མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛིན་སྐྱོང་གིས་བོད་རྒྱ་འབྲེལ་མོལ་མགོ་འཛུགས་གནང་ཐབས་བྱ་དགོས།

བོད་ཀྱི་དུས་བབ།
༢༠༡༤/༠༣/༢༣
Share on FacebookShare on TwitterShare on EmailShare on Whatsapp

གྲོས་ཚོགས་ཚོགས་དུས་བདུན་པའི་མཇུག་བསྡོམས་གཏམ་བཤད་སྐབས་ཚོགས་གཙོ་མཆོག་གིས། གྲོས་ཚོགས་ཀྱི་རེ་བ་གཙོ་བོ་འཛིན་སྐྱོང་གིས་སྔར་ལྷག་བོད་རྒྱ་འབྲེལ་མོལ་ཡོང་ཐབས་ལ་འབད་བརྩོན་གནང་སྟེ་མགོ་འཛུཊ་གནང་ཐབས་བྱ་དགོས་སྐོར་གསུངས་སོང་།

སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ་ཟླ་འདིའི་ཚེས་ ༡༡ ཉིན་ནས་བཟུང་གངས་སྐྱིད་གྲོས་ཚོགས་ཚོགས་ཁང་དུ་ཚོགས་ཏེ། བོད་ནང་གི་རང་ལུས་མེར་བསྲེཊ་དང་འབྲེལ་བའི་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དང་། རྩིས་ལོ་ ༢༠༡༤ དང་ ༢༠༡༥ ལོའི་ལོ་འཁོར་སྔོན་རྩིས། གཞུང་འབྲེལ་གྲོས་ཆོད་གྲོས་འཆར་དང་ཁྲིམས་བཟོའི་ལས་དོན་བཅས་ཀྱི་ཐོག་བགྲོ་གླེང་གོ་བསྡུར་དང་གཏན་འབེབས་བཅས་གནང་བ་དང་། དེ་རིང་ཚེས་ ༢༢ ཉིན་གྱི་སྔ་དྲོ་ཁྲིམས་བཟོའི་ལས་དོན་དང་གཞུང་འབྲེལ་གྲོས་ཆོད་གྲོས་འཆར། གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་བཅས་ཀྱི་ཐོག་བགྲོ་གླེང་གནང་རྗེས་མཇུག་སྒྲིལ་སོང་།

དེ་རིང་ཚོགས་གཙོའི་མཇུག་བསྡོམས་གཏམ་བཤད་སྐབས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས། བོད་ནང་ཛ་དྲག་གི་གནས་སྟངས་མུ་མཐུད་གནས་ཡོད་པའི་ཆ་ནས་སྐབས་བཅོ་ལྔ་བའི་གྲོས་ཚོགས་ཚོགས་དུས་བདུན་པ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་འཆར་ཐོག་མགོ་འཛུཊ་གནང་ཡོད་པ་དང་། མཇུག་བསྡུ་སྐབས་ཡང་དེ་ལྟར་མཇུག་བསྡུ་དགོས་པའི་ཐབས་སྐྱོ་བོའི་གནས་སྟངས་དེ་ ༢༠༠༨ ལོ་ནས་ད་བར་མུ་མཐུད་གནས་བསྡད་ཡོད་པ་མ་ཟད། ལོ་དེ་ནས་བཟུང་ཚོགས་འདུའི་མགོར་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་འཆར་དང་མཇུག་བསྡུ་སྐབས་ཡང་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་འཆར་འཁུར་དགོས་པའི་གནས་སྟངས་ཆགསས་ཡོད་པ་དང་། དེ་དག་གི་བྱུང་རྐྱེན་གཙོ་བོ་རྒྱ་ནག་གི་མགོ་ཁྲིད་ཚོས་མཁྲེགས་བཟུང་སྲིད་བྱུས་འགྱུར་བ་མ་བཏང་བར་བརྟེན་ནས་བྱུང་ཡོད་པ་དང་། དེས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་གང་འདྲ་ཞིག་ཆགས་ཡོད་མེད་ཀྱང་གསལ་སྟོན་བྱས་ཡོད་སྐོར་སོགས་གསུངས་སོང་།

ཚོགས་གཙོ་མཆོག་གིས་རང་ལུས་མེར་བསྲེཊ་ཐད། རང་ལུས་མེར་བསྲེཊ་ཐད་སྐབས་རེར་བོད་མིའི་སྒྲིག་འཛུགས་ཀྱི་མཆོད་འབུལ་སྨོན་ལམ་གོ་སྒྲིག་དང་། གྲོས་ཚོགས་ནང་གྲོས་ཆོད་བཞག་པའི་རྒྱུ་མཚན་ལ་བརྟེན་ནས་རང་ལུས་མེར་བསྲེཊ་གནང་མཁན་མང་དུ་འགྲོ་གི་ཡོད་མེད་ཀྱི་གནས་སྟངས་འདྲི་མཁན་ཡོང་གི་འདུག དེར་ཚོགས་གཙོའི་ངོས་ནས་ངོས་འཛིན་ཞུ་ཐུབ་ཀྱི་མེད་ཅེས་ཞུ་བཞིན་ཡོད། ང་རང་ཚོའི་འཐབ་རྩོད་ནང་བོད་ནང་གི་བོད་མི་ཚོས་སོ་སོའི་སྲོག་ཡན་བློས་གཏོང་ཐུབ་ཀྱི་ཡོད་སྟབས། ང་ཚོ་བཙན་བྱོལ་ནང་ཡོད་པའི་བོད་མི་ཚོས་ཁོང་ཚོའི་འབོད་སྒྲ་དང་མངོན་འདོད་གང་ཡིན་པ་དེ་འཛམ་གླིང་ནང་གསལ་སྤྲོད་དང་རྒྱབ་སྐྱོར་ཐོབ་པའི་ལས་འགུལ་སྤེལ་རྒྱུ་ལས་འགན་རེད་ལ། གྲོས་ཚོགས་ནང་ད་ལྟའི་དངོས་ཡོད་གནས་སྟངས་གང་ཡིན་ལ་གོ་བསྡུར་དང་གསལ་བོ་བཟོ་དགོས་པ་ལས་འགན་ཡིན་པའི་ཆ་ནས་བསྒྲུབ་ཀྱི་ཡོད། རང་ལུས་མེར་བསྲེཊ་དང་འབྲེལ་ཏེ་རྒྱ་ནག་གི་འགན་འཁུར་མཁན་ཚོས་བོད་མིའི་ནང་ཁུལ་དཀྲུག་ཤིང་རྒྱག་པའི་ལས་རིམ་སྣ་ཚོགས་ཤིག་སྤེལ་བསྡད་ཀྱི་ཡོད་པ་ང་ཚོ་ཚང་མས་མཁྱེན་གྱི་ཡོད། རྔ་བ་ལྟ་བུར་མཚོན་ན་རྒྱ་ནག་གི་མགོ་ཁྲིད་ཚོས་སྡིག་ར་སྐུལ་ཏེ། “ ཁྱེད་རང་ཚོ་བེད་སྤྱོད་གཏོང་གི་ཡོད་པ་རེད། ཁྱེད་རང་ཚོ་བེད་སྤྱོད་བཏང་ཚར་བའི་རྗེས་སུ་ཡ་བྱེད་མཁན་རག་གི་མ་རེད། ”ཅེས་བཤད་བསྡད་འདུག དེ་ཚོ་ང་ཚོས་ཤེས་ཀྱི་ཡོད། ཡིན་ནའང་། བོད་ནང་སྡོད་མཁན་བོད་མི་རེ་ཟུང་གིས་དངུལ་དང་དངོས་པོའི་ཁེ་ཕན་ལ་ལྟོས་ཏེ་རྒྱུགས་འགྲོ་མཁན་ཡོང་གི་ཡོད་པ་ལས། རྒྱ་ཆེ་ས་ནས་བོད་མི་མང་ཆེ་བ་ཞིག་གིས་གནད་དོན་དེ་དག་རྒྱ་ནག་གིས་བོད་མི་ནང་ཁུལ་དཀྲུག་ཤིང་རྒྱག་པ་དང་། བོད་ནང་དང་བཙན་བྱོལ་བོད་མིའི་བར་མཐུན་སྒྲིལ་མི་ཡོང་བའི་ལས་གཞི་རྩོམ་བཞིན་པ་གསལ་བོ་མཁྱེན་པའི་ཐོག་ནས་ད་དུང་ཡང་ཆིག་སྒྲིལ་གྱི་ནུས་པ་ཤུགས་ཆེར་བསྐྲུན་པའི་ལས་འགུལ་སྤེལ་གྱི་ཡོད་པ་རེད། གྲོས་ཚོགས་འདི་བརྒྱུད་ནས་བོད་ནང་ཡོད་པའི་བོད་མི་ཚོར་དེ་འདྲའི་མགོ་སྐོར་བསླུ་བྲིད་དང་གནོན་ཤུགས། སྡིག་ར་འོག་ད་བར་ཚུད་ཡོད་པ་མ་རེད་ལ། མ་འོངས་པར་ཡང་མ་ཚུད་པ་གནང་རོགས་གནོངས། ཞེས་གསུངས་སོང་།

ཡང་ཚོགས་གཙོ་མཆོག་གིས་གྲོས་ཚོགས་ནང་དོལ་རྒྱལ་དང་འབྲེལ་བའི་གྲོས་ཆོད་གཏན་འབེབས་བྱས་པའི་ཐད། ད་རེ་གྲོས་ཚོགས་ནང་ལས་དོན་གལ་ཆེ་བ་གཅིག་དོལ་རྒྱལ་རྗེས་འབྲངས་པའི་གནས་སྟངས་དང་འབྲེལ་བའི་གཞུང་འབྲེལ་གྲོས་ཆོད་ཅིག་འཇོག་ཐུབ་ཡོད། དེར་སྤྱི་འཐུས་སོ་གཉིས་སོ་གསུམ་ཞིག་གིས་ཆ་ཤས་བླངས་པ་རེད། འཛིན་སྐྱོང་གི་ངོས་ནས་འབྲེལ་ཡོད་བཀའ་བློན་དང་སྲིད་སྐྱོང་མཆོག་བཅས་ཀྱིས་ཆ་ཤས་བླངས། ལྷག་པར་དུ་བདེ་སྲུང་ལས་ཁུངས་ཀྱིས་ནས་ད་ལྟའི་བར་དོལ་རྒྱལ་རྗེས་འབྲངས་པས་བོད་མི་ཚོར་འཚེ་བའི་ལས་གང་དང་གང་བརྩམས་ཡོད་མེད་ཀྱི་ཟླ་དུས་ཚེ་གྲངས་མིང་དང་བཅས་པ་གྲོས་ཚོགས་འདིའི་ནང་སྙན་གསེང་དང་། ༧གོང་ས་མཆོག་གི་སྐུ་ཕྱྭར་བདོ་བའི་དོལ་རྒྱལ་རྗེས་འབྲངས་པས་ག་རེ་བྱེད་ཀྱི་ཡོད་མེད་ཆ་ཚང་གསལ་བོར་གྲོས་ཚོགས་འདིའི་ནང་སྙན་སེང་གནང་ཡོད་སྟབས། སྲིད་སྐྱོང་མཆོག་གིས་གསུངས་ལྟར་བང་ཡག་པོ་བསྒྲིགས་ཏེ་མང་ཚོགས་ནང་གསེལ་བཀྲོལ་བྱེད་དགོས་པ་ཞིག་དང་། ལྷག་པར་དུ་ང་ཚོའི་མི་རབས་གསར་བའི་ནང་གནས་ཚུལ་དེ་ཚོའི་སྐོར་མི་ཤེས་མཁན་ཚོར་ག་དུས་ཡིན་ཡང་བལྟ་ཆོག་ཆོག་ཡོད་པའི་ཡིག་ཆ་ཞིག་དྲ་ལམ་དང་ཤོག་བུ་ཐོག་ཕུལ་ཐུབ་པའི་གནས་བབ་ཅིག་དང་། དེ་ཡང་བོད་རྒྱ་དབྱིན་གསུམ་ཐོག་འཇོག་རྒྱུར་འབད་བརྩོན་གནང་རོགས། ཞེས་གསུངས་སོང་།

ཁོང་གིས་མུ་མཐུད་གསུང་དོན། བོད་ནང་འདས་པའི་ལོ་ཁ་ཤས་ནང་གུ་རུ་རིན་པོ་ཆེའི་སྐུ་གཏོར་རྒྱུའི་ལས་གཞི་བརྩམས་ཡོད་པ་རེད། ཤེས་རྟོགས་བྱུང་གསལ་ལ་ཁམས་ཀྱི་ས་ཁུལ་ཁག་ཅིག་ཏུ་དོལ་རྒྱལ་སྐུ་ཆེན་པོ་དེ་འདྲ་བྲག་ངོས་སུ་བཞེངས་ཏེ་མ་འོངས་པ་གཏོར་དགོས་ཀྱང་གཏོར་ཁག་པོ་ཆགས་པ་དེ་འདྲ་བཟོ་བསྡད་ཀྱི་ཡོད་པ་རེད། དེ་ཚོ་ང་ཚོ་ཚང་མས་ཤེས་ཀྱི་ཡོད་པ་རེད། རྒྱུ་མཚན་དེ་དག་ལ་བརྟེན་ནས་བོད་ནང་ཡོད་པའི་བོད་མི་ཚོས་དོལ་རྒྱལ་དང་འབྲེལ་བའི་གནད་དོན་གསལ་བོ་བྱས་ནས་མཁྱེན་དགོས་པ་རེད། ཁ་སང་བཀུར་འོས་སྤྱི་འཐུས་ཤིག་གིས་གསུངས་པ་རེད། བཙན་བྱོལ་ནང་ཡོད་པའི་དོལ་རྒྱལ་རྗེས་འབྲངས་པ་ཚོ་བོད་ནང་ག་དུས་འགྲོ་ན་ག་བར་འགྲོ་ན་འགྲོ་ཆོག་ཆོག རྒྱ་ནག་གི་སྡིངས་ཆ་དང་མི་མང་འདུ་འཛོམས་ཐོག་སྐད་ཆ་བཤད་རྒྱུའི་གོ་སྐབས་བསྐྲུན་པ། དེ་ཚོ་བྱས་བསྡད་ཀྱི་ཡོད་པ་རེད། ཡིན་ནའང་། མི་མང་གི་ངོས་ནས་ད་ལྟའི་བར་བོད་ནང་དེའི་ཐོག་གདོང་ལེན་ཡག་ཐག་ཆོད་ཅིག་ཡོང་གི་འདུག་བསམ་བསམ་ཞིག་འདུག ཡིན་ནའང་ས་ཆ་ཁ་ཤས་ཤིག་ལ་གནས་ཚུལ་གསལ་བོ་ཆགས་མ་ཆགས་ཀྱི་གནས་སྟངས་འོག ཁག་ཅིག་གིས་ང་ཚོའི་བླ་མ་རིན་པོ་ཆེ་དེའི་འདྲའི་བཀའ་གནང་ཡོད་ཀྱི་མ་རེད་ཅེས་པ་དེ་འདྲ་ཡང་ཡོང་བསྡད་ཀྱི་ཡོད་ས་རེད། ༧གོང་ས་མཆོག་གིས་དོལ་རྒྱལ་གནད་དོན་དང་འབྲེལ་བའི་ཐོག་ནས་ཁ་སང་ང་ཚོས་གྲོས་ཆོད་ནང་བཀོད་པ་ནང་བཞིན། དགོངས་པ་མང་པ་བཞེས་བརྟག་དཔྱད་གནང་ནས་བཀའ་སློབ་གནང་ཡོད་པ་དེ་ད་རེབ་གྲོས་ཚོགས་བརྒྱུད་ནས་བོད་ནང་ཡོད་མཁན་ཚོས་༧རྒྱལ་བ་རིན་པོ་ཆེས་བཀའ་སློབ་གནང་བཞག་པ་དེ་གསན་པ་དང་མཇལ་བའི་གོ་སྐབས་མ་བྱུང་བ་དེ་འདྲ་ཡོད་པ་ཡིན་ན། དེ་ཅིག་ཞུས་ནས་བསམ་སོང་། དེ་དེ་བཞིན་གྱིས་སྦང་བླངས་ཚུལ་བཞིན་བྱེད་རྒྱུའི་ཐོག་ང་ཚོས་ཆིག་སྒྲིལ་གྱི་ནུས་པ་སྤུངས་རྒྱུ་དང་། བོད་རྩ་དོན་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ཡིན་པ་ངོས་འཛིན་གསལ་བོ་བྱས་པའི་ཐོག་ནས་མགོ་སྐོར་བསླུ་བྲིད་འོག་མ་ཚུད་པར་བྱ་རྒྱུ་དང་། ལྷག་པར་དུ་སོ་སོའི་ཐག་ཆོད་པའི་ཐོག་གནང་དགོས་པ་གལ་ཆེན་པོ་རེད། ཅེས་གསུངས་བྱུང་།

སྔོན་རྩིས་གནས་སྟངས་ཐད་ཚོགས་གཙོ་མཆོག་གིས། སྔོན་རྩིས་སྤྱི་ཡོངས་ཀྱི་གནས་བབ་ཐོག་གྲོས་ཚོགས་སྔོན་མའི་ནང་བཀའ་མོལ་བྱུང་བ་རེད། ད་རེབ་དཔལ་འབྱོར་བཀའ་བློན་གྱི་སྔོན་རྩིས་གསུང་བཤད་ནང་འདས་པའི་ལོ་གཉིས་ཀྱི་གནས་སྟངས་སྙན་སྒྲོན་གནང་ཡོད་པ་རེད། ཕྱོགས་ཡོང་ནས་ཡོང་མང་བ་དང་སོང་ཉུང་བའི་གནས་བབ་སྔོན་རྩིས་གསུང་བཤད་ནང་འཁོད་བསྡད་ཡོད་པ་རེད། སྔོན་རྩིས་མ་དངུལ་དང་གཏན་འཇགས་མ་དངུལ་གྱི་གནས་སྟངས་དེ་ས་ཡ་ ༨༠༡ ཆགས་བསྡད་ཡོད་པ་རེད། དེ་ ༡༩༩༦ ལོ་ནས་མགོ་བཙུགས་པ་རེད། མགོ་ཚུགས་དགོས་དོན་དེ་ཡང་གཏན་འཇགས་མ་དངུལ་ཤུགས་ཆེ་རུ་གཏོང་ཐུབ་པ་ཡིན་ན། སྤྱི་བབ་ཀྱི་ཐོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་འགྲོ་སོང་གཏོང་ཐུབ་ཀྱི་རེད་བསམ་པའི་རེ་བ་བརྒྱབ་ཡོད་ཀྱང་། འཛམ་གླིང་སྤྱིའི་དཔལ་འབྱོར་གྱི་འགྱུར་འགྲོས་དང་། ལྷག་པར་དུ་རྒྱ་གར་གྱི་དཔལ་འབྱོར་གནས་སྟངས་ཡར་རྒྱས་ཕྱིན་པ་ལ་བརྟེན་ནས་སྤྱི་བབ་དེ་རང་བཞིན་གྱིས་ཉུང་དུ་ཕྱིན་ཡོད་སྟབས། ཐོག་མའི་རེ་བ་ལྟ་ད་ལྟ་འགྲོ་ཐུབ་ཀྱི་མེད་ཀྱང་། ༡༩༩༦ ནས་ད་ལྟའི་བར་སྔོན་རྩིས་མ་དངུལ་དང་བརྟན་འཇགས་མ་དངུལ་ནང་ས་ཡ་དེ་འདྲ་ཞིག་བསླེབ་པ་དེ་ག་རང་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡིན་པ། དངོས་ཡོད་གནས་སྟངས་ཀྱི་ཐོག་ནས་ལས་འཆར་མ་དངུལ་དང་སྤྱི་བཏང་མ་དངུལ་ཐོག་ནས་བགྲོ་གླེང་སྐབས་ཟུར་བཀོད་ནང་མང་པོ་ཞིག་བཏང་བསྡད་ཀྱི་འདུག་ཅེས་པའི་གནས་བབ་དེ་རེད། དེ་ཚོའི་གྲས་ཏེ་ཕྲན་བུ་ཉུང་དུ་འགྲོ་གི་ཡོད་ཀྱང་། ཕྱོགས་གཉིས་ཀ་ནས་བལྟས་པ་ཡིན་ན། གནས་སྟངས་འགྲིག་ཐག་ཆོད་ཡོད་པ་ཞིག་སྔོན་རྩིས་གསུང་བཤད་ནང་གསལ་བོ་ཆགས་བསྡད་ཡོད་པ་རེད་ལ། ཟུར་བཀོད་ལྷག་འཆར་ཡིན་ནའང་ས་ཡ་ ༡༨༧༡ ཡོད་པ་རེད། དེའི་ནང་ལས་འཆར་དངུལ་ལོ་རང་ག་གཅིག་པུ་མིན་པར་ལོ་ཁ་ཤས་གནང་དགོས་པའི་དངུལ་བབ་དེ་དག་ཚུད་བསྡད་ཀྱི་ཡོད་པ་རེད། ལས་འཆར་མ་ཡིན་པའི་དངུལ་དེ་དག་མ་དངུལ་གྱི་སྲོལ་འདྲ་ཆགས་བསྡད་ཡོད་སྟབས། ཁྱོན་ཡོངས་ཀྱི་གནས་བབ་ནས་བལྟས་ན་འགྲིག་ཐག་ཆོད་འདུག་བསམ་བསམ་སྔོན་རྩིས་ནང་མཇལ་ཐུབ་པ་ཞིག་རེད། ཅེས་གསུངས་བྱུང་།

མཇུག་ཏུ་ཚོགས་གཙོ་མཆོག་གིས་བོད་རྒྱ་འབྲེལ་མོལ་ཐད་འཛིན་སྐྱོང་བཀའ་ཤག་ལ་རེ་སྐུལ་གྱི་ཚུལ་དུ་གསུང་དོན། “ དེ་རིང་སྲིད་སྐྱོང་མཆོག་གིས་སྤྱི་ཡོངས་ཀྱི་གནད་དོན་དང་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་གནས་སྟངས་བཅས་ཆ་ཚང་ཐོག་འགྲེལ་བཤད་ཅིག་གནང་བ་རེད། གྲོས་ཚོགས་འདིའི་ངོས་ནས་རེ་བ་ག་རེ་ཞུ་བཞིན་ཡོད་ཅེ་ན། འཛིན་སྐྱོང་གི་ངོས་ནས་སྔར་ལྷག་བོད་རྒྱ་འབྲེལ་མོལ་ཡོང་ཐབས་ལ་འབད་བརྩོན་གནང་རྒྱུ་གལ་ཆེན་པོ་ཆགས་ཀྱི་འདུག རྩ་བའི་མ་གནང་བ་མིན་ཡང་། ད་ལྟའི་བར་གྲོས་ཚོགས་ཀྱི་ངོས་ནས་ག་རེ་གནང་ཡོད་མེད་དང་ག་རེ་བྱེད་ཀྱི་ཡོད་མེད་རྩ་བ་ཉིད་ནས་ཉན་ཞིབ་དགོས་པ་དང་བྱས་ཡོད་མེད་སོགས་ཞུས་མེད། ཞུ་མི་དགོས་པ་དེ་དགོས་པ་རྒྱུ་མཚན་ཞིག་གི་ཐོག་ནས་རེད། འཛིན་སྐྱོང་གི་ངོས་ནས་ཏན་ཏན་གནང་གི་ཡོད་ཀྱི་རེད་ལ། ཚོགས་གཙོའི་ངོས་ནས་གྲོས་ཚོགས་འདི་བརྒྱུད་ལོ་འདིའི་ནང་རེ་བ་ཆེན་པོ་ཞིག་བརྒྱབ་བསྡད་ཡོད། མཁས་པ་ཚོའི་མང་པོ་བཤད་བསྡད་ཡོད་པ་རེད། དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཀྱང་གསུངས་པ་རེད། ཞི་ཅིན་ཕིན་གྱིས་དབང་ཆ་ཚང་མ་ཡར་སྒྲུག་ཚར་དུས་བློ་ཁོག་ལྡན་པའི་ངང་དང་། ལྷག་པར་དུ་བོད་དང་ཆབ་སྲིད་གནད་དོན་གཞན་པའི་དཀའ་ངལ་སེལ་ཐབས་ལ་ཤུགས་རྒྱག་མདོག་ཁ་བོ་རེད། ང་ཚོའི་བོད་ཀྱི་གནད་དོན་གསོན་པོར་གནས་ཐུབ་རྒྱུ་གལ་ཆེན་པོ་རེད་ལ། ལྷག་པར་དུ་བོད་རྒྱ་འབྲེལ་མོལ་གྱི་གནད་དོན་དེ་མགོ་འཛུགས་ཐུབ་པ་གནང་རྒྱུ་གལ་ཆེན་པོ་རེད། ” ཅེས་གསུངས་སོང་།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༡༤ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 4

  1. ཇོ་རུ་ཚེ་རིང་། says:
    ལོ་ 12 སྔོན།

    བོད་རྒྱ་འབྲེལ་མོལ་བྱུང་ནས་བོད་དོན་དཀའ་ངལ་སེལ་ཐུབ་བྱུང་རྒྱུ་ནི་ཀུན་གྱི་འདོད་བློ་ལོས་ཀྱང་ཡིན་ཏེ། མིག་བཙུམས་རྣ་བཀབ་སྟེ་མིག་མེད་རྣ་མེད་ཚོར་བ་མེད་འདུ་ཤེས་མེད་འདུ་བྱེད་མེད་པའི་ཚུལ་དུ། བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་བསྐྱར་མཐུད་བསྐྱར་མཐུད་དགོས་ལུགས་ཁ་ལ་བདེ་ཕྱོགས་ཀྱིས་མ་ཎི་ལྟར་བགྲང་བསྡད་ན། དེས་ནུས་པ་ཅི་ཞིག་འཐོན་མིན་ཧ་ཅང་བཤད་ཁག་པོ་རེད། ཕྱི་ཟླ་གསུམ་པའི་ནང་ཚོགས་པའི་རྒྱ་ནག་རྒྱལ་ཡོངས་དམངས་འཐུས་དང་སྲིད་གྲོས་ཚོགས་འདུའི་སྐབས། ཀྲུའུ་ཝེ་ཆོན་གྱིས་སྲིད་གྲོས་ཚོགས་འདུའི་སྟེང་སྤེལ་བའི་མི་རིགས་དང་ཆོས་ལུགས་སྡེ་ཁག་གི་བྱ་བའི་ལས་བསྡོམས་སྙན་ཐོ་དང་། བོད་རྒྱ་འབྲེལ་མོལ་ཐད་སྤེལ་བའི་ལན་འདེབས་དག་ལ་བཀུར་འོས་བཀའ་སྤྱི་ལྷན་རྒྱས་ཀྱིས་ཞིབ་གཟིགས་ཤིག་གནང་རྗེས། ད་གཟོད་ང་ཚོའི་ངོས་ནས་ཀྱང་འབྲེལ་མོལ་ཐད་སྐད་ཆ་ག་རེ་བཤད་དགོས་མིན་དང་གོམ་པ་ཇི་ལྟར་རྒྱག་དགོས་མིན་ཐད་བསམ་བློ་གཏོང་དགོས་པ་འདྲ།

    Reply
  2. འཇམ་གཅེས ། says:
    ལོ་ 12 སྔོན།

    རྒྱ་བོད་འབྲེལ་མོ་ཡོང་མིན་དེ་ནི་རྒྱ་ནག་རང་ལ་རག་ལས་ཡོད་པ་ལས་དེ་མིན་འཛིན་སྐྱོང་ལ་བྱེད་ཡག་གང་ཡང མེད་པ་ནི་ས་རིས་ཐང་གསལ་རེད།

    Reply
  3. གནས་ཚང་། says:
    ལོ་ 12 སྔོན།

    བོད་རྒྱ་འབྲེལ་མོལ་ཡོང་དགོས་ན། གྲོས་ཚོགས་ཀྱི་ངོས་ནས་གནོད་གཞིའི་ལས་ཀ་ལས་རུང་གི་མ་རེད། ཡིན་ནའི། གྲོས་ཆོད་ཁག་ཅིག་གནོད་གཞི་རང་རེད།

    Reply
  4. འབྲུག་སྨྱོན། says:
    ལོ་ 12 སྔོན།

    ཞི་ཅིན་ཕིན་གྱིས་དབང་ཆ་ཚང་མ་ཡར་སྒྲུག་ཚར་དུས་བློ་ཁོག་ལྡན་པའི་ངང་དང་། ལྷག་པར་དུ་བོད་དང་ཆབ་སྲིད་གནད་དོན་གཞན་པའི་དཀའ་ངལ་སེལ་ཐབས་ལ་ཤུགས་རྒྱག་མདོག་ཁ་བོ་རེད། ཟེར་ནས་བཀའ་སྤྱི་གཉིས་ནས་དུས་ནར་འགྱངས་བྱ་རྒྱུ་ཡིན་ནམ། ཁ་དཔེར། བོད་རེ་བས་འཕུང། །རྒྱ་དོགས་པས་འཕུང། །ཞེས་པ་ལྟར་རེད། ངང་སྒུག་མ་གནང་པར་ལས་འཆར་གསར་པ་དང་ཐབས་ལམ་གསར་པར་འཚོལ་དགོས། འདི་ནི་གསར་གཏོད་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese