ཁ་སང་བདེ་སྲུང་བཀའ་བློན་མཆོག་གིས་གྲོས་ཚོགས་ནང་གསལ་བཤད་ཅིག་གནང་སྟེ། བོད་མིའི་སྒྲིག་འཛུཊ་ཀྱི་ངོས་ནས་དོལ་རྒྱལ་བསྟེན་མཁན་ཚོ་རྒྱ་ནག་མཉམ་འབྲེལ་བ་ཡོད་པ་ཤེས་རྟོགས་ཡོད་ཀྱང་། ད་བར་ཤེས་ཡོན་དང་འཕྲོད་བསྟེན། བོད་མིའི་ཐོབ་ཐང་སོགས་ཀྱི་ཐད་ནས་དབྱེ་འབྱེད་བྱས་མྱོང་མེད་སྐོར་གསུངས་སོང་།
ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་སྟེ་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་དྲུག་པའི་ཐོག ༧གོང་ས་མཆོག་གི་སྐུ་ཕྱྭ་དང་འབྲེལ་བའི་དོན་ཚན་ལྔ་ཅན་གྱི་གཞུང་འབྲེལ་གྲོས་ཆོད་ཅིག་བཞག་སོང་ལ། དེར་སྤྱི་འཐུས་ ༣༢ གྱིས་ཆ་ཤས་བླངས་ཏེ་༧གོང་ས་མཆོག་སྐུ་ཕྱྭ་དང་དོལ་རྒྱལ་འགོག་སྲུང་ཐོག་བགྲོ་གླེང་གནང་མཐར་སྤྱི་མོས་ཐོག་གཏན་འབེབས་གནང་སོང་བ་མ་ཟད། མཇུག་ཏུ་བདེ་སྲུང་བཀའ་བློན་མཆོག་གིས་གྲོས་ཆོད་དང་འབྲེལ་གསལ་བཤད་ཁག་ཅིག་གནང་སོང་།
ཐེངས་འདིའི་གྲོས་ཆོད་དོན་ཚན་ཁག་ལྔ་ལས་དང་པོ། ཕྱི་ལོ་ ༡༩༩༦ དང་། ༡༩༩༧ ། ༢༠༠༨ བཅས་ཀྱི་གྲོས་ཚོགས་ཚོགས་དུས་ཁག་གི་ཐོག་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་མོས་ཀྱི་བཞག་པའི་གྲོས་ཆོད་ཁག་གི་འབྲུ་དོན་རྣམས་ཐུགས་སྣང་ཆེན་པོས་བསྐྱར་སྐུལ་མཇུག་སྣོན་མུ་མཐུད་བྱེད་རྒྱུ་དང་། གཉིས་པ། ༢༠༠༩ ལོར་བོད་ཀྱི་ཆོས་རྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་དབུ་ཁྲིད་བླ་ཆེན་རྣམ་པ་དང་མཁན་པོ། བླ་སྤྲུལ། སྐུ་ཚབ་བཅས་འདུས་པའི་ཆོས་ཚོགས་ཐེངས་བཅུ་པའི་གྲོས་ཆོད་དོན་ཚན་ལྔ་པའི་ནང་གསེས་ (ཁ) པར་ “ འཇིག་རྟེན་པའི་ལྷ་འདྲེ་སྤྱི་དང་ལྷག་པར་དམ་སྲི་གདུག་པ་ཅན་ལ་སྐྱབས་སུ་འཆའ་ན། ནང་པའི་ཆོས་ལ་འཇུག་པའི་སྒོ་སྐྱབས་འགྲོ་དང་འགལ་བར་བརྟེན། དོལ་རྒྱལ་བསྟེན་གསོལ་བྱེད་མཁན་སྤྱི་སྒེར་གང་ཡིན་རུང་། བོད་གངས་ཅན་གྱི་ཆོས་བརྒྱུད་གང་གིའང་ཁོངས་གཏོགས་མིན་པ་ཆོས་ཚོགས་འདིའི་ཐོག་ནས་གསལ་བོ་བཟོ་རྒྱུ” ཞེས་གསལ་དོན་བཞིན་གྲོས་ཚོགས་འདི་ཐོག་ནས་ཀྱང་དེ་དོན་ལྟར་ངེས་ཤེས་གསལ་བོས་ཕྱི་ནང་གི་མི་རིགས་ཁག་ལ་དངོས་དོན་ཇི་ཡིན་གོ་བརྡ་འཕྲོད་ཐབས་ལ་ཚང་མས་འཁུར་མཉམ་ལེན་བྱ་རྒྱུ།
གསུམ་པ། དོལ་རྒྱལ་རྗེས་འབྲང་པ་རྣམས་ཀྱི་བྱེད་བབ་འདི་རིགས་ནི་དངུལ་དངོས་ཁྱི་ཁེ་ཕན་ཁོ་ནའི་བསླུ་བྲིད་འོག་བོད་མི་ནང་ཁུལ་དཀྲུག་ཤིང་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གཞི་མེད་ཀྱི་མཚན་སྨད་སྐུར་འདེབས་ཞུ་བ་སོགས་ཆབ་སྲིད་ཀྱི་ལག་ཆ་ཞིག་ཏུ་འགྱུར་བཞིན་ཡོད་པ་ལས། ཆོས་དད་རང་དབང་ཡོད་མེད་ཀྱི་གནད་དོན་དང་འབྲེལ་བ་སྤུ་ཙམ་མེད་པ་གྲོས་ཚོགས་འདི་ཐོག་ནས་ངོས་འཛིན་གསལ་བོ་བྱ་རྒྱུ། རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་དགོས་མཁོའི་གཡོ་བྱུས་འོག་དྲིན་ལན་ལོག་འཇལ་དང་ལས་འབྲས་རྩིས་མེད་ཀྱིས་བོད་བསྟན་སྲིད་མི་རིགས་དང་བཅས་པར་གནོད་ཚབས་ཅན་གྱི་བསམ་མེད་དོལ་རྒྱལ་རྗེས་འབྲང་དང་བཅས་པ་རྣམས་ལོ་རྒྱུས་ཐོག་གི་ནག་ཉེས་ཅན་ལའང་ངོས་འཛིན་བྱ་རྒྱུ། བཞི་བ། ཨ་རི་དང་རྒྱ་གར་གསང་ལས་ཁུངས་ནས་ཀྱང་༧གོང་ས་མཆོག་གི་སྐུ་ཕྱྭར་སྔར་ལྷག་གཟབ་ནན་གལ་ཆེ་བའི་སྙན་གསན་བྱུང་ཡོད་པས། བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་རྫི་གསང་རྣོན་པོས་ཕྱར་གྲུ་མཉམ་འདེགས་བྱ་ཕྱོགས་དང་ལྷག་པར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་་མཆོག་ཆིབས་སྒྱུར་སྐབས་རྒྱ་གར་དབུས་སའི་གཞུང་དང་བདེ་ལས་ཁུངས། ས་གནས་སོ་སོའི་བོད་མིའི་སྒྲིག་འཛུགས། དེ་བཞིན་ཕྱིའི་ཡུལ་གྲུ་གཞན་གང་སར་ཆིབས་བསྒྱུར་བཀའ་དྲིན་སྐྱོང་སྐབས་སྐུ་ཚབ་དོན་གཅོད་སོགས་ཀྱི་རྒྱལ་ཁབ་དང་ཡུལ་ལུང་སོ་སོའི་འབྲེལ་ཆགས་སོ་སོར་སྔོན་ཚུད་ནས་འབྲེལ་ལམ་དམ་གཟབ་ཀྱིས་སྐུ་ཕྱྭའི་སྲུང་འདོམས་ཞུ་སྒོར་སྔར་ལས་ལྷག་པའི་དམ་གཟབ་བྱ་རྒྱུ། ལྔ་བ། ཉེ་སྔོན་ཨ་རིའི་གྲོང་ཁྱེར་སན་ཕ་རན་སེ་སི་ཀོ་རུ་དོལ་རྒྱལ་རྗེས་འབྲང་པའི་བྱ་སྤྱོད་དོན་རྐྱེན་གྱི་འབྱུང་རྩ་ཇི་ཡིན་སྐོར་འཛིན་སྐྱོང་བཀའ་ཤག་གིས་ཞིབ་འཇུག་མཐིན་ཕྱིན་གནང་སྟེ་སླད་འདི་རིགས་མི་འབྱུང་བའི་ལམ་སྟོན་དང་བཀོད་ཁྱབ་ནན་པོ་གནང་དགོས། ཞེས་བཀོད་འདུག
ཐེངས་འདིའི་གྲོས་ཆོད་དང་འབྲེལ་ཏེ་བདེ་སྲུང་བཀའ་བློན་མཆོག་གིས་དོལ་རྒྱལ་སྐོར་ལ་གསུང་དོན། དོལ་རྒྱལ་བསྟེན་མཁན་ཚོས་ཆོས་དད་རང་དབང་མི་འདུག བུ་ཕྲུག་སློབ་གྲྭར་མི་ལེན་པ་དང་ཕྱིར་འབུད་བྱས་ཡོད་ཚུལ། གཞན་ལས་བྱེད་ཕྱིར་འབུད་དང་འཕྲོད་བསྟེན་ལྟ་སྐྱོང་ལ་དྲང་པོ་བྱས་མ་སོང་ཟེར་གྱི་ཡོད། དེ་དང་འབྲེལ་ཏེ་ཉེ་ཆར་མོན་གྷོ་ཌིར་ཁྲི་བྱང་བླ་རུང་ནང་ལ་ཆོས་མཛད་ལགས་སུ་གནས་ཚུལ་ཞིག་བྱུང་བ་དེའང་༧གོང་ས་མཆོག་དང་བོད་གཞུང་གི་བཟོས་པ་རེད་ཟེར་ནས་ནུབ་ཕྱོགས་ཀྱི་དོལ་རྒྱལ་ཚོགས་པ་ཡིན་ཟེར་བས་དྲ་རྒྱའི་ནང་སྐྱོན་འཛུགས་བྱེད་ཀྱི་ཡོད། སློབ་གྲྭ་ནས་ཕྱིར་འབུད་གཏོང་བའི་གནས་ཚུལ་རྩ་བ་ཉིད་ནས་བྱུང་མེད། ༡༩༩༦ ལོ་ནས་གཞིར་བཟུང་ལྷ་མི་སྲུང་སྐྱོབ་ཚོགས་པའི་ཚོགས་གཙོ་འཇམ་དཔལ་ཡེ་ཤེས་ཀྱི་བུ་ཕྲུག་གཉིས་ངྷ་ཤོད་སློབ་གྲྭའི་ནང་སློབ་སྦྱོང་བྱེད་བཞིན་ཡོད་པ་སུ་ཞིག་གིས་ཕྱིར་འབུད་བྱས་མེད། ལོ་གཉིས་རྗེས་དོ་བདག་ཡོང་ནས་དགོངས་པ་ཞུས་ནས་འཁྲིད་ཕྱིན་པ་རེད་མ་གཏོགས་སྒྲིག་འཛུགས་ཀྱིས་གནོན་ཤུགས་སྤྲད་ནས་ཕྱིར་འབུད་བྱས་པ་གང་ཡང་མེད། དེ་བཞིན། བོད་ཕྲུག་ཁྱིམ་སྡེ་དང་མ་སུ་རི་བོད་ཁྱིམ། རྒྱ་གར་གཞུང་གི་འཛིན་སྐྱོང་འོག་ཡོད་པའི་བོད་སློབ་ཁག་ཚང་མའི་ནང་ནས་དོལ་རྒྱལ་བསྟེན་མཁན་གྱི་བུ་ཕྲུག་སློབ་གྲྭ་ནས་ཕྱིར་འབུད་བྱས་པ་གཅིག་ཀྱང་བྱུང་མེད།
ཆོས་སྒར་ཁག་ལ་གཏོང་བར་དབྱེ་འབྱེད་ཀྱི་འདུག་ཟེར། ༢༠༠༧ ལོར་བོད་ནས་ལོ་གཞོན་གྲངས་ ༡༦ ངྷ་རམ་ས་ལར་འབྱོར་བྱུང་། ཁོ་ཚོ་ཚང་མས་དོལ་རྒྱལ་བསྟེན་མཁན་ཡིན་ཡང་དགོན་པ་འགྲོ་རྒྱུ་ཡིན། ཁོ་ཚོས་དོལ་རྒྱལ་འཇོག་ཐུབ་ཀྱི་མེད། ཕ་མས་བཞག་ན་འགྲིག་གི་མ་རེད་ཅེས་ལབ་བྱུང་ཟེར་ནས་ཞུ་གཏུགས་བྱས་ཏེ་ཐག་གཅོད་གང་འདྲ་གནང་ཡོད་མེད་དགོངས་ཚུལ་ཡོད་སྲིད་རྒྱུ་རེད། ཡིན་ནའང་། སྐབས་དེར་བོད་གཞུང་གིས་ཆོས་སྒར་ཁག་ལ་མི་གཏོང་བའི་གནས་ཚུལ་ཞིག་བཤད་ཀྱི་ཡོད། ཆོས་སྒར་ཁག་ལ་གཏོང་ཐུབ་ཀྱི་མེད་པ་བདེན་པ་རེད། ༢༠༠༦ ལོར་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་པོ་ཆེས་མཆོག་ཤར་བྱང་ཆོས་རྗེ་རྣམ་གཉིས་དབུས་གདན་ས་གྲྭ་ཚང་ཁག་གི་མཁན་པོ་ལས་སྣེ་དང་སྐུ་ཚབ་བཅས་འདུས་པའི་དགེ་འདུན་པའི་ལྷན་ཚོགས་ཐོག་གཏན་འབེབས་གནང་བའི་རི་བོ་དགེ་ལྡན་པའི་ཆོས་སྡེ་སྤྱི་ལ་ཁྱབ་པའི་བཅའ་ཡིག་ཆེན་མོའི་ལེའུ་བཞི་བླང་དོར་སྒྲིག་གཞི་དོན་ཚན་ ༡༢ པའི་ནང་གསེས་ ༧ པའི་ནང་། གདན་སའི་ནང་གསར་ཞུགས་བྱེད་མཁན་ཡིན་ན་དོལ་རྒྱལ་བསྟེན་གསོལ་མཚམས་འཇོག་གནང་གི་ཡོད་ཅེས་པ་གཏན་འབེབས་གནང་བའི་ཡིག་ཆ་ཞིག་རེད། དགེ་ལུགས་པའི་གདན་ས་ཞིག་གི་ནང་དོལ་རྒྱལ་བསྟེན་མཁན་འཇུག་གི་མིན་གསུང་གི་ཡོད་ན། བོད་གཞུང་གིས་བཀའ་བཏང་ནས་དོལ་རྒྱལ་བསྟེན་མཁན་འཇུག་དགོས་ཞེས་ནམ་ཡང་ཞུ་ཐུབ་ཀྱི་མ་རེད། སྒྲིག་འཛུགས་རེ་ལ་སྒྲིག་ཁྲིམས་རེ་ཡོད། ཡིན་ནའང་། བོད་གཞུང་གིས་དགོངས་པ་ཆེར་བཞེས་ཀྱིས་དགེ་ལུགས་པའི་དགོན་པའི་ནང་ཁྱེད་རང་ཚོ་གཏོང་ཐུབ་ཀྱི་མེད་སྟབས། ཁྱེད་རང་ཚོ་ལོ་གཞོན་ཡིན་པས་སློབ་གྲྭར་ཕྱིན་ན་གོ་སྐབས་ཡོད་པ་དང་གཞུང་གིས་ཀྱང་གཏོང་གི་ཡིན་ཟེར་ནས་ཁག་གཅིག་སུ་ཇ་སློབ་གྲྭ་དང་ཁག་ཅིག་ཤེས་རབ་དགའ་ཚལ་གླིང་དུ་ཕྱིན་པ་རེད། ཁོ་ཚོ་སློབ་གྲྭའི་ནང་ལོ་མང་སྡོད་ཐུབ་མེད་པར་མཐའ་མར་བོད་དུ་ཕྱིར་ལོག་པའི་ལམ་གྲོན་ཡང་གནང་ཡོད། ༢༠༠༧ ལོའི་ཟླ་ ༢ ཚེས་ ༡༧ ཉིན་བཀའ་ཤག་གིས་བཀའ་ཁྱབ་ཅིག་ཀྱང་གནང་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་དགེ་ལུགས་པའི་དགོན་པ་ཁག་ནང་དོལ་རྒྱལ་བསྟེན་མཁན་ཡིན་ན་འཇུག་དགོས་ཞེས་པའི་ངོས་སྦྱོར་མཚམས་འཇོག་བྱས་པ་བདེན་པ་རེད། དེ་འདྲ་ཡིན་དུས་སློབ་གྲྭ་དང་ཆོས་སྒར་ཁག་ནང་དབྱེ་འབྱེད་ཀྱི་གཏོང་གི་མེད་པ་དང་ཕྱིར་འབུད་བྱེད་ཀྱི་འདུག་ཟེར་བ་གཞི་རྩ་རྩ་བ་ཉིད་ནས་མེད།
དོལ་རྒྱལ་བསྟེན་མཁན་དང་ཁོ་ཚོའི་ནང་མི་བུ་ཕྲུག་རྗེས་འབྲང་པ་ཁ་ཤས་ལ་གཞུང་གིས་ཕྱི་སྐྱོད་ལག་འཁྱེར་སོགས་ལ་རྒྱབ་གཉེར་ཡི་གེ་སྤྲོད་ཀྱི་མི་འདུག་ཅེས་ལབ་ཀྱི་ཡོད་པ་རྩ་བ་ཉིད་ནས་བདེན་པ་མ་རེད། སྐབས་དེའི་ལྷ་མི་སྲུང་སྐྱོབ་ཚོགས་པའི་དྲུང་ཆེ་འཆི་མེད་ཚེ་རིང་གི་ཕྱི་བསྐྱོད་ལག་འཁྱེར་སེར་བོ་ (IC) ཡི་དུས་ཡུན་རྫོགས་ནས་གཞུང་གིས་རྒྱབ་གཉེར་ཡི་གེ་གནང་ནས་ལག་འཁྱེར་སེར་བོ་རག་པ་ད་ལྟ་ཕྱི་ལོགས་སུ་ཡོད། ད་ལྟ་བྱང་ཨ་རིར་ཡོད་པའི་དམངས་ཁྲོད་ཁ་བརྡ་བཤད་མཁན་མི་དེ་ཚོ་ཨ་རིར་ག་འདྲ་བྱས་ནས་བསླེབས་པ་དང་ལག་འཁྱེར་ག་རེ་ཐོག་ནས་ཕྱིན་པ་རེད། ལག་འཁྱེར་ཐོག་ནས་དབྱེ་འབྱེད་མེད་པ་གསལ་བོ་རེད། དཔེར་ན། ལྷ་མི་སྲུང་སྐྱོབ་ཚོགས་པའི་ཚོགས་གཙོ་འཇམ་དཔལ་ཡེ་ཤེས་ཀྱི་བཟའ་ཟླ་ལོ་ཁ་ཤས་གོང་ཁོ་རང་མཉམ་དུ་ནང་མི་ཟླ་བསྒྲིལ་བྱས་ནས་ཕྱིན་ཡོད། ཕྱི་བསྐྱོད་ལག་འཁྱེར་སེར་པོ་ལ་བོད་གཞུང་གིས་རྒྱབ་གཉེར་གནང་ནས་ཕྱི་རྒྱལ་ལ་ཕྱིན་པ་རེད། དེ་རིགས་གཞི་རྩ་མེད་པར་སྐྱོན་འཛུགས་བྱས་པ་རང་རེད།
འཕྲོད་བསྟེན་ལས་ཁུངས་ཀྱི་སྨན་བཅོས་ལྟ་སྐྱོང་ཐོག་མཐུན་སྦྱོར་བྱེད་ཀྱི་མི་འདུག་ལབ་ཀྱི་ཡོད་རེད། དོལ་རྒྱལ་བསྟེན་པའི་རྒྱུ་མཚན་གྱིས་འཕྲོད་བསྟེན་ལས་ཁུངས་ནས་སྨན་བཅོས་ལྟ་སྐྱོང་གི་མཐུན་རྐྱེན་རག་མ་སོང་བ་བཏོན་ཡོང་བ་ཡིན་ན་ཞིབ་འཇུག་བྱས་ནས་ལྟ་ཆོག་གི་རེད། དེའི་རིགས་གཅིག་ཀྱང་ཡོད་པ་མ་རེད། ལས་བྱེད་ནས་ཕྱིར་འབུད་བྱས་སོང་ཟེར་གྱི་ཡོད། ལས་བྱེད་ནས་སུ་ཕྱིར་འབུད་གནང་བའི་མིང་གཅིག་སྤྲོད་རོགས་བྱས་པ་ཡིན་ན་ང་ཚོས་ག་འདྲ་བྱས་ནས་ཕྱིར་འབུད་བྱས་འདུག ལས་བྱེད་ཕྱིར་འབུད་གཏོང་བའི་དབང་ཚད་བཀའ་ཤག་འཛིན་སྐྱོང་གཅིག་པོར་མེད་པར་བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་རང་དབང་ཅན་གྱི་སྡེ་ཚན་ཡོད་པར་དེར་ཁྲིམས་དང་སྒྲིག་གཞི་ཞིག་ཡོད་པ་རེད། ལས་བྱེད་ཞིག་ལ་ཉེས་འཛུགས་བྱས་ཡོད་ན་དེར་ཞིབ་འཇུག་ཚོགས་ནས་དེར་གཞི་བཞག་ཏེ་ཉེས་པ་ལག་བསྟར་གནང་གི་རེད། ད་ལྟའི་ཆར་བཙན་བྱོལ་སྒྲིག་འཛུགས་ནང་ལས་བྱེད་ ༦༠༠ ཙམ་ཡོད། སུ་ཞིག་ལ་དོ་ཕོག་བཏང་བ་དང་ལས་བྱེད་ནང་དེ་འདྲ་བསྟེན་པའི་གནས་ཚུལ་རིགས་མེད་པར་གསལ་བོ་ཞུ་རྒྱུ་ཡིན། གལ་སྲིད་དེ་འདྲ་ཕྱིར་འབུད་གཏོང་དགོས་ཀྱི་ཡོད་པ་ཡིན་ན་ལོ་ལྟར་ལས་བྱེད་གསར་བ་བསྡུ་བསྡད་ཀྱི་ཡོད། དེ་ཚོའི་ཆ་རྐྱེན་ནང་དོལ་རྒྱལ་བསྟེན་མཁན་ཡིན་ན་བོད་གཞུང་གི་ལས་བྱེད་ནང་འཛུལ་ཆོག་གི་མ་རེད་ཅེས་ཆ་རྐྱེན་བཀོད་མ་འོས་པ་མེད་ཀྱང་བཀོད་པའི་རྒྱུ་མཚན་ཡང་མེད། བོད་མི་ཞིག་བོད་མིའི་སྒྲིག་འཛུགས་ནང་ཡོང་གི་ཡོད་ན་སྒོ་ཕྱེ་ནས་ཡོད། ལྷག་པར་བོད་མི་མང་སྤྱི་འཐུས་ཀྱི་འོས་འདེམས་སྒྲིག་གཞིའི་ནང་དེ་འདྲ་ཞིག་ཡོད་པ་རེད་དམ། སྤྱི་འཐུས་ཆགས་པར་དོལ་རྒྱལ་བསྟེན་མཁན་ཡིན་ན་ཆ་རྐྱེན་མ་ཚང་བར་རྩིས་ཀྱི་ཡོད་པ་མ་རེད་བསམ་ཀྱི་འདུག ད་ལྟའི་བར་དུ་སྒྲིག་འཛུགས་ཀྱི་ངོས་ནས་ཆ་རྐྱེན་གང་ཡང་བཏོན་མེད།
དེ་གཞིར་བཟུང་གིས་ས་ཁང་དང་གཞིས་ཆགས་ཐོག་ལ་ནས་ཐོབ་ཐང་སྤྲོད་ཀྱི་མེད་པའི་སྐད་ཆ་ཡོང་གི་ཡོད། ༢༠༠༨ ལོར་དགེ་ལུགས་ཀྱི་གདན་ས་ཁག་ནང་ལ་ཚུལ་ཤིང་སྒྲིམ་ནས་ལས་རིམ་ཞིག་བྱུང་བ་ཡོད། འདུལ་བ་དང་ཆོས་ཀྱི་འགྲོ་ལུགས་དང་མཐུན་པའི་ངོས་ནས་ཁ་དང་ཁ་སྤུ་དབྱེ་འབྱེད་ཅིག་བྱས་པ་རེད། སུ་ཞིག་གིས་ཕྱིར་འབུད་བྱས་མེད། སོ་སོས་སྒྲིག་འཛུགས་གང་ནང་སྡོད་ཀྱི་ཡིན་མིན་འདེམས་ཀ་བྱས་པ་རེད། ད་ལྟ་མོན་གྷོ་ཌི་ལ་ཤར་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཟེར་བ་ཞིག་དང་སྦེལ་ཀོབ་ཏུ་སེར་སྨད་སེར་སྦོམ་གྲྭ་ཚང་བརྒྱབ་ནས་བསྡད་ཡོད། བར་ལམ་དགུ་ཅུ་གོ་གྲངས་དང་ཉིས་སྟོང་ཟིན་ཙམ་ནང་མི་ལ་སྡིགས་ར་དང་ཉེས་རྡུང་བཏང་གསལ་བོ་རེད། འདི་འདྲའི་འཇིགས་སྐུལ་རིང་ལུགས་པའི་དྲག་སྤྱོད་ཀྱི་ལས་ཀ་བྱས་པ་རེད་། བར་ལམ་ཞིག་ཁོ་ཚོ་ལས་ཀ་བྱེད་སྟངས་ཏན་ཏན་འགྱུར་ཕྱིན་ཏེ་ཐབས་ཇུས་མཁས་པོས་སྤྱི་ཚོགས་དྲ་ལམ་བེད་སྤྱོད་ལོག་པར་བཏང་ནས་འཁྱོག་བཤད་དང་ལོག་བཤད་བརྒྱབ་ནས་༧གོང་ས་སྐུ་ཕྲེང་བཅུ་བཞི་བ་ཆེན་མོ་མཆོག་ཡང་སྲིད་རྫུན་མ་རེད་ལབ་པ་དང་། ༧གོང་ས་མཆོག་གི་སྐུ་ཕྱྭ་ལ་ཉེན་ཁ་ཡོད་མཁན་ང་ཚོ་མིན། ཉེ་ལམ་༧གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སུ་རྒྱ་གར་དང་ཨ་རི་གཞུག་གིས་༧གོང་ས་མཆོག་གི་སྐུ་ཕྱྭའི་ཐོག་ལ་དོལ་རྒྱལ་ཚཽགས་པས་ཉེན་ཁ་ཡོད་སྙན་སེང་མཁན་བྱུང་སོང་ཟེར་བའི་བཀའ་གནང་འདུག དེ་སྐྱག་རྫུན་རེད། ང་ཚོས་རྩ་བ་ཉིད་ནས་ཉེན་ཁ་བྱེད་ཀྱི་མེད། རྒྱ་གར་གཞུང་དེ་བས་ཀྱང་ཡོད་པ་མ་རེད། ཨ་རི་གཞུང་ངས་ཧ་གོ་ཡི་ཡོད། དེ་འདྲ་ཡིན་ན་ཨ་རིའི་ནང་དོལ་རྒྱལ་བསྟེན་མཁན་མང་པོར་སྐྱབས་བཅོལ་ག་འདྲ་བྱས་ནས་རག་གི་རེད་ཅེས་དེ་འདྲའི་གནས་ཚུལ་བཤད་པ་དང་། དེའི་ཐོག་ལ་མི་ཚང་མ་ཡིད་ཆེས་ཁུངས་སྐྱེལ་བཟོ་ཆེད་འཁྱོག་བཤད་བརྒྱབ་ཡོད།
བཞུགས་སྒར་ཕོ་བྲང་ག་འདྲ་ཡོད་མེད་ཚང་མས་མཁྱེན་གསལ་རེད། ༡༩༩༧ ལོར་མཚན་ཉིད་རྒན་ལ་བཀྲོངས་རྗེས་རྒྱ་གར་གཞུང་གིས་༧གོང་ས་མཆོག་གི་སྐུ་ཕྱྭའི་བདེ་འཇགས་ལ་ཞིབ་འཇུག་གནང་མཐར་རྩིག་པ་མཐོ་ཚད་ཧྥེ་ཊི་དྲུག་དང་དེའི་སྒང་ལྕགས་དྲ་བརྒྱབ་ནས་ཧྥེ་ཊི་བཅུ་ནས་བཅུ་གཉིས་ཀྱི་མཐོ་ཚད་དགོས་པའི་ལམ་སྟོན་ཞིག་གནང་བ་དོལ་རྒྱལ་གྱི་གནས་ཚུལ་ལ་བརྟེན་ནས་བྱུང་སྟབས། རྩིག་པ་མཐོ་བོ་དེ་གཅིག་ནས་ཕྱག་གྲོན་ཆེན་པོ་ཡིན་པ་དང་གཉིས་ནས་༧གོང་ས་མཆོག་རང་གི་ཐུགས་བཞེས་དགོངས་པ་ནང་མེད་དུས་ང་ཚོས་རྩིག་པ་མཐོ་བོ་དེ་འདྲ་མ་བརྒྱབ་ན་འགྲིག་པའི་ཞུ་འབོད་བྱས་ཀྱང་ཞིབ་འཇུག་སྡེ་ཚན་དང་སྲུང་སྐྱོབ་ཀྱི་འགན་ཡོད་མཁན་ཚོས་འགན་འཁུར་མ་ཐུབ་པར་མཐའ་མར་རྒྱ་གར་དབུས་ནང་སྲིད་ལས་ཁུངས་ལ་སྙན་སེང་ཞུས་ཏེ་བཀའ་འཁྲོལ་ཐོབ་པ་རེད། ཉེ་ལམ་ལྕགས་ཐག་དེའི་སྒང་ལ་ལྕག་ཐག་འཚེར་མ་ཕྲ་མོས་བསྐོར་བ་ང་ཚོ་གཞུང་གིས་བརྒྱབ་པ་རེད། དེ་རྒྱ་གར་གཞུང་ལ་ཞུས་མེད་པར་ང་ཚོས་ཆུང་ཚགས་རིགས་བྱེད་བསྡད་རེད་མ་གཏོགས་དོལ་རྒྱལ་ཚོགས་པའི་དམངས་ཁྲོད་ཁ་བརྡའི་ནང་ཞེ་བོ་ཤེས་ཀྱི་ཡོད་མདོག་མདོག་བྱས་པ་གཞི་རྩ་མེད་པ་རེད། ལྷག་པར་དུ་༧གོང་ས་མཆོག་གི་སྐུ་ཕྱྭ་ཐོག་ལ་འབྲེལ་ཡོད་ལ་གསལ་བོ་མ་ཞུ་ན་ཡག་པོ་མེད། སྦྱིར་རྒྱ་གར་གཞུང་གིས་གལ་ཆེ་མི་སྣའི་སྲུང་སྐྱོབ་ཀྱི་ཐོག་ཉེན་ཁ་ག་རེ་ཡོད་མེད་ལ་བསྐྱར་ཞིབ་བྱས་པར་ལྟར། རྒྱ་གར་གཞུང་གིས་༧གོང་ས་མཆོག་གི་སྐུ་ཕྱྭ་ཐོག་ལ་ཉེན་ཁ་ཆེ་ཤོས་དེ་དོལ་རྒྱལ་ཚོགས་པར་འདུག་ཅེས་ཡིག་ཐོག་ལ་བཀའ་གནང་བ་རྒྱ་གར་གཞུང་གི་བརྡ་ཐོའི་ཡིག་ཆ་ནང་གསལ་བོ་བཀོད་ཡོད།
༧གོང་ས་མཆོག་རྒྱ་གར་ནང་གཙོས་ཕྱི་རྒྱལ་ཡུལ་གྲུ་གང་དུ་ཆིབས་བསྒྱུར་གནང་སྐབས་རྒྱལ་ཁབ་སོ་སོའི་སྐུ་ཕྱྭའི་ཐུགས་འགན་བཞེས་ཀྱི་ཡོད། ཨ་རི་གཞུང་གིས་ཀྱང་སྐུ་ཕྱྭ་ཐོག་ལ་ཉེན་ཁ་ཆེ་ཤོས་དོལ་རྒྱལ་ཚོགས་པ་ཐོག་ནས་ཡོད་པ་གསལ་བོ་རེད། དེ་ཡིན་པ་དེ་དོ་བདག་ལབ་མཁན་དེ་ག་རང་ད་རེབ་མེ་ཎེ་སོ་ཌར་ལོ་གསར་གྱི་ཚེས་པ་གཅིག་གི་མཛད་འཆར་སྐབས་ས་གནས་དེ་ནས་མེ་ཎེ་སོ་ཌར་ཕྱིན་ཡོད་པ་ང་ཚོས་ཤེས་ཡོད་པ་མེད་པ་གསལ་བོ་ཞུ་དགོས། ཡིན་ནའང་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་མི་འདི་འདྲ་ཟེར་བ་ཞིག་འདིར་བསླེབས་ཏེ། ༧གོང་ས་མཆོག་བཞུགས་སའི་མགྲོན་ཁང་གི་འོག་རླངས་འཁོར་འཇོག་སའི་གནས་བབ་རྩད་གཅོད་བྱས་པ་ཁོ་ཚོས་ཤེས་ཀྱི་ཡོད། ག་རེ་བྱས་ནས་ཤེས་པ་ནི་ཁོང་ཚོས་ཉེན་ཁར་གཟིགས་ནས་དོ་སྣང་བྱེད་ཀྱི་ཡོད།དེར་བརྟེན། ཁོ་ཚོས་༧གོང་ས་མཆོག་གི་སྐུ་ཕྱྭ་ལ་ཉེན་ཁ་མེད་པའི་འཁྱོག་བཤད་དང་མི་ལ་མགོ་སྐོར་གཏོང་བའི་སྐད་ཆ་བདེན་པ་མ་རེད་ཅེས་ཞུ་འདོད་བྱུང་།
དེ་དང་འབྲེལ་བའི་ཆོས་དད་དབང་རང་མེད་པའི་སྐོར་ལ་སྤྱི་འཐུས་མང་པོས་གསལ་བོ་ཞུས་སོང། ཡིན་ནའང་། ༡༩༩༦ ནས་༢༠༠༠ ལོར་བར་དུ་ཐོག་མར་༧གོང་ས་མཆོག་གིས་དབང་གནས་སའི་ནང་དོལ་རྒྱལ་བསྟེན་མཁན་ཡིན་ན་མ་ཡོང་ཞེས་བཀའ་གནང་བ་བདེན་པ་རེད། བླ་མ་དང་སློབ་མའི་དམ་ཚིག་སྲུང་དགོས་པའི་ཆ་ནས་དེ་ཕྱིས་སུ་དོལ་རྒྱལ་ཚོགས་པའི་བྱེད་སྟངས་དང་༧གོང་ས་མཆོག་གི་བཀའ་སློབ་ཉན་ཕྱོགས་ག་འདྲ་ཞིག་ཡིན་མིན་ང་ཚོས་ཚང་མས་གཟིགས་ཡོད། དེར་བརྟེན། ད་ལྟའི་གནས་བབ་ལ་དོལ་རྒྱལ་བསྟེན་མཁན་ཡིན་ན་༧གོང་ས་མཆོག་གིས་གསུང་ཆོས་གནང་སར་མ་ཡོང་གསུང་གི་ཡོད་ལྟར།་ སྒྲིག་འཛུགས་ངོས་གནས་དེ་ག་རང་གསལ་བསྒྲགས་བྱེད་ཀྱི་ཡོད། དེ་མིན་དབང་ལ་བཅར་མི་ཆོག་པ་དང་གསུང་ཆོས་བཅར་ཆོག་པའི་གནས་བབ་ཅིག་མ་རེད།
དོལ་རྒྱལ་སྐོར་ལ་དྲང་པོ་བྱས་མེད་པ་དང་བསྙོན་འཛུགས་བྱས་པའི་ཡིག་ཆ་བཀྲམས་ནས་བཤད་བསྡད་པ་ཁོ་ན་མ་རེད། འགྲོ་བ་མིའི་ཐོབ་ཐང་གི་སྡེ་ཚན། འགྲོ་བ་མིའི་ཐང་ཐང་ལྷན་ཚོགས། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ། རྒྱ་གར་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་སོགས་ཕྱག་བྲིས་བཏང་ཡོད། ཡིན་ནའང་ཚན་པ་འདི་ཚང་མ་བློ་གཟུ་བོར་གནས་ནས་དེ་ཆོས་དད་རང་དབང་ལ་འབྲེལ་བ་མི་འདུག་ཅེས་སུ་ཞིག་གིས་བདག་སྤྲོད་གནང་མེད། དོལ་རྒྱལ་ཚོགས་པས་རྒྱ་གར་དབུས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ལ་སློབ་མ་༡༦ གི་གནས་སྟངས་ཞུ་གཏུག་ཕུལ་ཡོད་ཀྱང་། ༢༠༠༧ ལོའི་ཟླ་ ༡༢ ཚེས་ ༡༩ ཉིན་ལྷན་ཚོགས་ཀྱིས་ཡིག་ལན་དེ་ཁོ་ཚོར་བཏང་ཡོད་ལ་སྣེ་ལེན་ཁང་དུ་བཏང་འབྱོར་བྱུང་བའི་ནང་གསལ་བོ་བཀོད་འདུག
མཇུག་ཏུ་བདེ་སྲུང་བཀའ་བློན་མཆོག་གིས། རྒྱ་ནག་གཞུང་དང་དོལ་རྒྱལ་ཚོགས་པ་གཉིས་ཀྱི་གནས་སྟངས་གང་འདྲ་ཆགས་ཡོད་མེད་ཐུཊ་སྣང་གནང་མཁན་ཞིག་ཡིན་ན། དམངས་ཁྲོད་ཁ་བརྡའི་ནང་རྒྱ་ནག་གཞུང་དང་འབྲེལ་བ་ཡོད་པ་དང་། རྟག་པར་རྒྱ་ནག་གཞུང་ཚབ་ཀྱིས་སྐད་བཏང་ན་འགྲོ་བཞིན་ཡོད། ལྷག་པར་དུ་རྒྱ་ནག་གི་མཐོ་རིམ་དཔོན་རིཊ་སླེབ་སྐབས་སྐད་བཏང་ན་འགྲོ་བཞིན་ཡོད་ཅེས་ཧ་ལམ་ག་རེ་བྱེད་ཀྱི་ཡོད་མདོག་མདོག་གི་སྐད་ཆ་དེ་འདྲ་བཤད་པ་བདེན་པ་རེད་ལ་འགྲོ་ཡང་འགྲོ་ཡི་ཡོད། ༢༠༡༢ དང་ ༢༠༡༣ ལོར་བྱང་ཨ་རི་དགའ་ལྡན་རྙིང་བརྒྱུད་ཀྱི་རྒྱུན་ལས་མིང་འཁུར་མཁན་ག་ཚོད་ཅིག་བོད་དང་རྒྱ་ནག་ནང་ག་ཚོད་ཅིག་ཕྱིན་པ་དང་སྣེ་ལེན་ག་འདྲ་ཞིག་བྱས་སོང་། གནས་ཚུལ་དེར་ར་སྤྲོད་པ་ཞིག་བྱུང་མ་སོང་མ་གཏོགས་བོད་རང་སྐྱོང་ལྗོངས་ཀྱི་ཆབ་སྲིད་གྲོས་ཚོགས་ཚོགས་འདུའི་ནང་དོལ་རྒྱལ་བསྟེན་མཁན་མི་ཁ་ཤས་ཟུར་ཉན་བསླེབས་པའི་སྐད་ཆའང་ཡོད། གལ་སྲིད་འདི་འདྲའི་གནས་བབ་ཞིག་ཆགས་པར་འགྲེལ་བཤད་གསར་བ་གང་ཡང་རྒྱག་དགོས་པའི་གནས་སྟངས་ཤིག་མཐོང་མ་སོང་།
བོད་ནང་གི་དོལ་རྒྱལ་བསྟེན་མཁན་ཁ་ཤས་བེད་སྤྱོད་བཏང་སྟེ་ཨ་རི་དང་ཡུ་རོབ་ནང་འཁྲིད་ཡོང་གི་ཡོད། དཔེར་ན། ༢༠༡༢ ལོའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་ནེའུ་ཡོག་གྲོང་ཁྱེར་དུ་༧གོང་ས་མཆོག་གིས་ཆོས་དད་རང་དབང་སྤྲོད་ཀྱི་མེད་པའི་སྐོར་ལ་ཁོ་ཚོས་གསར་འགོད་གསལ་བསྒྲགས་ཤིག་བྱེད་པར་ཤུགས་བརྒྱབ་པ་རེད། འོན་ཀྱང་། ཚགས་པར་རྒྱག་མཁན་གཅིག་ཀྱང་བསླེབས་མེད་པར་ཁོ་ཚོས་སྐད་ཆ་སྟོང་པ་བཤད་པ་བརྒྱུད་ལམ་ནང་བཏང་བསྡད་ཡོད། ༢༠༡༣ ལོའི་ཟླ་ ༡༢ པའི་ནང་ནེའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒོ་འགྲམ་དུ་ཕྱིན་ཏེ་སྙན་ཞུ་ཞིག་ཕུལ་བ་དང་ཐ་ན་ཟས་བཅད་བྱེད་ཀྱི་ཡིན་ཚུལ་སོགས་བཤད་ཀྱི་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཁོ་ཚོ་མཉམ་དུ་གྲོས་མོལ་བྱེད་དགོས་པ་གང་ཡང་ཚོར་གྱི་མེད། སྐབས་དེའི་བཀའ་བློན་མཆོག་དང་དྲུང་ཆེ། དེ་མིན་པའི་བཀའ་བློན་མཆོག་གཞིས་ཆགས་ཕེབས་སྐབས་ལྷ་མིའི་སྲུང་སྐྱོབ་ཚོགས་པའི་འགན་འཛིན་ཡིན་ཟེར་མཁན་དང་མི་ཉི་ཤུ་སུམ་ཅུ་མཉམ་དུ་ཚོགས་འདུ་རབ་དང་རིམ་པ་ཚོགས་ཚར་བ་རེད། དེར་བརྟེན། ད་ཆ་དེ་འདྲ་བྱེད་དགོས་པ་མཐོང་མ་སོང་། དོལ་རྒྱལ་༧གོང་ས་མཆོག་གི་སྐུ་ཕྱྭར་ཉེན་ཁ་ཆེས་ཤོས་ཡིན་པ་དང་བོད་མིའི་ཆིག་སྒྲིལ་ལ་གནོད་སྐྱོན་ཆེ་ཤོས་ཆགས་ཀྱི་ཡོད་ཅེས་སོགས་གསུངས་སོང་།
གསར་འགོད་པ། ལྷ་སྐྱབས་རྒྱལ།
སྤྱིར་གསར་འགྱུར་འདིའི་ནང་ཡིག་ནོར་ཧ་ཅང་མང་པོ་འདུག ངས་ཞུ་འདོད་པ་ནི་གསར་འགྱུར་འདིའི་ནང་གི་སེར་སྨད་སེར་སྤོམ་གྲྭ་ཚང་ཞེས་པའི་ཚིག་འདི་ཡིན། སྐུ་ངོ་མཆོག་གི་ཚིག་ཟིན་ཡིན་ན་འདྲ་གསར་འགོད་པའི་ལག་ཤོར་ཡིན་ན་འདྲ། གང་ལྟར་འདི་ལ་གསལ་བཤད་ཅིག་གནང་རོགས་ཞུ་རྒྱུ་ཡིན། གང་ཡིན་ཞེ་ན་སྤེལ་ཀོབ་ཀྱི་དོལ་རྒྱལ་བའི་དགོན་པའི་མིང་སེར་སྤོམ་གྲྭ་ཚང་ཞེས་པ་ལས་སེར་སྨད་ཅེས་པའི་ཚིག་འདི་མེད། ཁྱོད་ཚོའི་ངོས་ནས་གནད་འདི་ཆུང་ཙག་ཅིག་ཡུན་ལས་ཆེ་མོད་སེར་སྨད་གྲྭ་ཚང་དང་སེར་སྨད་དང་འབྲེལ་ཡོད་སྐྱ་སེར་སུ་ཞིག་ཡིན་ཡང་ཚིག་འདིའི་ཉེས་སྐྱོན་དང་ཚོར་བ་དེ་མྱང་འདོད་མེད། མ་ཟད་སེར་སྨད་ཅེས་པའི་མིང་འདི་དོལ་རྒྱལ་པ་ཞིག་ལ་འབྲེལ་མེད་གཙང་སེལ་བྱ་བའི་ཆེད་དུ་སྐྱ་སེར་ཐུན་མོང་གིས་དམ་ཚིགས་གཅིག་སྒྲིལ་ངང་མི་རྒྱུ་གང་ཞིག་བློས་གཏང་དགོས་ཡང་བློས་བཏང་བྱས་སོང་ལ་ཕྱིས་སུའང་དེ་བཞིན་དུ་བྱ་པའི་དད་དམ་བརྟན་པོར་གནས་པའི་ཡིད་ཆེས་ཡོད། ཞེས་སེར་སྨད་གྲྭ་ཚང་གི་གྲལ་མཐའ་ཙམ་འཛིན་པ་འཇམ་དབྱངས་ཚུལ་ཁྲིམས་སྒེར་ནས་་་
ཨ་ཁ་་་་བདེ་སྲུང་བཀའ་བློན་གྱི་གསུང་བཤད་འདི་གསར་འགོད་པས་ཡིག་ཐོག་ལ་ཕབ་རྗེས་རྩོམ་སྒྲིག་པས་ཡག་པོ་ཞིག་བལྟས་ཡོད་ན་གང་དྲག སྲིད་དང་འབྲེལ་བ་ཡིན་པས་ཚིག་བརྗོད་གལ་ཆེན་པོ་ཡིན་པ་རེད་ཡ།
གོང་དུ་བཀའ་བློན་མཆོག་གི་འདྲེའི་རྗེས་དྲངས་པའི་བྱ་ལས་ཀྱི་སྐོར་ལ་ཧ་ཅང་གིས་གསལ་པོ་དང་ཞིབ་ཚགས་པོ་གསུང་འདུག་པ་དེ་ལ་སྙིང་དབུས་ནས་བརྒྱབ་སྐྱོར་དང་སྦྲགས་ཐུགས་རྗེ་ཆེ་ཟེར་ཞུ་རྒྱུ་ཡིན། གང་གསུང་ཐམས་ཅད་བདེན་པར་འདུག
དེ་དེ་བཞིན་དུ་བྱའོ། འོན་ཀྱང་གསར་འགོད་པས་གོང་དུ་ཤར་སྐལ་ལྡན་མུན་པར་རྒྱལ་བའི་གླིང་ཟེར་བྲིས་འདུག་ན་དེ་ནི་འདི་ལྟར་མིན་སྙམ། གང་ལགས་ཞེས་ན་གུས་པའི་མཐོང་བ་ལྟར་འདྲེ་གསོལ་གྱི་ཁང་སྒོ་རུ་ཤར་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཟེར་བྲིས་འདུག་བཅས་ཞུ་རྒྱུ་ཡིན།