ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་གྱི་ཕྱི་དྲོར་རྒྱ་གཞུང་གིས་རང་ལུས་མེར་བསྲེཊ་གནང་མཁན་གྱི་སྐུ་ཕུང་བདག་པོ་བརྒྱབ་པའི་ཉེས་མིང་འོག་བོད་མི་རིག་ཆུང་ཞུ་བ་ཞིག་འཛིན་བཟུང་བྱས་ཡོད་འདུག
འདི་གར་རྟའུ་བློ་བཟང་སྤྱིན་པ་ལགས་ཀྱིས་བརྗོད་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་དཀར་མཛེས་ཁུལ་རྟའུ་རྫོང་ཁང་སར་ཤང་དུ་འཕྲིན་ལས་རྣམ་རྒྱལ་ལགས་ཀྱིས་རང་ལུས་མེར་བསྲེཊ་གནང་སྟེ་སྐུ་གྲོངས་ཡོད་པ་ལྟར། ཉིན་དེའི་ཕྱི་དྲོར་རྒྱ་གཞུང་གིས་ཁོང་གི་སྐུ་ཕུང་བདག་པོ་བརྒྱབ་པ་དང་པར་བརྒྱབ་པའི་ཉེས་མིང་འོག ཁང་སར་ཤང་གི་ཚོང་ཁང་ཞིག་གི་བདག་པོ་རིག་ཆུང་ཞུ་བ་ཞིག་འཛིན་བཟུང་བྱས་ཡོད་ཀྱང་། ད་ལྟའི་ཆར་ཁོང་ཀློད་གྲོལ་བཏང་ཡོད་མེད་དང་། གནད་དོན་དེར་ཁ་གཡར་ནས་བོད་མི་གཞན་འཛིན་བཟུང་བྱས་ཡོད་མེད་ཤེས་རྟོགས་ཐུབ་མི་འདུག
རྒྱ་གར་ལྷོ་ཕྱོགས་དགའ་ལྡན་དགོན་དུ་ཡོད་པའི་གྲྭ་ཡ་མ་ཚེ་རིང་ལགས་ཀྱིས་བརྗོད་པ་ལྟར་ན། རང་ལུས་མེར་བསྲེགས་བྱུང་རྗེས། རྒྱ་ནག་གི་དཔོན་རིཊ་ཁག་ཅིག་འཕྲིན་ལས་རྣམ་རྒྱལ་ལགས་ཀྱི་ཁྱིམ་དུ་ཕྱིན་ཏེ། ཁོང་གིས་རང་ལུས་མེར་བསྲེགས་གནང་དགོས་པའི་རྒྱུ་རྐྱེན་སོགས་འདྲི་བརྩད་བྱས་ཡོད་པ་དང་། སྐབས་དེར་ཁོང་གི་ཁྱིམ་མི་ཚོས། ང་ཚོར་རང་དབང་སྤྲོད་ཀྱི་མེད་སྟབས་རང་ལུས་མེར་བསྲེགས་གནང་བ་རེད་ཅེས་ལན་བརྒྱབ་ཡོད་ལུགས་དང་། ཕྱི་ཚེས་ ༢༠ ཉིན་རྟའུ་ཉི་མཚོ་དགོན་པར་ཁོང་གི་སྐུ་ཕུང་བཞུགས་འབུལ་གནང་འཆར་ཡོད་ཀྱང་། རྒྱ་གཞུང་གི་གནོན་ཤུགས་འོག ཉིན་དེར་བཞུགས་འབུལ་གནང་དུ་མ་བཅུག་པར་ཕྱི་ཚེས་ ༡༧ ཉིན་གྱི་མཚན་མོ་ཆུ་ཚོད་ ༡༢ ཡོལ་ཙམ་ལ་ཁང་སར་ཤང་དུ་སྐུ་ཕུང་བཞུགས་འབུལ་གནང་ཡོད་འདུག
ད་ལྟའི་ཆར་རྒྱ་གཞུང་གིས་ས་གནས་སུ་དམིགས་བསལ་གྱིས་དྲག་གནོན་བྱེད་ཀྱི་མེད་ཀྱང་། ས་གནས་དམག་སྒར་ཁག་ཏུ་དམག་མི་ཇེ་མང་དུ་བཏང་སྟེ་དགོན་གྲོང་གཉིས་སུ་ཉིན་མཚན་མེད་པར་ལྟ་སྲུང་བྱེད་བཞིན་ཡོད་འདུག
གསར་འགོད་པ། པདྨ་མཚོ།