ཟི་ལིང་གྲོང་ཁྱེར་གྱི་སྤྱི་ཁྱབ་མའོ་ཞོ་པེན་གྱིས་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞིའི་འོག་ཞིབ་བཤེར་བྱེད་བཞིན་ཡོད་འདུག
ཁ་སང་ཕྱི་དྲོར་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་འཐུས་མི་དང་ཟི་ལིང་གྲོང་ཁྱེར་གྱི་སྤྱི་ཁྱབ་མའོ་ཞོ་པེན་གྱིས། ཁྲིམས་འགལ་ཚབས་ཆེན་བྱས་ཡོད་པའི་དོགས་གཞིའི་འོག་ཞིབ་བཤེར་བྱེད་བཞིན་ཡོད་འདུག རྒྱ་ནག་གཞུང་ཕྱོགས་ནས་མའོ་ཡིས་ཁྲིམས་འགལ་གྱི་ནག་ཉེས་ག་རེ་བྱས་ཡོད་མེད་གསལ་བོ་བརྗོད་མེད་ཀྱང་། བརྒྱུད་ལམ་གཞན་ནས་ཁོ་བོས་ལྐོག་ཟ་རུལ་སུངས་དང་ལྐོག་རྔན་འབོར་ཆེན་བླངས་ཡོད་ཚུལ་བརྗོད་ཀྱིན་འདུག
མའོ་ཞོ་པེན་ནི་རྒྱ་ནག་རྒྱལ་ཡོངས་སྐབས་ ༡༨ པའི་ཚོགས་ཆེན་གྲོལ་རྗེས། སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་ཞིབ་བཤེར་བྱས་པའི་ཞིང་ཆེན་རིམ་པའི་དཔོན་རིགས་ ༢༥ པ་དང་། འདི་ལོར་ཞིབ་བཤེར་བྱས་པའི་ཞིང་ཆེན་རིམ་པའི་དཔོན་རིགས་ཨང་ ༨ པ། དེ་བཞིན། མཚོ་སྔོན་ཞིང་ཆེན་གྱི་ཟླ་འདིའི་ནང་ཞིབ་བཤེར་བྱས་པའི་མཐོ་རིམ་དཔོན་རིགས་ ༣ པ་དེ་ཆགས་ཡོད་འདུག
ཁོ་བོ་ ༡༩༦༥ ལོར་རྒྱ་ནག་ཧི་ནན་ཞིང་ཆེན་ཀྲང་རྡུ་གྲོང་ཁྱེར་དུ་སྐྱེས་ཤིང་། ༡༩༨༥ ལོར་པེ་ཅིན་རང་བྱུང་ཐོན་ཁུངས་དང་འཛུགས་སྐྲུན་བདེ་འཇགས་སློབ་གླིང་ནས་མཐར་ཕྱིན་རྗེས། ལོ་ངོ་ ༡༥ ལྷག་ལ་ངར་ལྕགས་ཀྱི་ལས་རིགས་འདྲ་མིན་གཉེར་ཡོད་པ་དང་། ༢༠༠༠ ནས་ ༢༠༠༩ བར་མཚོ་སྔོན་ཞིང་ཆེན་ནུབ་རྒྱུད་གཏེར་ལས་ཚད་ཡོད་ཀུང་ཟིའི་སྤྱི་གཉེར་བའི་འགན་ཁུར། དེ་ནས་ ༢༠༠༩ ནས་ཟི་ལིང་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དང་། ༢༠༡༡ ལོར་ཟི་ལིང་གྲོང་ཁྱེར་གྱི་སྤྱི་ཁྱབ་ཏུ་བསྐོ་བཞག་བྱས་ཡོད་འདུག
གསར་འགོད་པ། པདྨ་མཚོ།