐུགས་རྗེ་ཆེ་ཞུའི་གསུངས་བཤད་གནང་དོན། “ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང་དང་ཁང་པ་གསར་རྒྱག་ཉམས་གསོའི་ལས་གཞི་ལེགས་འགྲུབ་ཟིན་པའི་རྗེས་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན། འཛམ་གླིང་ཞི་བདེ་དེད་དཔོན་(འདིའི་བར་དུ་༧གོང་ས་མཆོག་གིས་ཀུ་རེའི་ཚུལ་དུ་‘འཛམ་གླིང་ཞི་བདེ་དེད་དཔོན། བོད་ཀྱི་ལུང་པ་སྐྱེལ་མཁན’ ཞེས་བཞད་མོ་དང་སྦྲགས་ནས་གསུངས་སོང་།)སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་ཞལ་བཞེས་གནང་སྟེ། དེ་རིང་ཚོགས་ཁང་དུ་ཆིབས་བསྒྱུར་གནང་བ་དང་། བླངས་དོར་ལམ་སྟོན་བཀའ་སློབ་གནང་བར། ངས་གྲོས་ཚོགས་ཚོགས་ཁང་འདིའི་ནང་ཡོད་པའི་དམངས་གཙོ་ཀ་བ་གསུམ་ཚང་མའི་ཚབ་བྱས་ཏེ་སྙིང་ཐག་ནས་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། དེ་བཞིན། ང་ཚོར་ཕྱིའི་སྣོད་ཁང་པ་དེ་ཡག་པོ་ཞིག་གྲུབ་པ་རེད། ཡིན་ནའང་ལས་དོན་གྱི་ཐོག་ལ་འཛིན་སྐྱོང་བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས། ཁྲིམས་ལུགས་དབང་འཛིན་བཅས་ཀྱི་ཐོག་ནས་གང་ཐུབ་ཅི་ཐུབ་ཀྱིས་སྦྱི་དོན་རང་གི་ཐོག་ལ་ནུས་པ་སྤུངས་ཐུབ་པའི་ཐོག་ལ། རྒྱལ་བ་རིན་པོ་ཆེ་འདིར་བཞུགས་པའི་མདུན་ནས་དམ་བཅའ་ཕུལ་བ་ཡིན།” ཞེས་གསུངས་སོང་།
གསར་འགོད་པ། དོན་གོ
༧གོང་ས་མཆོག་གིས་དོན་གྱི་སྙིང་བོ་ག་རེ་གསུངས་འདུག་ཟེར་ན། ” སྲིད་སྐྱོང་མཆོག སྐུ་མཁྱེན། བོད་ཡིག་རྩ་མེད་མ་གཏོང་རོགས། ཁྱོད་ཀྱིས་མི་ཤེས་ན་སྦྱོང་རོགས། སྐུ་མཁྱེན། ” ཞེས་གསུངས་འདུག་ཏོ།།།།།།།།།།།།
ངས་གོ་ལ་ལེན་སྟངས་ནོར་བ་མིན་ན། ད་རེས་༧གོང་ས་མཆོག་གིས་ནམ་རྒྱུན་གསུང་བསྡད་པའི་ཀུན་ཁྱབ་སེམས་འཁུར་དང་ཆོས་ལུགས་འཆམ་མཐུན། བོད་དོན་གསུམ་ལ་འགྲེལ་སྟངས་གསར་པ་ཟེར་ན་འདྲ། ཁ་གསལ་བོ་དང་བོད་པ་ཚོར་འཚམས་པའི་སྒོ་ནས་འགྲེལ་བཤད་བསྐྱོན་གནང་འདུག་བསམ་སོང་།
དེ་ནས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་བོད་ཡིག་བོད་སྐད་གཡུག་མི་ཉན་པའི་གསལ་འདེབས་ཤིག་གནང་འདུག
མཐའ་མ་དེར་སྤྱི་འཐུས་ཚོགས་གཙོས་ཐུགས་རྗེ་ཆེ་ཞུས་གསུང་བཤད་སྐབས་དང་བསྟུན་ཏེ། ང་ཚོའི་སྤྱི་ཚོགས་ནང་གི་ཁ་རྒྱག་པ་ཁོག་སྟོང་པ་དག་ལ་འགྲམ་ལྕག་ཚ་བེར་བ་ཞིག་ཞུས་འདུག