ཁ་སང་ཧི་མ་ཅལ་མངའ་སྡེའི་ཉེན་རྟོག་པས་ཀེ་ནོར་རྫོང་ནེམ་གྷི་གྲོང་ཚོར་རྒྱ་མི་གཉིས་དང་ལ་དྭགས་ཀྱི་བུད་མེད་གཉིས་བཅས་མི་བཞི་འཛིན་བཟུང་བྱས་ཡོད་འདུག
ཁ་སང་ཕྱི་ཚེས་ ༣༠ ཉིན་ཧི་མ་ཅལ་མངའ་སྡེའི་ཀེ་ནོར་རྫོང་ཉེན་རྟོག་པས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཤེབ་ཀི་ལའི་ (Shipkila Pass) ཉེ་འཁྲིས་ཀྱི་ནེམ་གྷི་ ( Namgia) གྲོང་ཚོར་ཐོངས་མཆན་ལག་འཁྱེར་ཡོད་པའི་རྒྱ་མི་ ༢ དང་ལ་དྭགས་ཀྱི་བུད་མེད་ ༢ བཅས་མི་བཞི་འཛིན་བཟུང་བྱས་ཡོད་པ་དང་། དེ་ནི་ཆོག་མཆན་མེད་པར་རྒྱ་གར་གྱི་སྲུང་སྐྱོབ་ས་ཁུལ་གྱི་ས་མཚམས་གྲོང་ཚོར་ཕྱིན་ཡོད་སྟབས། སོ་ཉུལ་བ་རེད་བསམ་ཏེ་འཛིན་བཟུང་བྱས་ཡོད་ཚུལ་བསྒྲགས་འདུག
ཧི་མ་ཅལ་ཀེ་ནོར་རྫོང་སྤྱི་ཁྱབ་ཉེན་རྟོག་པ་ཝུ་ཇའེ་བྷོ་ཌ་ (Ajay Bodh) ལགས་ཀྱིས། ད་ལྟ་བཀག་ཉར་འོག་ཡོད་པའི་རྒྱ་རིགས་དེ་གཉིས་ལ་རྒྱ་གར་ནང་འགྲོ་འོང་བྱེད་ཆོག་པའི་ཐོངས་མཆན་ལག་འཁྱེར་ཆ་ཚང་ཡོད་ཀྱང་། རྒྱ་དཀར་ནག་གི་ས་མཚམས་ཀྱི་གྲོང་ཚོར་ཡོང་དོན་ལ་ཞིབ་འཇུག་བྱེད་བཞིན་ཡོད་སྐོར་བརྗོད་ཡོད་པ་མ་ཟད། ཀེ་ནོར་རྫོང་ནེམ་གྷི་གྲོང་ཚོ་ནི་རྒྱ་དཀར་ནག་གཉིས་ཀྱིས་ས་མཚམས་ཆགས་ཡོད་པ་དང་། ས་མཚམས་བརྒལ་ཚེ་རྒྱ་གཞུང་གི་ས་ཁོངས་ཤིབ་ཀི་ལ་གྲོང་ཚོར་བསླེབ་ཀྱི་ཡོད་སྟབས། ཆོག་མཆན་ཡོད་པའི་ཚོང་པ་ལས་ཕྱི་རྒྱལ་གྱི་མི་སེར་འགྲོ་ཆོག་གི་མེད་སྐོར་བརྗོད་འདུག
ཡང་ཁོང་གིས། “ ཕྱི་རྒྱལ་མི་རིགས་ཚོ་ནེམ་གྷི་གྲོང་ཚོར་འགྲོ་དགོས་ཚེ། ཨག་ཧྥ་ ( Akpa ) གྲོང་རྡལ་གྱི་རྒྱལ་སྤྱིའི་ཞིབ་བཤེར་ས་ཚིགས་ནས་ཐོངས་མཆན་ལག་འཁྱེར་ལ་ཞིབ་བཤེར་བྱས་རྗེས་གཏོང་གི་ཡོད་ཀྱང་། ད་ལྟ་ཤིབ་ཀི་ལར་གངས་ཆེན་པོ་བབས་ཏེ་འགྲོ་འོང་དཀའ་སྟབས། རྒྱ་མི་དེ་གཉིས་གང་འདྲ་བྱས་ཏེ་ཐར་ཡོད་མེད་ལ་ཞིབ་འཇུག་བྱེད་བཞིན་ཡོད། ”ཅེས་བརྗོད་འདུག
༢༠༠༩ ལོར་རྒྱ་གར་གཞུང་གིས་རྒྱ་ནག་གི་སོ་ཉུལ་བ་ལི་ཞོན་ (Ley Xiuan) ཞེས་པ་དང་། ༢༠༡༡ ཟླ་ ༡ ཚེས་ ༡༨ ཉིན་རྒྱ་གར་གསང་བའི་ལས་ཁུངས་ཀྱིས་རྒྱ་བལ་ས་མཚམས་བྷ་ར་ཆིར་ (BAHRAICH) རྒྱ་རིགས་སོ་ཉུལ་བ་ཡུག་ཐེ་ཏུང་ (Mipix Utidong) དང་། ཧན་ཁི་སིང་ (Hanksang) ། ཆན་ལོང་ (Chainlong) བཅས་མི་གསུམ་འཛིན་བཟུང་བྱས་ཡོད་ལ། ༢༠༡༣ ཟླ་ ༥ ཚེས་ ༢༣ ཉིན་དྷ་རམ་ས་ལར་བོད་རིགས་སོ་ཉུལ་བ་སྤེན་པ་ཚེ་རིང་ཟེར་བ་ཞིག་འཛིན་བཟུང་བྱས་ཡོད།
ཉེ་ལམ་རྒྱ་གར་གསང་བའི་ལས་ཁུངས་ཀྱིས་རྒྱ་གཞུང་གིས་བལ་ཡུལ་བརྒྱུད་རང་ལོ་ ༡༨ ནས་ ༣༥ བར་གྱི་སོ་ཉུལ་བ་མང་པོ་ཞིག་རྒྱ་གར་ནང་བཏང་སྟེ་བོད་མིའི་གཞིས་སྒར་དང་དགོན་སྡེ་ཁག་ནང་ཡིབ་སྡོད་ཀྱིས། ༧གོང་ས་མཆོག་གི་སྐུ་ཕྱྭ་དང་བོད་མིའི་སྒྲིག་འཛུགས་ལ་ཉེན་ཁ་བཟོ་བཞིན་ཡོད་པ་དང་། ད་ལྟ་རྒྱ་གར་ནང་ཉུང་མཐར་ཡང་རྒྱ་གཞུང་གི་དོགས་ཡོད་སོ་ཉུལ་ཕོ་མོ་མི་ ༡༠༠ ནས་ ༢༥༠ བར་ཡོད་སྐོར་བརྗོད་འདུག
གསར་འགོད་པ། དོན་གྲུབ།