དེ་རིང་སྔ་དྲོ་དྷ་རམ་ས་ལར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་བཙོན་དུ་བཅུག་ནས་ལོ་ ༡༢ འཁོར་བའི་དུས་དྲན་སྲུང་གཙི་དང་འབྲེལ། ཁོང་གི་ཁྲིམས་ཆད་ལ་ཁྲིམས་མཐུན་བསྐྱར་ཞིབ་དང་སྨན་བཅོས་ཀྱི་ཐོབ་ཐང་སྤྲོད་དགོས་པའི་འབོད་སྐུལ་གྱི་ལས་འགུལ་ཞིག་སྤེལ་སོང་།
དེ་རིང་ཕྱི་ཚེས་ ༧ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡།༣༠ ཐོག དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྒྱལ་གཅེས་དཔའ་བོའི་རྗེས་དྲན་རྡོ་རིང་མདུན་ཐང་དུ། བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ཞབས་ཞུ་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག རྒྱ་ནག་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་བཙོན་དུ་བཅུག་ནས་ལོ་ ༡༢ འཁོར་བའི་དུས་དྲན་སྲུང་གཙི་གནང་སོང་། དེར་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་དང་། སྤྱི་འཐུས་འཇམ་དབྱངས་བཟོད་པ་ལགས། ཆབ་སྲིད་བཙོན་ཟུར་གྲྭ་དཔལ་ལྡན་རྒྱ་མཚོ་ལགས། ཆབ་ཟུར་བཙོན་ཟུར་ཨ་མ་ཨ་བདེ་ལགས་བཅས་ཆབ་སྲིད་ཙོན་ཟུར་ཁག་ཅིག བཙུན་དགོན་སྒྲོལ་མ་གླིང་གི་བཙུན་མ་ ༣༠ ལྷག་བཅས་ཁྱོན་མི་ ༥༠ ཡས་མས་འདུ་འཛོམས་ཀྱིས།རིན་པོ་ཆེ་མྱུར་དུ་གློད་གྲོལ་ཡོང་ཆེད་མཚན་རྟགས་བསྡུ་རུབ་དང་། སྒྲོལ་མ་གླིང་གི་བཙུན་མ་ ༣༠ ལྷག་གིས་ཉིན་གཅིག་རིང་ཟས་བཅད་ངོ་རྒོལ་བཅས་གནང་སོང་བ་མ་ཟད། རྒྱ་གར་གཙོས་ཧྥ་རན་སི་དང་ཨ་རི། སུད་སི། སྦེལ་ཇེམ། ཁ་ན་ཌ། ཧོ་ལན་ཌི་སོགས་ཀྱི་ནང་དུའང་དུས་གཅིག་ཏུ་ལས་འགུལ་སྤེལ་བཞིན་ཡོད་འདུག
དེ་རིང་དུས་དྲན་མཛད་སྒོའི་ཐོག་སྤྲུལ་སྐུ་བསྟན་འཛིན་བདེ་ལེཊ་རིན་པོ་ཆེའི་ཞབས་ཞུ་ཚོཊ་པའི་འགན་འཛིན་དགེ་བཤེས་ཉི་མ་ལགས་ཀྱིས། “ ཕྱི་ལོ་ ༢༠༠༢ ཟླ་ ༡༢ ཚེས་ ༢ ཉིན་དར་རྩེ་མདོ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་རིན་པོ་ཆེ་ལ་འབར་རྫས་འགད་གཏོར་དང་མེས་རྒྱལ་ཁ་བྲལ་གྱི་ངན་སྐུལ་སོགས་གཞི་མེད་འཁྱོག་བཤད་སྣ་ཚོགས་བྱས་ཏེ། ཁོང་གི་སློབ་མ་བློ་བཟང་དོན་འགྲུབ་འཕྲལ་དུ་སྲོག་ཁྲིམས་དང་། རིན་པོ་ཆེ་ལ་ལོ་གཉིས་དུས་འགྱངས་སྲོག་ཁྲིམས་བཅད་པར་བརྟེན། རིན་པོ་ཆེའི་གཉེན་ཉེ་དག་གིས་རྒྱ་གཞུང་གིས་དྲང་བདེན་མིན་པའི་ཁྲིམས་ཆད་དེར། ཁྲིམས་ཁང་གོང་མར་གཏུགས་བཤེར་བྱས་ཡོད་ཀྱང་ཁྲིམས་གཏུགས་ཕྱིར་ལོག་བྱས་ཡོད། ༢༠༠༥ ཟླ་ ༡ ཚེས་ ༢༤ ཉིན་སྲོག་ཁྲིམས་དེ་ཚེ་བཙོན་ལ་བསྒྱུར་བ་མ་གཏོགས་ད་ལྟའི་བར་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་ཕྱིན་མེད། རིན་པོ་ཆེ་འཇུ་བཟུང་བྱས་ནས་ད་ལྟའི་བར་གཉེན་ཉེ་ཐུག་འཕྲད་ཐེངས་བདུན་ཙམ་བྱུང་བ་ལས། མཐའ་མ་དེ་ ༢༠༡༣ ཟླ་ ༡༡ ཚེས་ ༦ ཉིན་སྔར་དང་མི་འདྲ་བར་སྐུ་གཟུགས་ཀྱི་གནས་སྟངས་ཧ་ཅང་གི་ཛ་དྲག་ཏུ་གྱུར་ཏེ། བཀའ་མོལ་གནང་སྐབས་ལུས་ཡོངས་འདར་གསིག་རྒྱག་པ་དང་། མཚམས་མཚམས་དྲན་མེད་དུ་བརྒྱལ་བ་སོགས་ཀྱི་སྙུན་གཞི་མངོན་སུམ་དུ་མཐོང་བཞིན་པ་འདི་དེ་མུར་ལུས་ན། སྐུ་ཚེ་ལ་བར་ཆད་འབྱུང་བའི་ཉེན་འཚུབ་མ་བཟོད་པར་གློད་གྲོལ་གྱི་ལས་འགུལ་འདི་འདྲ་ཞིག་མི་སྤེལ་ཐབས་མེད་བྱུང་། ”ཞེས་བརྗོད་བྱུང་།
ཞབས་ཞུ་ཚོགས་པའི་བསྒྲགས་གཏམ་ནང་། དང་པོ། རིན་པོ་ཆེ་གང་མགྱོགས་བཙོན་ནས་གློད་གྲོལ་གྱིས་ཕྱི་རྒྱལ་དང་། ཡང་ན་ཕ་ཡུལ་རང་དགོན་དུ་སྨན་བཅོས་ལ་ངེས་པར་གཏོང་དགོས། གཉིས་པ། སྨན་བཅོས་བྱེད་པར་ནར་འགྱངས་བྱས་ཏེ་རིན་པོ་ཆེ་ལ་གནས་ཚུལ་ལྷག་པ་ཡིན་ན། རྒྱ་ནག་གཞུང་གིས་བོད་མི་སྤྱི་དང་ཞལ་སློབ་དུད་ཁྱིམ་སྟོང་ཕྲག་གི་བདེ་འཇགས་ལ་འགན་འཁུར་དགོས། གསུམ་པ། རིན་པོ་ཆེ་གློད་གྲོལ་ཆེད་རྒྱབ་སྐྱོར་གནང་མཁན་ཚོས་དུས་དྲན་གྱི་གཏམ་བཤད་ཙམ་གྱི་ངོ་བོར་མ་བཞག་པར་རྒྱ་ནག་གཞུང་ལ་གནོན་ཤུགས་དང་། རྒྱལ་སྤྱིའི་སྤྱི་ཚོགས་ལ་ཚོར་ཤུགས་འདྲེན་ངེས་ཀྱི་ལས་འགུལ་སྤེལ་ཏེ། འདི་ལོར་རིན་པོ་ཆེ་གློད་གྲོལ་འཐོབ་པའི་རྒྱབ་སྐྱོར་གནང་རོགས། ཞེས་འབོད་སྐུལ་དོན་ཚན་གསུམ་བཀོད་འདུག
སྐབས་དེར་བོད་མི་མང་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་རྒྱ་གཞུང་གིས་ཁྲིམས་འགལ་ཐོག་རིན་པོ་ཆེར་ཁྲིམས་ཐག་བཅད་ཡོད་པའི་ཐད་དོན་ཚན་བཞི་བརྗོད་སྐབས། དོན་ཚན་དང་པོ། རྒྱ་ནག་གི་ནག་ཉེས་རྟོག་ཞིབ་ཀྱི་ཁྲིམས་ལུགས་དོན་ཚན་ ༡༣༧ ནང་དུ་མི་དང་དངོས་པོའི་དཔང་རྟགས་འཚོལ་སྐབས་ངེས་པར་དུ་འབྲེལ་ཡོད་མི་སྣ་དེ་དང་། ཡང་ན་ནང་མི་དང་ཁྱིམ་མཚེས་གྲོང་མི་དངོས་སུ་ཡོད་དགོས་ཞེས་གསལ་བོ་བཀོད་ཡོད་ཀྱང་། རྒྱ་གཞུང་གིས་འགད་རྫས་དོན་རྐྱེན་དེར་རྟོག་ཞིབ་བྱེད་སྐབས། འབྲེལ་ཡོད་མི་སྣ་སུ་གཅིག་ཀྱང་ཡོང་དུ་མ་བཅུག་པར་དམག་མིས་བསྐོར་ཏེ། རིན་པོ་ཆེའི་ཁྱིམ་དུ་བསྔོག་བཤེར་བྱས་ནས་དཔང་རྟགས་གཅིག་ཐོན་སོང་། གཉིས་ཐོན་སོང་ཞེས་གསལ་བསྒྲགས་བྱས་ཡོད་པ་རེད། ཁྲིམས་འགལ་དོན་ཚན་གཉིས་པ། རྒྱ་ནག་གི་རྩ་ཁྲིམས་ནང་མི་དམངས་ཁྲིམས་ཁང་གིས་དོགས་ཡོད་མི་སྣ་ལ་ཁྲིམས་ཐག་མ་བཅད་པའི་སྔོན་དུ་མི་དེ་ཉེས་ཅན་རེད་ཅེས་རྩ་བ་ནས་བཤད་མི་ཆོག་པ་གསལ་བོ་བཀོད་ཀྱང་། རིན་པོ་ཆེ་ལ་ཁྲིམས་གཏུག་མ་བྱས་པའི་སྔོན་དེ་ ༢༠༠༢ ལོའི་ཕྱི་ཟླ་ ༥ པའི་ནང་དུ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་གཞུང་གི་ལས་བྱེད་ཚང་མར་ཚོགས་འདུ་བསྡུས་ཏེ། རིན་པོ་ཆེ་ཉེས་ཅན་ཡིན་པ་དང་ཏཱ་ལའི་ཁ་བྲལ་རིང་ལུགས་པས་ཁམས་ཀྱི་ཕྱོགས་སུ་བཀོད་སྒྲིག་བྱས་པའི་གསར་བརྗེ་ངོ་ལོག་གི་གཏེ་བོ་ཡིན་ལུགས་གསལ་བསྒྲགས་བྱས་ཡོད་པ་རེད།
དོན་ཚན་གསུམ་པ། རྒྱ་ནག་གི་རྩ་ཁྲིམས་གྱི་དོན་ཚན་ ༡༡ ནང་ཁྲིམས་བཤེར་སྐབས་དོགས་ཡོད་ཉེས་ཅན་གྱིས་ཁྲིམས་རྩོད་པ་གླ་ཆོག་པའི་ཐོབ་ཐང་གསལ་བོ་ཡོད་པ་རེད། ཡིན་ནའང་། རིན་པོ་ཆེ་ལ་ཁྲིམས་བཤེར་བྱེད་སྐབས་ཁྲིམས་རྩོད་པ་གླ་བཅུག་མེད་པ་མ་ཟད། གནད་དོན་དེར་དང་བླངས་ཀྱིས་ཁྲིམས་རྩོད་བྱེད་མཁན་རྒྱ་ནག་པེ་ཅིན་གྱི་སྐད་གྲགས་ཅན་གྱི་ཁྲིམས་རྩོད་པ་ཚོ་ཁྲིམས་རའི་ནང་ཡོང་དུ་མ་བཅུག་པར་ཁོང་ལ་ཁྲིམས་ཐག་བཅད་ཡོད་སྟབས། བྱ་སྤྱོད་དེ་རྒྱ་གཞུང་གི་རྩ་ཁྲིམས་དོན་ཚན་ ༡༡ པར་འགལ་ཡོད་པ་རེད། དོན་ཚན་བཞི་པ། རྒྱ་ནག་གི་ནག་ཉེས་རྟོག་ཞིབ་ཀྱི་ཁྲིམས་ལུགས་དོན་ཚན་ ༡༢༡ པའི་ནང་ཁྲིམས་ཁང་གི་ཁྲིམས་བཤེར་གྱི་ནང་དོན་ཚང་མ་སྒྲ་ཕབ་དང་པར་ལེན་དགོས་པ་བཀོད་ཡོད་ཀྱང་། རིན་པོ་ཆེ་ལ་ཁྲིམས་བཤེར་སྐབས་སྒྲ་དང་པར་ལེན་དུ་མ་བཅུག་པར་ལྐོག་ལྐོག་སུད་སུད་ཀྱིས་ཁྲིམས་ཐག་བཅད་ཡོད་པ་རེད། གོང་གི་དོན་ཚན་བཞི་དེ་རྒྱ་ནག་གི་རྩ་ཁྲིམས་དང་ནག་ཉེས་རྟོག་ཞིབ་ཀྱི་ཁྲིམས་དང་ཡོངས་སུ་འགལ་བའི་མ་ཉེས་ཁ་གཡོགས་ཀྱི་ཁྲིམས་ཆད་ཅིག་ཆགས་ཡོད་སྟབས། རྒྱ་གཞུང་གིས་ཁྲིམས་དང་མཐུན་པའི་ཐོག་ནས་རིན་པོ་ཆེའི་ཁྲིམས་ཆད་ལ་བསྐྱར་ཞིབ་དགོས་པ་དང་། དེ་བཞིན། རྒྱ་ནག་གི་རྩ་ཁྲིམས་དང་ནག་ཉེས་རྟོག་ཞིབ་ཀྱི་ཁྲིམས་ནང་ཚེ་བཙོན་དང་ཡང་ན་ལོ་གཉིས་ཕར་འགྱངས་ཀྱི་སྲོག་ཐོག་གི་ཁྲིམས་ཆད་དེ་ཚེ་བཙོན་གྱི་ངོ་བོར་འགྱུར་བ་བཏང་ན། ལོ་ ༧ འགོར་རྗེས་འབྲེལ་ཡོད་དོ་བདག་ལ་ནད་ན་ཚབས་ཆེན་ཡོད་པ་ཡིན་ན། ཕྱི་རུ་སྨན་བཅོས་བྱེད་དུ་འགྲོ་བའི་ཐོབ་ཐང་ཡོད་སྟབས། རྒྱ་གཞུང་གིས་ཁྲིམས་ལུགས་གཞིར་བཟུང་གིས་རིན་པོ་ཆེ་ཕྱི་ལོགས་སུ་སྨན་བཅོས་བྱེད་པར་གཏོང་དགོས་པའི་འབོད་སྐུ་ཞུ་བཞིན་ཡོད། ཅེས་བརྗོད་སོང་།
དེ་རིང་ཕྱི་དྲོའི་ཆུ་ཚོད་ ༥།༣༠ ཐོག་དྷ་ས་ཉིན་མོའི་སློབ་གྲྭའི་ཚོགས་ཁང་དུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྐོར་གྱི་གློག་བརྙན་ཞིག་བཞུགས་སྒར་སེར་སྐྱ་མང་ཚོགས་ལ་གཟིགས་འབུལ་གནང་སོང་།
གསར་འགོད་པ། པདྨ་མཚོ།
སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་མཆོག་སྐུ་ཚེ་ཡུན་བརྟན་པར་ཤོག མྱུར་དུ་བཙོན་ནས་གློད་གྲོལ་ཐོབ་པར་ཤོག བདེན་པ་ཉིད་རྒྱལ་འགྱུར་ཅིག །