ཁ་སང་སྲིད་སྐྱོང་མཆོག་གིས་སྒྲིག་འཛུཊ་ཀྱི་ངོས་ནས་བཙན་བྱོལ་ནང་བཞུཊ་འདོད་ཡོད་མཁན་ཚོར་གཞིས་ཆཊ་ཀྱི་ས་ཆ་ཁྲིམས་མཐུན་ཡོང་ཐབས་དང་འཚོ་བའི་མཐུན་རྐྱེན། གཞོན་སྐྱེས་ཚོར་ཤེས་ཡོན་ཚད་དང་ལྡན་པ་སྤྲད་དེ་མི་ཚེ་མདུན་ལམ་བཟོ་རྒྱུ་ལས། མ་འོངས་པར་གཞིས་ཆཊ་ནང་མི་ཡུན་གནས་ཐུབ་མིན་ཐད་གདེང་ཚོད་ཡོད་ཅེས་ཞུ་ཐུབ་ཀྱི་མེད་སྐོར་གསུངས་སོང་།
ཟླ་འདིའི་ཚེས་ ༡༤ ཉིན་གྱི་སྐབས་བཅོ་ལྔ་བའི་བོད་མི་སྤྱི་འཐུས་ལྷན་ཚོཊ་ཀྱི་གྲོས་ཚོཊ་ཚོཊ་དུས་བདུན་པའི་ལས་ཉིན་བཞི་བའི་སྔ་དྲོ། སྤྱི་འཐུས་ཨཅརྱ་ཡེ་ཤེས་ཕུན་ཚོཊ་ལགས་ཀྱིས་སྲིད་སྐྱོང་མཆོག་ལ་སྐར་རྟགས་ཅན་གྱི་དྲི་བ་ཁག་གསུམ་བཏོན་སྟེ། རྒྱ་ནག་གི་སྲིད་བྱུས་ངན་པའི་རྐྱེན་གྱིས་བོད་ནས་རྒྱ་གར་ནང་གསར་དུ་ཕེབས་མཁན་ཉུང་དུ་འགྲོ་བ་དང་། བཙན་བྱོལ་ནང་ཡོད་བོད་མི་རྒན་གཞོན་བར་གསུམ་ཡང་ཨ་རི་དང་ཡུ་རོབ་གཙོ་ཕྱིའི་ཡུལ་གྲུར་ཕེབས་མཁན་མང་དུ་འགྲོ་བཞིན་ཡོད་ལྟར། ད་ཡོད་བཙན་བྱོལ་ནང་གི་གཞིས་ཆགས་དང་སློབ་གྲྭ དེ་བཞིན་སྒྲིག་འཛུཊ་ཁང་སྲ་བརྟན་ཚགས་ཚུད་རྒྱུན་གནས་ཐུབ་ཐབས་ཀྱི་སྲིད་བྱུས་གང་ཡོད་མེད་དང་། མ་འོངས་རྒྱུན་གནས་ཐུབ་ཐབས་ཀྱི་དཔྱད་ཞིབ་གང་ཞིག་གནང་ཡོད་མེད། བཀའ་ཤག་སྐབས་བཅུ་བཞི་པས་རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བོད་མིའི་སྡོད་སྒར་ཁག་དང་ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་རིགས་ཚོགས་པ་དང་བོད་རིགས་སྤྱི་མཐུན་ཚོགས་པ་བཅས་ཀྱི་དབར་གཅིག་ཕན་གཅིག་གྲོགས་ཀྱི་ལས་གཞིའི་དངུལ་རྩིས་ཞུས་ཡོད་པ་ལྟར། ལས་འཆར་གྱི་གྲུབ་འབྲས་ཇི་བྱུང་དང་། ལས་འཆར་ལྟར་གྲུབ་འབྲས་བྱུང་མེད་ཚེ་དངུལ་རྩིས་ཀྱི་ངོ་བོ་ཇི་འདྲ་ཞིག་ཏུ་འགྱུར་མིན། བལ་ཡུལ་གནས་སྡོད་བོད་མི་རྣམས་ཀྱི་དཀའ་སེལ་སླད་འབྲེལ་ཡོད་ཁག་དང་གོ་བསྡུར་གནང་རྒྱུའི་ལས་འཆར་གྱི་སྔོན་རྩིས་གྲོས་ཚོགས་སུ་ཞུ་དོན་ལྟར་དེའི་གྲུབ་འབྲས་ཇི་ལྟར་བྱུང་ཡོད་མེད་དང་། ད་ཆ་བོད་མི་རྣམས་ཀྱི་དཀའ་ངལ་ཇི་ཙམ་སེལ་ཐུབ་ཡོད་མེད། གལ་སྲིད་དཀའ་སེལ་གནང་ཐུབ་མེད་ཚེ་མུ་མཐུད་ལས་འཆར་ཇི་འདྲ་སྤེལ་འཆར་ཡོད་མེད་བཅས་བཀའ་འདྲི་གནང་སོང་།
དྲི་བ་ཁག་གི་ཐད་བཀའ་ལན་གནང་སྐབས་སྲིད་སྐྱོང་མཆོག་གིས། ད་ཡོད་བཙན་བྱོལ་ནང་གི་གཞིས་ཆགས་དང་སློབ་གྲྭ དེ་བཞིན་སྒྲིག་འཛུཊ་ཁག་བཅས་སྲ་བརྟན་ཚགས་ཚུད་ངང་རྒྱུན་གནས་ཐུབ་ཐབས་སུ་༧གོང་ས་མཆོག་ནས་བཀའ་སློབ་རིམ་ཕེབས་ཡོད་པ་རྣམས་གཞི་རྩར་བཟུང་སྟེ། བཀའ་ཤག་རིམ་པས་སྲིད་བྱུས་གཏན་འབེབས་ཇི་མཛད་རྣམས་རྒྱུན་སྐྱོང་ཞུ་མུས་ཡིན་ཐོག སྐབས་འབྲེལ་གསར་གཏོད་དང་ཡར་རྒྱས། ཤུགས་གནོན་བཅས་ཞུ་སྒོ་ཁག་ཞུ་བཞིན་ཡོད་ཅེས་དང་། མ་འོངས་དུས་རིང་བར་རྒྱུན་གནས་ཐུབ་ཐབས་སུ་འཆར་འགོད་ལྷན་ཁང་ནས་སྲིད་བྱུས་དགོངས་དོན་ལྟར་དཔྱད་ཞིབ་ཞུ་མུས་ཡིན། འབྱུང་འགྱུར་ལོ་བཅུའི་ནང་གཞིས་ཆགས་དང་སློབ་གྲྭ བོད་མིའི་སྒྲིག་འཛུཊ་མ་ལག་བཅས་པ་རྣམས་རྒྱུན་གནས་ཚགས་ཚུད་དང་ཡར་རྒྱས་ཡོངས་ཐབས་སུ་དཔྱད་ཞིབ་སྣ་མང་ཞུས་དང་ཞུ་བཞིན་ཡོད་པར་མ་ཟད། དེ་དང་འབྲེལ་བའི་ལས་འཆར་ཁག་ཅིག་ཀྱང་ལག་བསྟར་ཞུ་བཞིན་ཡོད་ཅེས་གསུངས་སོང་།
རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་སྡོད་སྒར་ཁག་དང་ནུབ་ཕྱོགས་ཡུལ་གྲུར་ཡོད་པའི་བོད་རིགས་སྤྱི་མཐུན་ཚོགས་པའི་བར་གཅིག་ཕན་ཅིག་གྲོགས་ཀྱི་ལས་གཞིའི་ཐད་སྲིད་སྐྱོང་མཆོག་གིས། ཕྲན་སྲིད་སྐྱོང་དང་། ནང་སྲིད་བཀའ་བློན། ནང་སྲིད་དྲུང་ཆེ་བཅས་ཡུ་རོབ་དང་ཨ་རིའི་ཁུལ་དུ་བསྐྱོད་སྐབས་ས་གནས་སོ་སོའི་བོད་རིགས་སྤྱི་མཐུན་ཚོགས་ཁག་དང་མང་ཚོགས་ལ་སྤུན་སྲིང་ལས་གཞི་འདི་བཞིན་གལ་ཆེ་ཡིན་སྐོར་འགྲེལ་བརྗོད་ཞུས་པར་ཚང་མས་ཐུགས་སྣང་ཆེན་པོ་གནང་སོང་། སྤེལ་ཇེམ་བོད་རིགས་ཚོགས་པ་ནས་ར་ཝར་ལ་ཀུན་ཕན་གླིང་དང་། ཧྥ་རན་སི་བོད་རིགས་སྤྱི་མཐུན་ཚོགས་པ་ནས་ལ་དྭགས་བསོད་ནམས་གླིང་གཉིས་ལ་རོགས་སྐྱོར་ཞུ་རྒྱུ་ཁས་ལེན་བྱུང་ཡོད། དེ་བཞིན་ནེའུ་ཡོག་དང་ནེའུ་ཇར་སི་བོད་རིགས་སྤྱི་མཐུན་ཚོགས་པ་ནས་ཨོ་རི་ས་ཕུན་ཚོགས་གླིང་དང་མར་སྦར་ཕན་བདེ་གླིང་། སྦན་ད་ར་ནོར་རྒྱས་གླིང་བཅས་གཞིས་ཆགས་གསུམ་ནས་གང་རུང་གཅིག་ལ་རོགས་སྐྱོར་གནང་རྒྱུའི་ཁས་ལེན་བྱུང་ཡོད། མང་ཚོགས་ནས་ཐུགས་སྣང་གནང་སྟངས་ལ་གཞིགས་ཚེ་དོན་འབྲས་ཡོད་པ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་ཅེས་གསུངས་སོང་།
བལ་ཡུལ་གནས་སྡོད་བོད་མིའི་དཀའ་ངལ་སེལ་ཐབས་སྐོར་ལ་སྲིད་སྐྱོང་མཆོག་གིས། ཕྱི་ལོ་༢༠༡༣ ཟླ་ ༤ ཚེས་ ༣ དང་ ༣ ཉིན་གཉིས་རིང་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ་སྲིད་སྐྱོང་དང་བཀའ་བློན་རྣམ་པ། ལས་ཁུངས་ཁག་གི་དྲུང་ཆེ། བལ་ཡུལ་གནས་འཁོད་སྤྱི་ཟུར་དང་། ས་འཐུས་ཚོགས་གཙོ་དང་ས་གནས་མགོ་འཛིན། ས་གནས་ཆོས་སྡེ་ཁག་གི་སྐུ་ཚབ། ར་བདེན་ཚོགས་ཆུང་གི་ཚོགས་གཙོ་རྣམ་པ། ཤེས་ཡོན་དང་འཕྲོད་བསྟེན་སྡེ་ཁག་གི་འཐུས་མི་བཅས་ཁྱོན་མི་གྲངས་ ༥༥ ལྷན་འཛོམས་ཀྱིས་བལ་ཡུལ་ནང་གནས་འཁོད་བོད་མིའི་དཀའ་ངལ་སེལ་ཐབས་གང་དགའ་ཅི་ལེགས་ཀྱིས་གོ་བསྡུར་དང་མཇུག་ཏུ་སྲིད་སྐྱོང་ནས་ལམ་སྟོན་ཞུས་པ་བཅས་ཀྱིས་ཚིག་ཐོ་སྙིང་བསྡུས་ནང་གསལ་གནད་དོན་ཁག་གི་ཐོག་དབུས་ས་གཉིས་ངོས་ནས་ལས་དོན་འགན་འཁུར་གནང་ཕྱོགས་ཁ་གསལ་སྟབས་བདེ་བྱུང་ཡོད། ད་ཆ་བལ་ཡུལ་ནང་གནས་འཁོད་བོད་མི་རྣམས་ཀྱི་འཚོ་ཐབས་དང་། ཤེས་ཡོན། འཕྲོད་བསྟེན་བཅས་ཀྱི་གནས་སྟངས་དེ་སྔ་ལས་ཅུང་ཟད་ལེགས་སུ་ཕྱིན་ཡོད། དེ་ཡང་། ཨ་རིའི་གཞུང་ནས་ཕྱི་ལོ་ ༢༠༡༢ དང་ ༢༠༡༣ ནང་བལ་ཡུལ་གངས་ཅན་བདེ་རྩ་བརྒྱུད་ཨ་སྒོར་འབུམ་གཅིག་ལྔ་ཁྲི་སུམ་སྟོང་བཞི་བརྒྱ་ཞེ་གསུམ་ ༡༥༣༤༤༧།༠༠ བལ་ཡུལ་བཙན་བྱོལ་བོད་མིའི་ཆེད་དུ་རོགས་སྐྱོར་གནང་ཡོད་པ་དང་། ༢༠༡༣ དང་ ༢༠༡༤ ལོའི་ནེའུ་ཡོག་བོད་ཀྱི་ཐེབས་རྩ་དང་གངས་ཅན་བདེ་རྩ་བརྒྱུད་རོགས་དངུལ་ཨ་སྒོར་སུམ་འབུམ་ཁྲི་མེད་སུམ་སྟོང་བརྒྱ་མེད་གོ་བཞི་ ༣༠༣་༠༩༤།༠༠ གནང་ཡོད་པ་དེ་དག་གིས་བལ་ཡུལ་དུ་གནས་འཁོད་བོད་མི་ཚོར་ཕན་ཐོགས་བྱུང་ཡོད། ཅེས་གསུངས་བྱུང་།
སྐབས་དེར་སྤྱི་འཐུས་གཅིག་གིས་འཕྲོས་དོན་དྲི་བ་བཏོན་སྟེ་བོད་ནས་ཡོང་མཁན་ཉུང་དུ་འགྲོ་བཞིན་པའི་རྒྱུ་མཚན་དྲིས་སྐབས་སྲིད་སྐྱོང་མཆོག་གིས། བོད་ནས་རྒྱ་གར་ནང་ཡོང་མཁན་ཉུང་དུ་འགྲོ་བཞིན་པ་དེ་གཙོ་བོ་རྒྱ་ནག་གཞུང་གིས་བལ་བོད་ས་མཚམས་སུ་དམ་དྲག་ཤུགས་ཆེར་བྱེད་བཞིན་པ་གཙོ་བོ་ཡིན་པ་དང་། གཉིས་པ་འདས་པའི་ལོ་ངོ་དེ་དག་རིང་བཙན་བྱོལ་ནང་དགེ་བཤེས་ལྷ་རམས་མང་པོ་ཞིག་ཐོན་པ་དེ་དག་ཕྱིར་བོད་ནང་ལོག་རྗེས་དགེ་རྒན་གནང་སྟེ་སློབ་གཉེར་གྱི་མཐུན་རྐྱེན་བསྐྲུན་ཐུབ་ཀྱི་ཡོད་པ་དང་། བོད་ནང་གི་བོད་མིའི་འཚོ་བ་ཇེ་ལེགས་སུ་ཕྱིན་པ་བཅས་ལ་བརྟེན་ནས་ཡིན་པ་དང་། ད་ལྟའི་བར་བཙན་བྱོལ་ནང་བོད་ནས་ཡོང་མཁན་ཚང་མར་གཅིག་མཚུངས་ཀྱི་ཐུགས་འཁུར་གནང་ཐུབ་མིན་གྱི་གནས་སྟངས་བྱུང་ཡོད་སྲིད་ཀྱང་། གང་ཐུབ་ཇི་ཐུབ་འབད་བརྩོན་གནང་ཡོད་པ་མ་ཟད། ད་ལྟའི་ཆར་ཡང་མཐུན་རྐྱེན་གང་ཡོད་བསྐྲུན་བཞིན་ཡོད་སྐོར་གསུངས་སོང་།
ཡང་སྤྱི་འཐུས་གཅིག་གིས་བཙན་བྱོལ་བོད་མིའི་གཞིས་ཆགས་སྲ་བརྟན་གནས་མིན་ཐོག་གདེང་ཚོད་ག་ཚོད་ཡོད་མེད་དྲིས་སྐབས་སྲིད་སྐྱོང་མཆོག་གིས། “ མ་འོངས་པར་གཞིས་ཆགས་སྲ་བརྟན་གནས་ཐུབ་མིན་གྱི་གདེང་ཚོད་དེ་ཉེ་བའི་ཆར་ཕ་མ་རྣམ་པ་ཡིན་ཡང་། སོ་སོའི་ཕྲུ་གུ་ནང་མིའི་མཉམ་དུ་སྡོད་ཐུབ་མིན་གྱི་གདེང་ཚོད་ཡོད་མེད་བཤད་ཁག་པོ་ཆགས་ཡོད་དུས། སྒྲིག་འཛུཊ་ཤིག་གི་མི་མང་ཚོ་གཞིས་ཆགས་ནང་བསྡད་ཐུབ་པའི་གདེང་ཚོད་ཡོད་ཅེས་ཞུ་ཐུབ་པ་ཞིག་མ་རེད་ལ། ཞུས་པ་ཡིན་ནའང་ཧམ་བཤད་རང་རེད་བསམ་ཀྱི་འདུག ཕལ་ཆེར་གྲོས་ཚོགས་རྭ་བ་འདིའི་ནང་ང་ཚོས་ལམ་སྟོན་གནང་སྟེ་རྒྱ་གར་ནང་བསྡད་ན་སེམས་སྐྱིད་པ་ཡོད་རེད་ཅེས་ལམ་སྟོན་གནང་ཞོར་དང་བཀའ་སྐྱོན་གཏོང་ཞོར་སོ་སོའི་ནང་མི་སྤུན་མཆེད་ཕྱི་རྒྱལ་དུ་འགྲོ་མཁན་ཡོད་སྟབས། སྒྲིག་འཛུཊ་འདིའི་ཐོག་ནས་གདེང་ཚོད་ཡོད་ཅེས་ཞུ་ཐུབ་ཀྱི་མེད། ཡིན་ནའང་། བཞུགས་འདོད་ཡོད་མཁན་ཚོར་མཐུན་རྐྱེན་བསྐྲུན་རྒྱུའི་འགན་ཡོད་སྟབས། ང་ཚོས་ས་ཆ་ཁྲིམས་ཐོག་ནས་བརྟན་པོ་ཡོད་པ་དང་འཚོ་བའི་མཐུན་རྐྱེན། དམིགས་བསལ་གཞོན་སྐྱེས་ཚོར་ཤེས་ཡོན་ཚད་དང་ལྡན་པ་གནང་སྟེ་མི་ཚེ་མདུན་ལམ་ཚད་དང་ལྡན་པ་བཟོ་རྒྱུ་ལས་འགན་རེད། བསྡད་དང་མ་བསྡད་རང་དབང་རེད། གཞི་རྩའི་གྲོང་གསེབ་ནས་གྲོང་ཁྱེར། གྲོང་ཁྱེར་ནས་ཕྱི་རྒྱལ་དུ་གནས་སྤོར་འགྲོ་བ་དེ་འཛམ་གླིང་སྤྱི་ཡོངས་ཀྱི་འགྲོ་སྟངས་རེད་མ་གཏོགས། བོད་པ་གཅིག་པུ་མ་རེད། ཉེ་བའི་ཆར་ལྡི་ལི་དོན་གཅོད་ནང་དེབ་སེར་པོ་ (IC) ཞུ་མཁན་མཁན་སྟོང་ཕྲག་ ༧༥ དང་། ད་ལྟའི་བར་མར་གནང་བཞག་པ་སྟོང་ཕྲག་ ༦༥ བྱུང་འདུག རྒྱ་གར་ནང་བོད་པའི་མི་འབོང་སྟོང་ཕྲག་ ༩༠ ཡོད་ཟེར་གྱི་ཡོད་པ་རེད། དེའི་ཁྲོད་ནས་སྟོང་ཕྲག་དེ་འདྲ་ཞིག་གིས་དེབ་སེར་པོ་ཞུས་ཡོད་པ་ཡིན་ན། དེབ་སེར་པོའི་དགོས་མཁོ་གཅིག་ལས་ཡོད་པ་མ་རེད། དེ་འདྲ་ཡིན་བཞིན་དུ་ཚང་མ་རྒྱ་གར་ནང་གནས་དགོས་པ་རེད་ཅེས་ཞུ་རྒྱུ་ཁག་པོ་རེད། ” ཅེས་གསུངས་སོང་།
གསར་འགོད་པ། དོན་གོ
རྒྱལ་སྤྱིའི་ནང་བོད་དོན་དང་འབྲེལ་ཏེ་གླེང་སློང་ཤུགས་ཆེ་བའི་རྩོམ་ཡིག
གླེང་སློང་ཤུགས་ཆེ་ཡོད་ཅིང་བོད་འགྱུར་མ་གཤམ་དུ་བཀོད་པའི་ཨ་རིའི་རྩོམ་པ་པོ་དེས་བྲིས་པའི་ནང་གི་ཚིག་ཞེད་སྣང་ཚ་ཤོས་དེ་འདི་རེད། འདི་ཕལ་ཆེར་སྤྱི་འཐུས་ཟླ་བ་ཕུན་སྐྱིད་སོགས་ཀྱིས་དྲི་བ་བཏང་སོང་མོད། ཚོགས་གཙོས་རྩོམ་ཡིག་སྐོར་དེ་གྲོས་ཚོགས་ནང་མང་པོ་མ་གླེང་ན་ཞེས་གང་ཐུབ་ཐུབ་ཉུང་དུ་བཏང་སོང།
༼ དེའི་སྔོན་ལ་ཁོ་ནི་ངེས་གཏན་མེད་པའི་ཧར་ཝ་ཌིའི་ཉམས་ཞིབ་པ་ཞིག་རེད། ཉམས་ཞིབ་པ་ཞིག་གི་ཕོགས་ཐོབ་ལ་བརྟེན་ནས་ཁོས་གཉེར་རྒན་ཚོའི་འགྲུད་བཞུད་ལྟ་བུའི་འོས་གཞི་ཁྱབ་བསྒྲགས་ཀྱི་འགྲོ་སོང་རྣམས་ཅི་ལྟར་སྤྲད་པ་རེད་དམ། དེ་ནི་ཡ་མཚན་དགོས་པ་ཞིག་རེད་ལ། ཡང་ན། ཁོ་ཁྲི་འདོན་མ་བྱས་པའི་ཉི་མ་ཁ་ཤས་ཀྱི་སྔོན་ཏེ། ༢༠༡༡ ལོའི་ཟླ་༧ ཚེས་ ༢༩ ཉིན ཨ་སྒོར་འབུམ་གཉིས་དང་བདུན་ཁྲི ༢༢༧,༠༠༠ ཅན་གྱི་ཁང་པའི་བུ་ལོན་དེ་གློ་བུར་དུ་སྤྲད་ཐུབ་པ་བྱུང་བ་དེ་ཡ་མཚན་དགོས་པ་ཞིག་རེད། ༽
འདི་ལ་ལན་འདེབས་བྱེད་མཁན་དེ་ཕལ་ཆེར་སྲིད་སྐྱོང་སྐུ་སྒེར་ཆགས་ཡོད་པ་འདྲ།
སྐད་ཆ་བྱིངས་ཀྱི་འགྲོས་ལ་བལྟས་ན་རྩོམ་པ་པོ་འདི་ཕལ་ཆེར་བོད་རང་བཙན་ལ་རྒྱབ་སྐྱོར་ཤུགས་ཆེར་བྱེད་མཁན་ཞིག་ཡིན་མདོག་ཁ་པོ་འདུག་པས་སྲིད་སྐྱོང་ལ་སྐྱོན་བརྗོད་བྱས་པ་འདི་རྒྱ་ནག་དང་འབྲེལ་བ་གང་ཡང་ཡོད་མདོག་མི་འདུག ཡིན་ནའང། ང་ཚོའི་སྤྱི་ཚོགས་ནང་སྐད་ཆ་དེ་ལྟར་བཟོས་ཆོག་གི་རེད།
རྩོམ་པ་པོས་༼ བློ་བཟང་སེང་གེ་རྡ་རམ་ས་ལའི་བོད་ཀྱི་ཆབ་སྲིད་ཀྱི་དབུ་ཁྲིད་གསར་པར་བཅུག་པ་དང་མཉམ། ༽ ཟེར་བ་དང། ཡང་༼ སྐུ་ཞབས་སེང་གེས་ད་ནས་བཟུང་སྟེ་བོད་མི་ཚོས་བོད་ལ་དམངས་གཙོ་དགོས་པའི་དམིགས་ཡུལ་དེ་སྤོང་རྒྱུ་ཡིན་པ་དང་། དེའི་ཚབ་ཏུ་རྒྱ་ནག་དམར་ཤོག་གི་དབང་སྒྱུར་འོག་ནས་རྒྱ་ནག་གི་”ད་ལྟའི་བཀོད་པ་”གང་ཡིན་པ་ངོས་ལེན་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་པ་རེད།༽ ཟེར་བ་ལྟ་བུ་རེད།
སྲིད་སྐྱོང་བློ་བཟང་སེང་གེ་འོས་འདེམས་བྱས་ཏེ་དབུ་ཁྲིད་དུ་སླེབས་པ་ལས་བཅུག་མ་བཅུག་གི་གནད་དོན་ཞིག་ལྷག་མེད་པ་འདི་ཚང་མས་ཤེས། མང་གཙོའི་དམིགས་ཡུལ་སྤངས་བ་དང་ད་ལྟའི་བཀོད་པ་གང་ཡིན་པ་ངོས་ལེན་བྱེད་ཀྱི་ཡོད་ཚུལ་གསུངས་པ་སོགས་ནི་མགོ་མ་འཚོས་པ་ཡིན་ནམ། ཡང་མིན་ན་བསམ་བཞིན་འཁྱོག་བརྗོད་བྱེད་ཀྱི་ཡོད་སྲིད།
དབུ་མའི་ལམ་གྱིས་ད་ལྟའི་བོད་ནང་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་ཁས་ལེན་ཐུབ་ཀྱི་མེད་པས་འཛིན་སྐྱོང་གཅིག་གི་རང་སྐྱོང་དགོས་ཞེས་སྔ་ཕྱིར་ཡིག་ངག་གཉིས་ནས་གསལ་གསུང་ཟིན་པ་རེད། དེ་ལྟའི་རང་སྐྱོང་ནང་གི་དབང་ཆ་ཆ་ཚང་བོད་མིར་ལོངས་སུ་སྤྱོད་རྒྱུ་བྱུང་ན་མང་གཙོ་ཞེས་མིང་བཏགས་མིན་ལ་མ་བལྟས་པར་དངོས་དོན་དུ་བོད་མིའི་འདོད་བློ་ཚིམས་ཀྱི་ཡོད་པ་དང་སྐོང་ནུས་སྟབས། དེ་ལྟའི་གནས་བབ་ཅིག་བྱུང་བ་ཡིན་ན་སྐབས་དེར་རྩོད་གཞི་བྲལ་བ་ཞིག་ནི་བོད་ཀྱི་བདག་པོ་བོད་མི་ཚོས་རང་གི་མདུན་ལམ་ཐག་གཅོད་ཀྱི་ཡོད་པར་སུས་ཀྱང་བསྙོན་དུ་མེད་མོད། གནད་འདི་དྲང་དཔྱད་བྱས་མི་འདུག
རྩོམ་པ་པོ་འདིའི་རྩོམ་གྱི་ནང་གི་སྐད་ཆ་ཞེད་སྣང་ཚ་ལ་གསལ་བཤད་ངེས་པར་དུ་བྱེད་དགོས་རིགས་དང། གཞི་མེད་འོལ་ཚོད་ཀྱིས་བརྗོད་པའི་བསམ་ཚུལ་རིགས་གཉིས་ཡོད་པ་འདི་རྣམས་བོད་མི་ཚོས་ཤེས་དགོས་པ་ཞིག་རེད།
རེ་བ་ལ་དྲིལ་བསྒྲགས་ལས་ཁུངས་ནས་གསལ་བཤད་ལན་འདེབས་ཤིག་བྱས་ཡོད་པ་དེའང་བོད་ཡིག་གི་རྒྱུད་ལམ་ཁག་ཏུ་གང་མགྱོགས་སྤེལ་ན་ང་ཚོས་ལྟས་ཆོག་གི་རེད། འོན་ཀྱང་དྲིལ་བསྒྲགས་དང་བཀའ་ཤག་ནས་ཀྱང་སྲིད་སྐྱོང་མཆོག་ཁྲི་འདོན་མ་བྱས་གོང་གི་གནང་སྟངས་ཐོག་ལན་འདེབས་གནང་བ་ཡིན་གཞུང་གི་ནུས་པ་སྒེར་ཐོག་བེད་སྤྱོད་བྱས་ཡོད་སྟབས་དེ་དག་གཟབ་དགོས་པར་བསམས།
བློ་བཟང་སེང་གེ་མཆོག་གིས་དྲི་ལན་ཧ་ལས་པའི་ཡག་པོ་གནང་འདུག དངོས་གནས་ཤེས་ཡོན་ཡོད་པའི་རྟགས་མཚན་རང་རེད། དཔེ་རེད། ཁྱེད་རང་དངོས་གནས་འགོ་ཁྲིད་རེད། བཙན་བྱོལ་བོད་མིའི་འགོ་ཁྲིད་ཐོག་མ་མིང་དོན་མཚུངས་པ་དེ་རེད། ཐུགས་རྗེ་ཆེ།
ཤར་ཁུག་འདིའི་དངོས་ཤུགས་ཅི་རིག་ནས་བྱེད་སྟངས་འདིར་བསམ་ན་ངོ་མ་དམིགས་ཡུལ་ངན་པ་ཞིག་ཁོག་ཏུ་བཅངས་ཡོད་པ་ཐེ་ཚོམས་མི་དགོས་པ་ལྟར་བུར་རེད་དྲན་འདུག མདོར་བསྡུས་ནས་བཤད་ན་བསྟན་སྲིད་སྤྱི་པའི་རྩ་དོན་ཁ་ལ་འཁྱེར་བཞིན་སྒེར་ནད་ཁོག་བཅངས་ཀྱི་བྱ་བ་ངན་པ་ཞིག་རེད་འདུག་པས་ཀུན་གྱིས་ཡིད་གཟབ་དགོས་པར་སྣང་ངོ་།།
# 2 ཁྱུང་ཆེན།་ལགས་ཀྱིས་མཆན་བཏབ་པ།:
March 15th, 2014 at 4:02 PM
བོད་ཀྱི་མགོ་ཁྲིད་གསར་པ་འདི་རྒྱ་གར་ལ་ཉེན་ཁ་ཞིག་མ་རེད་དམ།
མཱོ་ར་ མཱ་ནི་ཧན་གྱིས་བརྩམས། བསྟན་འཛིན་ཚེ་རིང་གིས་བསྒྱུར།
སྲིད་བློན་ནེ་རུ་ཡིས་ ༡༩༥༩ ལོར་༧རྒྱལ་བ་རིན་པོ་ཆེ་དང་བོད་མི་ཁྲི་ཕྲག་མང་པོར་སྐྱབས་བཅོལ་སྤྲད་པའི་དུས་དེ་ནས་བཟུང་། རྒྱ་གར་ལ་མཚོན་ན་འགྲོ་བ་མིའི་བདེ་སྡུག་མཉམ་འཁུར་གྱི་སྤྱོད་པ་འདིའི་ཐོག་ནས་བཟང་སྤྱོད་དང་འཐབ་བྱུས་ཀྱི་ཁེ་ཕན་ཐོབ་ཡོད། ཡིན་ན་ཡང་༧རྒྱལ་བ་རིན་པོ་ཆེས་ཆབ་སྲིད་ཀྱི་ཐུགས་འགན་ནས་བགྲེས་ཡོལ་གནང་བ་དང་། བློ་བཟང་སེང་གེ་རྡ་རམ་ས་ལའི་བོད་ཀྱི་ཆབ་སྲིད་ཀྱི་དབུ་ཁྲིད་གསར་པར་བཅུག་པ་དང་མཉམ། བཙན་བྱོལ་གཞུང་དང་རྒྱ་གར་གཉིས་བར་གྱི་འབྲེལ་བ་བརྟན་པོ་དེ་ཉེན་ཁར་འཕྲད་ཡོད་སྲིད་པ་རེད། སྐུ་ཞབས་སེང་གེས་རྒྱ་ནག་དང་མཉམ་དུ་རང་གི་ལས་འགན་དེ་འཁྱེར་རྒྱུར་ཁྱད་མཚར་བའི་འདོད་པ་གསར་པ་ཞིག་ཡོད་པའི་བརྡ་བསྟན་པ་རེད་ལ། དེ་ལ་བརྟེན་ནས་ཁོས་རྒྱ་གར་གྱི་བདེ་འཇགས་ལ་ཡིད་ཆེས་གཙིགས་འཛིན་བྱེད་མིན་གྱི་ཐད་ལ་དོགས་པ་ཆེན་པོ་ཡོང་གི་ཡོད།
བོད་མི་སྐྱབས་བཅོལ་བ་རྣམས་ལ་གནས་ཡུལ་སྤྲད་པའི་དབང་གིས་རྒྱ་གར་ལ་འཛམ་གླིང་གི་ཡི་རངས་ཐོབ་ཡོད། རྒྱ་གར་གྱི་”ཞི་བའི་འགུག་ཤུགས་ soft power”༧རྒྱལ་བ་རིན་པོ་ཆེར་བཞུགས་ཡུལ་ཕུལ་བར་བརྟེན་ནས་ཇེ་ཆེར་སོང་ཡོད་ཅིང་། ༧རྒྱལ་བ་རིན་པོ་ཆེ་ནི་ནོ་བྷེལ་གཟེངས་རྟགས་ཐོབ་མཁན་གང་ཞིག་ལ་མི་མང་པོས་ཁོང་ནི་འཚེ་མེད་ཞི་བ་དང་འཚེ་བ་སྤངས་པ་ཉམས་ལེན་བྱེད་པའི་དམ་པ་གྷན་ངྷའི་རྗེས་འཇུག་སྐུ་གསོན་པོ་ཞིག་ཡིན་པར་ངོས་འཛིན་བྱེད་ཅིང་། ༧རྒྱལ་བ་རིན་པོ་ཆེ་ཁོང་གིས་ཀྱང་”ང་ནི་རྒྱ་གར་གྱི་བུ་ཡིན་”ཞེས་བཀའ་གནང་གི་ཡོད།
འདས་པའི་ལོ་ ༥༤ ཡི་རིང་ལ་བོད་པ་སྐྱབས་བཅོལ་བ་མང་པོ་རྒྱ་གར་གྱི་དམག་ནང་འཛུལ་ཏེ་ཞབས་ཞུ་ཞུས་ཡོད་ཅིང་། དེ་ཡང་བྷང་གྷ་དྷེ་ཤའི་རང་བཙན་དམག་འཁྲུག་གི་ནང་དང་། དེ་བཞིན་རྒྱ་གར་བྱང་ཕྱོགས་ཀྱི་མཐའ་མཚམས་སྲུང་སྐྱོབ་ཆེད་དུ་ལམ་ཁ་བཟོ་པའི་ཞབས་ཞུ་ཞུས་ཡོད་པ་རེད། བོད་ཀྱི་ཆོས་རྒྱུད་ཆེ་ཁག་གི་བཞིའི་དབུ་ཁྲིད་རྣམས་རྒྱ་གར་དུ་བཞུགས་པ་དེས་ཉམ་ཆུང་གི་མངའ་སྡེ་དཔེར་ན་ཨ་རུ་ན་ཅལ་དང་འབྲས་ལྗོངས། དེ་བཞིན་ལ་དྭགས་སོགས་ལ་ཧ་ལས་པའི་ཁེ་ཕན་བྱུང་ཡོད་པ་རེད། ད་དུང་རྒྱ་གར་ལ་ཡིད་ཆེས་བློས་འགེལ་བྱེད་པའི་བོད་མི་སྐྱབས་བཅོལ་བ་རྣམས་ཀྱིས་རྒྱ་ནག་གིས་བོད་ཀྱི་ས་ཁུལ་བཙན་ས་ཞིག་ནས་རྒྱ་གར་ལ་ཉེན་བརྡ་སྤྲོད་པའི་ནུས་པ་དེ་ལའང་གདོང་ལེན་བྱེད་པ་རེད།
ཡིན་ན་ཡང་ཁེ་ཕན་ཅན་གྱི་འབྲེལ་བ་དེ་ད་ཆ་བློ་བཟང་སེང་གེས་བསྐྲུན་པའི་འགྱུར་བ་དག་གིས་ཉེན་ཁ་ལ་བསྐྱལ་ཡོད་པ་རེད། སྐུ་ཞབས་སེང་གེས་འདྲོགས་ལངས་འོས་པའི་རྒྱ་དགའི་སྲིད་བྱུས་དྲིལ་བསྒྲགས་པ་དེས་དུས་ཡུན་རིང་པོར་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་མང་པོ་འཐོམས་བཅུག་པ་རེད་ལ། མགོ་འཐོམས་དེ་དང་ལྷན་དུ་བོད་མི་སྐྱབས་བཅོལ་པའི་རྩ་དོན་ཡོངས་སུ་རྫོགས་པའང་འཁྱེར་འགྲོ་བའི་ཉེན་ཁ་སློང་གི་ཡོད། བློ་བཟང་སེང་གེ་ནི་རྒྱ་གར་དུ་སྐྱེས་ཤིང་འཚར་ལོངས་བྱུང་བ་དང་སློབ་སྦྱོང་ཐོབ་པ་ལ་བློ་གཡེང་མ་དགོས། རྒྱ་གར་གཞུང་ཐུགས་རྗེ་ཆེ།
༢༠༡༣ ལོའི་ཟླ་ ༥ ཚེས་ ༨ ཉིན་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་གཙི་མཐོང་ཅན་གྱི་སློབ་སྟོན་རུ་ཁག་ཅིག་སྟེ། ཕྱི་འབྲེལ་ལྷན་ཁང་ཞེས་པར་གཏམ་བཤད་ཅིག་སྤེལ་སྐབས། སྐུ་ཞབས་སེང་གེས་ད་ནས་བཟུང་སྟེ་བོད་མི་ཚོས་བོད་ལ་དམངས་གཙོ་དགོས་པའི་དམིགས་ཡུལ་དེ་སྤོང་རྒྱུ་ཡིན་པ་དང་། དེའི་ཚབ་ཏུ་རྒྱ་ནག་དམར་ཤོག་གི་དབང་སྒྱུར་འོག་ནས་རྒྱ་ནག་གི་”ད་ལྟའི་བཀོད་པ་”གང་ཡིན་པ་ངོས་ལེན་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་པ་རེད། དེ་ལས་ཀྱང་རྙོག་དྲ་ཆེ་བ་ཞིག་ནི་རྒྱ་གར་གྱི་བདེ་སྲུང་གི་སྐོར་ལ། བོད་ནས་རྒྱ་དམག་གིས་རྒྱ་གར་ས་མཚམས་ལ་བཙན་འཛུལ་བྱས་པ་དེའི་སྐོར་དྲིས་སྐབས། རྒྱ་ནག་གིས་རྒྱ་གར་གྱི་ས་ཆ་ལ་བཙན་འཛུལ་བྱེད་པའི་”དབང་ཆ་”ཆ་ཚང་སྤྲད་ནས་ཁོ་རང་ཉིད་གནད་དོན་འདིའི་ཐད་ནས་རྒྱ་ནག་ལ་རྒྱབ་སྐྱོར་བྱས་པ་ཡིན་ཞེས་བསྒྲགས་པ་རེད། ཅིའི་ཕྱིར་སྐུ་ཞབས་སེང་གེ་པེ་ཅིན་ལ་འཐམས་བསྡད་ཡོད་པ་རེད།
བོད་ཀྱི་དབུ་ཁྲིད་གསར་པ་འདིས་ ༢༠༡༡ ལོར་ཧ་ཅང་འོས་འཚམ་མེད་པའི་སྐད་འབོད་ཤུགས་དྲག་བྱས་པ་བརྒྱུད་གཞི་རྩ་ཚུགས་པའི་ཁ་གཏད་གཉིས་ཕམ་པར་བྱས་ཏེ་བཙན་བྱོལ་ནང་གི་འོས་ཤོག་མང་ཆེ་བ་བླངས་པ་རེད། དེའི་སྔོན་ལ་ཁོ་ནི་ངེས་གཏན་མེད་པའི་ཧར་ཝ་ཌིའི་ཉམས་ཞིབ་པ་ཞིག་རེད། ཉམས་ཞིབ་པ་ཞིག་གི་ཕོགས་ཐོབ་ལ་བརྟེན་ནས་ཁོས་གཉེར་རྒན་ཚོའི་འགྲུད་བཞུད་ལྟ་བུའི་འོས་གཞི་ཁྱབ་བསྒྲགས་ཀྱི་འགྲོ་སོང་རྣམས་ཅི་ལྟར་སྤྲད་པ་རེད་དམ། དེ་ནི་ཡ་མཚན་དགོས་པ་ཞིག་རེད་ལ། ཡང་ན། ཁོ་ཁྲི་འདོན་མ་བྱས་པའི་ཉི་མ་ཁ་ཤས་ཀྱི་སྔོན་ཏེ། ༢༠༡༡ ལོའི་ཟླ་༧ ཚེས་ ༢༩ ཉིན ཨ་སྒོར་འབུམ་གཉིས་དང་བདུན་ཁྲི ༢༢༧,༠༠༠ ཅན་གྱི་ཁང་པའི་བུ་ལོན་དེ་གློ་བུར་དུ་སྤྲད་ཐུབ་པ་བྱུང་བ་དེ་ཡ་མཚན་དགོས་པ་ཞིག་རེད།
གནས་ཚུལ་ཡོང་ཁུངས་འགའ་ཞིག་གིས་བཤད་པ་ལྟར་ན། སྐུ་ཞབས་སེང་གེ་དང་། དེ་བཞིན་རྒྱ་ནག་གི་གསང་བའི་ལས་ཁུངས་ལ་འབྲེལ་བ་ཡོད་མཁན་གྱི་ཧར་ཝ་ཌིའི་རྒྱ་རིགས་སློབ་མ་དང་མཁས་པའི་ཚོགས་པའི་ཚོགས་གཙོ་ཧུ་ཞིའོ་ཇིང་ གཉིས་ཀྱི་བར་ཧ་ཅང་བློ་ཐག་ཉེ་བའི་འབྲེལ་བ་མུ་མཐུད་གནས་ཡོད་པ་རེད་ལ། འབྲེལ་བ་དེའི་ནང་མཉམ་དུ་འགྲུལ་བསྐྱོད་བྱེད་པའང་ཚུད་ཡོད་པ་རེད། ད་དུང་སྐུ་ཞབས་སེང་གེས་ལོ་ཁ་ཤས་ཀྱི་རིང་ལ་ཁས་ལེན་མ་བྱས་པའི་རྗེས་སུ་ད་ཆ་”རྒྱ་ནག་གི་ཕྱིར་བསྐྱོད་ལག་འཁྱེར་”འཁྱེར་ཏེ་ ༢༠༠༥ ལོར་པེ་ཅིན་དུ་སྤྲོ་སྐྱིད་མཁས་པའི་ཚོགས་འདུ་ལ་ཞུགས་པ་ཡིན་པ་ངོས་ལེན་བྱས་ཡོད།
གནས་ཚུལ་འདི་དག་ནི་འགྲེལ་བཤད་བྱས་ཏེ་གསལ་པོར་དྭངས་ན་བསྔགས་འོས་པ་ཞིག་རེད། ཡིན་ན་ཡང་། ཁོས་ད་དུང་མུ་མཐུད་ནས་རྒྱ་ནག་གི་དམར་ཤོག་ཚོགས་པའི་དབང་བསྒྱུར་དེ་ཁྲིམས་མཐུན་བཟོ་པའི་སྲིད་བྱུས་སྤེལ་ཐབས་ལ་བརྩོན་པ་དང་། རྒྱ་དམག་གིས་རྒྱ་གར་ལ་བཙན་འཛུལ་བྱེད་པའི་ནུས་པ་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད། རྒྱ་གར་ལ་ཆ་བཞག་ན་དམག་འཁྲུག་ལ་རྔམས་པའི་རྒྱ་ནག་ཅིག་ལ་གདོང་གཏུགས་ནས་ཡོད་ཅིང་། དེས་རྒྱ་ནག་ཤར་གྱི་རྒྱ་མཚོ་ནས་ཧི་མ་ལ་ཡའི་བར་གྱི་ས་ནས་རང་གི་དམག་མིའི་གོམ་སྒྲ་སྒྲོག་རྒྱུར་ཧམ་པ་ཇེ་ཆེར་འགྲོ་བཞིན་ཡོད། རྒྱ་ནག་གིས་མུ་མཐུད་ནས་རྒྱ་བོད་མཚམས་ཀྱི་ས་ཆ་Aksai Chin དབང་བསྒྱུར་བྱས་ཡོད་ལ། ཉིན་རེ་བཞིན་རྒྱ་གར་ས་ཐོག་ལ་དམག་གི་བཙན་འཛུལ་བ་གཏོང་བཞིན་ཡོད་ཅིང་། Brahmaputra གཙང་པོ་དང་དེ་མིན་གྱི་བོད་ཀྱི་གཙང་པོ་རྣམས་ས་ཆ་སྐམ་ཞིང་ཆུ་རླུང་འབག་བཙོག་ཏུ་གྱུར་པའི་རྒྱ་ནག་ཕྱོགས་ལ་ཁ་བསྐོར་རྒྱུའི་འཆར་གཞི་ཡོད། དུས་ཚོད་འདི་འདྲ་ཞིག་ལ། གོ་མྱོང་མེད་པའི་བོད་ཀྱི་ཆབ་སྲིད་པ་གསར་བ་འདིས་རྒྱ་ནག་གིས་བོད་འདི་དམག་ཤུགས་ཅན་དུ་བསྒྱུར་བའི་ཐོབ་ཐང་ཚད་བཀག་མེད་པ་དེ་ལ་འཐམས་ཡོང་དུས་དམངས་གཙོ་ཅན་གྱི་རྒྱ་གར་རྒྱལ་ཡོངས་ཀྱི་བདེ་སྲུང་ལ་ཉེན་ཁ་སྤྲད་ཡོད་པ་རེད། ལྡོགས་ཕྱོགས་ནས་བལྟས་ན། རྒྱ་གར་ལ་ནི་དམངས་གཙོ་གཙི་སྲུང་བྱེད་པ་དང་དེ་བཞིན་རྒྱ་ནག་གིས་བོད་ཡུལ་འདི་དམག་གི་རྟེན་གཞི་བྱས་ཏེ་རྒྱ་གར་ལ་ཉེན་ཁ་སྤྲོད་པའི་ནུས་པ་དེ་ལ་ཁ་གཏད་བྱེད་བོད་ཀྱི་གྲོགས་པོ་དགོས་ཀྱི་ཡོད་པ་རེད། ད་ནི་རྒྱ་གར་གསང་བའི་ལས་ཁུངས་དང་དེ་བཞིན་འབྲེལ་ཡོད་ལས་ཁུངས་དག་གིས་སྐུ་ཞབས་སེང་གེ་ལ་དྲི་བ་དྲིས་ནས་ཁོའི་གཏམ་བཤད་ཀྱི་ནང་དོན་ཅི་ཡིན་པ་དང་། དེ་བཞིན་ཁོའི་འགྲེལ་བཤད་མ་བརྒྱབ་པའི་དངུལ་འབབ་ཀྱི་ཡོང་ཁུངས་གང་ཡིན་ཐད་ལ་འདྲི་བརྩད་བྱེད་པའི་དུས་ཚོད་རེད།
ད་དུང་ད་ནི་རྒྱ་ཕྱོགས་ནས་ཡོང་བའི་ཉེན་ཁ་ཇེ་ཆེར་འགྲོ་བཞིན་པའི་ཁྲོད་དུ་སྐུ་ཞབས་སེང་གེས་ནུས་མེད་དུ་གཏོང་ཉེན་བཟོས་པའི་བོད་རྒྱའི་འབྲེལ་བ་གཉིས་ཕན་ཅན་དེ་བསྐྱར་གསོ་བྱེད་པའི་དུས་ཚོད་ཀྱང་རེད།
མ་རྩོམ་གྱི་ཁུངས། http://www.asianage.com/ideas/new-tibetan-leader-threat-india-950
དངོས་གནས་སྐུ་ཞབས་སེང་གེ་ཚང་ད་ཡིན་ན་ཚར་འདུག སུམ་བཅུའི་དུས་དྲན་སྐབས་ཀྱི་གཏམ་བཤད་ལ་ཡང་གོ་རྒྱུ་ཚོར་རྒྱུ་གང་ཡང་མི་འདུག ད་ཡིན་ན་སྐུ་ཞབས་སེང་གེ་ཚང་དགྲ་རིག་ན་ཞེ་སྡང་དང་། སྟུ་རིག་ན་འདོད་ཆགས་ལངས་རྒྱུ་མེད་པ་ཐག་ཆོད་རེད།
ངས་དྲན་ཅིག་གསོ།
༼ སེང་གེའི་བཀའ་ཤག་གི་མདུན་ལམ་༽ཟེར་པའི་རྩོམ་དེ་དྲན་ཅིག་གསོ།
༼ སེང་གེའི་སྡེར་མོ། གླེང་མི་ཉན་པ་ཞིག་གླེང་བ། ༽ཟེར་པའི་རྩོམ་དེ་དྲན་ཅིག་གསོ།
ད་སྲིད་སྐྱོང་མཆོག་གང་དུ་སླེབས་འདུག ཧཧཧཧཧ
དངོས་ཡོད་དང་མཐུན་པའི་བཀའ་ལན་གནང་འདུག་པས་ཡི་རངས་ཞུ་རྒྱུ་ཡིན། བཙན་བྱོལ་བོད་མིའི་གཞིས་ཆགས་སྲ་བརྟན་ཡོང་མིན་དེར་མི་མང་ལ་རག་ལུས་ཙམ་ལས་གཞུང་གིས་བཀའ་གཏང་བ་དང་སྒྲིག་འཛུག་བཟོ་ཡ་གང་ཡང་ཡོད་པ་མ་རེད། གཞུང་ངོས་ནས་བསྒྲུབ་དགོས་པའི་བྱ་བ་ནི་གོང་གསལ་སྲིད་སྐྱོངས་ཀྱིས་གསུངས་གསལ་ལས་ལྷག་པར་མི་སུ་ལའང་ཐབས་ཤེས་ཡོད་པ་མ་རེད། ༧གོང་ས་མཆོག་ཡིན་ནའང་དེ་ལས་ལྷག་པར་ཞིག་གནང་ཡ་མེད་པར་དངོས་ཡོད་ཡིན
པས་སྤྱི་ཚོགས་དྲྭ་འབུ་དག་ལ་དེ་ལས་ཀྱང་ག་ལ་ཡོད།
ད་སྐུ་ཞབས་བློ་སེང་གིས་གླེན་བཤད་མང་པོ་ཞིག་བརྒྱབ་འདུག་ཕར་ཆེར་དུས་ཡུན་རྫོགས་ལ་ཉེ་བའི་རྐྱེན་ཡིན་པ་འདྲ།