བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་གི་སྐུ་ཚེའི་ལོ་རྒྱུས་ཀྱི་དཔེ་དེབ་པར་སྐྲུན་ལེཊ་འགྲུབ་བྱུང་ཡོད་འདུག
དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་འདི་གར་གནས་ཚུལ་བཏང་འབྱོར་ལྟར་ན། བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་གིས་བརྩམས་པའི་ལོ་རྒྱུས་གྱི་དཔེ་ཚོགས་དེབ་གྲངས་ཉེར་ ༢༡ དང་། དཀར་ཆག་ཕྱོགས་བསྒྲིགས་དེབ་ ༡ བཅས་པར་སྐྲུན་ལེགས་གྲུབ་ཟིན་རྗེས། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༩ ཉིན་ འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༩ ཉིན་འཇུ་ཆེན་ཚང་གི་ནང་མི་རྣམས་༸གོང་ས་མཆོག་གི་སྐུ་མདུན་དུ་ཆེད་བཅར་གྱིས་པར་ཕུད་ཕུལ་ཟིན་ཡོད་པ་དང་། ཟླ་འདིའི་ཚེས་ ༥ ཉིན་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་གྱི་མངའ་ཁོངས་སྦིར་ཅོན་ཏ་རའི་འཇུ་ཆེན་ཚང་དུ་བཀའ་བློན་ཁྲི་ཟུར་མཆོག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་ཉེ་རབས་བོད་ཀྱི་བྱུང་བ་བརྗོད་པའི་གཏམ་ཚོགས་སྲིད་པའི་མེ་ལོང་པར་སྐྲུན་ལེགས་གྲུབ་ཟིན་པའི་དགའ་སྟོན་གྱི་འདུ་འཛོམས་ཤིག་གནང་ཡོད་འདུག
འདུ་འཛོམས་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ངག་དབང་ཆོས་གྲགས་མཆོག་དང་། སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག སྤྱི་འཐུས་ཚོགས་ཟུར་ཀརྨ་ཆོས་འཕེལ། སྤྱི་འཐུས་བསྟན་པ་ཡར་འཕེལ། སྤྱི་འཐུས་ག་ཟི་དགེ་བཤེས་ཚེ་རིང་པོ། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན། སྤྱི་འཐུས་འཇམ་དབྱངས་བཟོད་པ། སྤྱི་ཟུར་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་རིན་པོ་ཆེ། བླ་ཁྲི་མཁན་པོ་ཉི་མ་གྲགས་པ་རིན་པོ་ཆེ། ནང་སྲིད་དྲུང་ཆེ་འཁོར་ལྷ་བསོད་ནམས་སྟོབས་རྒྱལ། མདོ་ཁམས་ཆུ་བཞི་སྒང་དྲུག་གི་དབུས་རྒྱུན་ཚོགས་གཙོ་པདྨ་བདེ་ལེགས། ཆུ་སྒང་དབུས་རྒྱུན་དངུལ་གཉེར་སྐྱུ་ར་དཔའ་རྡོ། ཆུ་སྒང་དགེ་རྩའི་ཚོགས་གཙོ་གོ་བོ་བློ་བཟང་ཕན་བདེ། ཆུ་སྒང་དབུས་རྒྱུན་ཀརྨ་མཁས་གྲུབ། དཔལ་སྤུངས་ཤེས་རབ་གླིང་གི་དགེ་སྐོས་བསྟན་པ་རབ་རྒྱས། དཔལ་སྤུངས་བཙུན་དགོན་ཡེ་ཤེས་རབ་རྒྱས་གླིང་གི་བླ་མ་བསོད་ཚོགས། རྫོང་སར་བཤད་གྲྭའི་མཁན་པོ་ཚེ་རིང་། སྦིར་སྡེ་ནང་གཉིས་ཀྱི་ས་གནས་ཆུ་སྒང་གི་རྒྱུན་ལས་གཙོས་གནད་ཡོད་མི་སྣ་ཁག་དང་། འཇུ་ཆེན་ཚང་གི་ནང་མི་ཉེ་འབྲེལ་དང་དགའ་ཉེ་བློ་དཀར་བཅས་མི་ ༤༠ ཙམ་འཛོམས་ཏེ། འཇུ་ཆེན་ཚང་གི་མཆོད་ཁང་དུ་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་སྣང་གསལ་མར་མེ་ཞལ་དབྱེ་དང་དཔེ་དེབ་རྣམས་དབུ་འབྱེད་བཅས་གནང་ཡོད་པ་མ་ཟད།
བཀའ་བློན་ཁྲི་ཟུར་མཆོག་གིས་སྐུ་ཚེ་ཧྲིལ་བོ་བོད་བསྟན་སྲིད་མི་རིགས་ཆེད་བཏང་བར་བཀའ་དྲིན་རྗེས་དྲན་དང་། ༸གོང་ས་མཆོག་གི་བཀའ་སློབ་ལྟར་དམ་པ་ཁོང་གིས་མི་ལོ་ ༡༦ ཙམ་གྱི་རིང་བརྩམས་པའི་ལོ་རྒྱུས་དེབ་གྲངས་ ༢༡ པར་སྐྲུན་ལེགས་གྲུབ་བྱུང་བར་ཤུལ་ལུས་ནང་མིར་ལྟོས་བཅས་རྣམས་ཀྱིས་ཁོང་གི་མཛད་རྗེས་ལ་སྲི་ཞུ་རྣམ་དག་ཅིག་འགྲུབ་པར་རྗེས་སུ་ཡི་རང་ཞུས་ཡོད་འདུག་ལ། དམིགས་བསལ་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ངོས་ནས་ འཇུ་ཆེན་ཚང་གི་ནང་མི་དང་། རྩོམ་སྒྲིག་གི་ལས་དོན་གནང་མི་ཚང་མར་ལེགས་དར་དང་དེར་འདུས་ཡོངས་ལ་རྟེན་འབྲེལ་ གྱི་མངར་ཟས་འབུལ་གནང་མཛད་ཡོད་འདུག
བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་གི་སྐུ་ཚེའི་ལོ་རྒྱུས་ཀྱི་དེབ་ཕྲེང་རྣམས་ནི། ཐོག་མར་ཁོང་ཉིད་ནས་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་ལས་དོན་གྲུབ་པ་དང་། ༡༩༩༥ ལོར་༸གོང་ས་མཆོག་གིས་ཁོང་ལ་མི་ཚེའི་ལོ་རྒྱུས་འབྲི་རྩོམ་བྱས་ན་མི་རབས་རྗེས་མའི་ཕྱི་མིག་བལྟ་ཡུལ་གལ་ཆེ་ཆགས་ཀྱི་ཡིན་པའི་བཀའ་སློབ་གནང་བ་ནས་བཟུང་འབྲི་མགོ་བརྩམས་ཡོད་པ་དང་། དམ་པ་གང་གིས་དགོངས་པ་མ་རྫོགས་བར་གྱི་མི་ལོ་ ༡༦ ཙམ་གྱི་རིང་དུས་ཁོམ་ཡོད་ཚད་བེད་སྤྱོད་ཀྱིས་ནམ་གུང་ཆུ་ཚོད་ ༡༠ དང་ ༡༡ ཡས་མས་བར་སྐུ་ངལ་བསྐྱོན་གནང་སྟེ་ནག་འགྲོས་སུ་སུག་བྲིས་བགྱིས་པ་ཡིག་སྣོད་བཅུ་ཕྲག་གསུམ་ཙམ་ཡོད་པ་རྣམས་ད་ལན་འཇུ་ཆེན་ཚང་ནས་པར་སྐྲུན་ཞུས་ཡོད་འདུག
གནས་ཚང་ལགས། ཞིབ་ཀློག་ཕར་ཞོག བབ་ཀློག་ཙམ་ཡང་རྫོགས་ས་མ་རེད། མ་གཞི་ནས་གང་ནས་ཇི་ལྟར་རེག་གམ།
འདིའི་མཛད་སྒོར་ཀར་ཆོས་དེ་ཅི་ལ་ཡོང་ངམ། ར་ཅན་དག་དག་གི་ནང་ན་ར་མེད་གཅིག་ཡོད་པ་བདེ་བོ་རང་མི་འདུག
བཀྲ་ཤིས་བདེ་བླག་གང་མང་ཡོད། ཚང་མ་ལོས་ཞིབ་ཀློག་གནང་བར་འབོད་བསྐུལ་ཞུ་གི་ཡིན།