ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་མ་ལེ་ཞི་ཡ་གཞུང་གིས་བོར་བརླག་ཏུ་གྱུར་བའི་གནམ་གྲུ་དེའི་བརྡ་གཏོང་མ་ལག་སྒོ་བརྒྱབ་སྟེ་ཁ་བསྒྱུར་བྱས་ཡོད་ལུགས་བསྒྲགས་འདུག
ཟླ་འདིའི་ཕྱི་ཚེས་༨ ཉིན་མ་ལེ་ཞི་ཡ་ནས་པེ་ཅིན་དུ་འཕུར་བའི་གནམ་གྲུ་ཨང་རྟགས་ (MH370) ཅན་དེ། བོར་བརླག་ཏུ་གྱུར་ནས་ཉིན་གྲངས་ ༡༠ འགྲོ་བཞིན་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་མ་ལེ་ཞི་ཡའི་སྲིད་བློན་ལཱ་ཅི་པོའུ་ཡིས། བོར་བརླག་ཏུ་གྱུར་བའི་གནམ་གྲུ་དེའི་བརྡ་གཏོང་མ་ལག་མི་ཞིག་གིས་བསམ་བཞིན་དུ་སྒོ་བརྒྱབ་སྟེ། གནམ་གྲུའི་འགྲུལ་ལམ་ཁ་བསྒྱུར་བྱས་ཡོད་ལུགས་བསྒྲགས་ཡོད་པ་མ་ཟད། ཟླ་འདིའི་ཕྱི་ཚེས་ ༨ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༨།༡༡ ཐོག་གཞི་ནས་གནམ་གྲུའི་འབྲེལ་ལམ་ཆད་ཡོད་པའི་གནད་དོན་དེ་ངོས་ལེན་བྱས་ཡོད་འདུག
སྲིད་བློན་ལཱ་ཅི་པོའུ་ཡིས་གསར་འགོད་ལྷན་ཚོགས་ཐོག མ་ལེ་ཞི་ཡ་དམག་ཕྱོགས་བཀོད་འདོམས་བརྡ་གཏོང་ཁང་ནས་ཟླ་འདིའི་ཕྱི་ཚེས་ ༨ ཉིན་གྱི་ཞོགས་པར། མ་ལེ་ཞི་ཡ་ནུབ་བྱང་ཁུལ་ནས་གནམ་གྲུ་ཞིག་མ་ལིས་ཅཱ་མཚོ་གླིང་བསྐོར་ཏེ་འཕུར་བ་ཤེས་རྟོགས་བྱུང་ཡོད་ཀྱང་། ཕྱིས་སུ་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་བསྒྲགས་ཡོད་པ་ལྟར། གནམ་གྲུ་དེ་བོར་བརླག་ཏུ་གྱུར་བའི་ (MH370) རྟགས་ཅན་གྱི་གནམ་གྲུ་ཡིན་པ་ཐག་གིས་གཅོད་ཐུབ་ནའང་། ད་ལྟའི་ཆར་གང་དུ་ཡོད་མེད་གཏན་འཁེལ་བྱེད་མི་ཐུབ། ཡིན་ནའང་། མ་ལེ་ཞི་ཡ་དང་རྒྱལ་སྤྱིའི་མཁའ་འགྲུལ་སྡེ་ཁག་གིས་ཞིབ་འཇུག་བྱས་པ་ལྟར་ན། གནམ་གྲུ་དེ་ཐའེ་ལན་ཌི་བྱང་ཕྱོགས་ནས་ཁ་སཱ་སི་ཐན་དང་ཊོར་ཀེ་མན་སི་ཐན་གྱི་བྱང་ཁུལ་དང་། ཡང་ན་ཧིན་རྡུ་ཉི་ཞེ་ཡ་ནས་ཧིན་རྡུ་རྒྱ་མཚོའི་ལྷོ་ཁུལ་དུ་བབས་ཡོད་སྲིད་པས། རིམ་པ་རྗེས་མར་ཧིན་རྡུ་རྒྱ་མཚོའི་ལྷོ་ཁུལ་དུ་འཚོལ་ཞིབ་བྱ་རྒྱུ་ཡིན་པ་མ་ཟད། མ་ལེ་ཞི་ཡའི་འབྲེལ་ཡོད་ལས་ཁུངས་ཀྱིས་གནམ་གྲུ་དེའི་ལས་བྱེད་མི་སྣ་དང་དོགས་ཡོད་མགྲོན་པོ་ལ་ཞིབ་འཇུག་ནན་པོ་བྱ་རྒྱུ་ཡིན་སྐོར་བརྗོད་འདུག
དེ་སྔོན་ཨ་རིའི་མཁའ་འགྲུལ་ཞིབ་འཇུག་ལྟེ་གནས་དང་དབྱིན་ཇིའི་རྒྱང་སྒྲོག་ཁང་སོགས་ནས་བོར་བརླག་ཏུ་གྱུར་བའི་གནམ་གྲུ་དེ་ས་གནས་གཞན་དུ་ཁ་བསྒྱུར་བྱས་ཡོད་ཚུལ་དང་། མ་ལེ་ཞི་ཡ་གཞུང་གིས་ཟླ་འདིའི་ཕྱི་ཚེས་ ༨ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༡།༢༠ ཐོག་གནམ་གྲུའི་འབྲེལ་ལམ་ཆད་པ་བསྒྲགས་ཡོད་ནའང་། ཆུ་ཚོད་ ༥ ཕྱིན་རྗེས་ཀྱང་གནམ་གྲུ་དེ་བརྡ་རྟགས་སྟེང་ཡོད་ལུགས་སོགས་བརྗོད་ཡོད་པ་རེད། ཡིན་ནའང་། མ་ལེ་ཞི་ཡ་གཞུང་ཕྱོགས་ནས་ངོས་ལེན་བྱས་མེད། གནད་དོན་དབྱེ་ཞིབ་པ་ཚོས། མ་ལེ་ཞི་ཡ་གཞུང་ནས་ད་ལྟའི་བར་གནད་དོན་དེ་ངོས་ལེན་མི་བྱེད་པའི་རྒྱུ་མཚན་ནི། མ་ལེ་ཞི་ཡ་དང་རྒྱ་ནག་བར་གྱི་ཚོང་ལས་མཉམ་འབྲེལ་ལ་ཤུགས་རྐྱེན་ཐེབས་པར་འཛེམས་པ་ཡིན་སྐོར་བརྗོད་ཀྱི་ཡོད་འདུག
གསར་འགོད་པ། པདྨ་མཚོ།