ཟླ་འདིའི་ཚེས་ ༢༡ ཉིན་བོད་མིའི་སྒྲིག་འཛུཊ་འོས་བསྡུ་ལྷན་ཁང་གིས། མདོ་སྨད་སྤྱི་འཐུས་གཅིག་གི་བར་མའི་འོས་བསྡུའི་དངོས་གཞིའི་འོས་མིར་མགོ་ལོག་གསེར་རྟའི་བཀྲ་ཤིས་དོན་གྲུབ་དང་། མགོ་ལོག་ཚངས་དབྱངས་རྒྱ་མཚོ། བྱ་ཁྱུང་ཀརྨ་དགེ་ལེགས་གསུམ་གསལ་བསྒྲགས་གནང་ཡོད་པ་ལྟར། འདི་གའི་གསར་ཁང་གིས་བཅར་འདྲི་དང་ཁ་པར་བརྒྱུད་ལམ་སོགས་ནས་ཁོངས་གསུམ་ལ་ཐུན་མོང་གི་དྲི་བ་གཉིས་རེ་བཏང་ཡོད།
དྲི་བ་དང་པོ། “བོད་མི་མང་སྤྱི་འཐུས་ཤིག་གི་ལས་འགན་གལ་ཆེ་ཤོས་ཨང་དང་པོ་དང་གཉིས་པ། གསུམ་པ་སོགས་གང་ལ་ངོས་འཛིན་གནང་གི་ཡོད་པ་དང་། དེ་དག་ལ་ངོས་འཛིན་གནང་དགོས་པའི་རྒྱུ་མཚན་ཅི་ཡིན།”
དྲི་བ་གཉིས་པ། “ད་ལྟའི་བོད་གཞུང་དམངས་ཀྱི་སྐྱོན་གནས་གཙོ་བོ་གསུམ་གང་དག་མཐོང་གི་ཡོད་པ་དང་། དེ་དག་ལ་འགྱུར་བ་གཏོང་སྟངས་གང་འདྲ་ཡོད་དམ།”
སྤྱི་འཐུས་འོས་མི་བཀྲ་ཤིས་དོན་འགྲུབ་ལཊ་ཀྱིས་དྲི་བ་དང་པོར་ལན་བསྐྱོན་དོན། “སྤྱིར་བཏང་བོད་མི་མང་སྤྱི་འཐུས་དེ་བོད་རྒྱ་ཆེ་མི་མང་གིས་འོས་འདེམས་བྱས་ཏེ་ཡོང་གི་ཡོད་པ་རེད། མ་འདེམས་སྔོན་ལ་འོས་མི་ཚང་མས་ང་གྲོས་ཚོགས་ནང་བསླེབ་པ་ཡིན་ན་འདི་དང་དེ་བྱེད་དགོས་བསམ་པ་དྲན་གྱི་ཡོད་ཀྱང་། རྒྱ་གར་དང་བལ་ཡུལ་སོགས་ཀྱི་ཆབ་སྲིད་ཚོགས་པ་ཁག་ནང་ཡོད་སྐབས་ཀྱི་དགོངས་པ་བཞེས་སྟངས་དང་། བོད་མིའི་སྒྲིག་འཛུཊ་ནང་གི་དགོངས་པ་བཞེས་སྟངས་གཉིས་ཅུང་མ་འདྲ་བ་ཆགས་ཀྱི་ཡོད་པ་དངོས་ཡོད་རེད། ང་རང་གི་ངོས་ནས་སྤྱི་འཐུས་ཀྱི་ལས་འགན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་ལས་དོན་བྱེད་ཕྱོགས་ཀྱི་འཆར་གཞི་གྲོས་ཚོགས་ནང་བསྣམས་ཕེབས་ཡོང་སྐབས། རྒྱབ་ལྗོངས་རྒྱུ་མཚན་ལ་ཡག་པོ་ཞིབ་འཇུག་བྱས་ཏེ་ཧ་གོ་བའི་ཐོག་ནས་རྒྱབ་སྐྱོར་ཞུ་སར་རྒྱབ་སྐྱོར་དང་། དགག་པ་རྒྱག་དགོས་སར་དགག་པ་བརྒྱབ་ནས་མངོན་ལྐོག་རྒྱབ་མདུན་མེད་པའི་ཐོག་ནས་ལས་ཀ་བྱ་རྒྱུ་ལག་ཆེན་པོ་རེད་བསམ་གྱི་འདུགགཉིས་པ། སྤྱིར་བཏང་མང་ཚོགས་ནང་བསམ་ཚུལ་སྣ་ཚོགས་རེད་ལ་གྲོས་ཚོགས་ནང་དུའང་ཁམས་དང་མོས་མ་སྣ་ཚོགས་རེད། ཡིན་ནའང་མང་ཚོགས་ནང་བརྡ་འཕྲོད་དང་མ་འཕྲོད་བསམ་བློའི་གནས་ཚུལ་སྣ་ཚོགས་ཡོད་སྟབས། ༧གོང་ས་མཆོག་གིས་སྔ་ཕྱི་བར་གསུམ་དུ་བཀའ་སློབ་ལམ་སྟོན་གནང་ཡོད་པ་ཁག་འབད་བསྒྲུབ་བྱ་རྒྱུ་གལ་ཆེན་པོ་འདུག གསུམ་པ། ང་ཚོས་རྩ་དོན་འཐབ་རྩོད་དང་བོད་པ་ནང་ཁུལ་རྡོག་རྩ་ཆིག་སྒྲིལ་ལ་བསམ་བློ་བཏང་སྟེ་བཙན་བྱོལ་བོད་མིའི་སྒྲིག་འཛུཊ་ཀྱིས་གཏན་ལ་ཕབ་པའི་སྲིད་བྱུས་ལམ་དབུ་མའི་ཐོག་རྒྱབ་སྐྱོར་འབད་འབུངས་གནང་དགོས་པ་དེ་རེད། ངས་འདི་དག་གལ་ཆེན་དུ་མཐོང་དགོས་པའི་རྒྱུ་མཚན་སོ་སོ་བོད་མིའི་སྒྲིག་འཛུཊ་ལ་རྒྱུས་མངའ་གང་འཚམ་ཡོད་པ་དང་། ལྷག་པར་དུ་མདོ་སྨད་དབུས་དང་ས་གནས་གཉིས་ཀའི་ནང་ལས་ཀ་བྱེད་བསྡད་ཀྱི་ཡོད། འཕྲལ་ཕུགས་གང་ལ་བལྟས་ཀྱང་༧གོང་ས་མཆོག་གི་དགོངས་པའི་ཐོག་ཤར་སྐྱོད་བྱེད་པ་ལས་ལྷག་གི་ཁེ་ཕན་ཆེ་བ་ཞིག་ང་ཚོར་མེད་པ་གསལ་བོ་རེད། དེ་ནས་ཆབ་སྲིད་ལངས་ཕྱོགས་ཀྱི་ཐད་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཞུ་རྒྱུ་དང་། རང་གཞུང་བོད་མིའི་སྒྲིག་འཛུགས་ལ་བརྩི་བཀུར་ཞུ་རྒྱུ་གལ་འགངས་ཆེན་པོར་མཐོང་སོང་།”ཞེས་བརྗོད་བྱུང་།
བཀྲ་ཤིས་དོན་འགྲུབ་ལཊ་ཀྱིས་དྲི་བ་གཉིས་པར་ལན་བསྐྱོན་དོན། “བོད་མི་ཡོང་ཀྱི་འདུ་ཕྱིའི་སྐྱབས་གནས་༧གོང་ས་མཆོག་གི་ཆབ་སྲིད་ཀྱི་བཞེངས་ཕྱོགས་དབུ་མའི་ལམ་རེད། དེ་བཞིན་བོད་ཕྱི་ནང་གཉིས་ཀྱིས་རེ་བ་བཅོལ་ས་བོད་མིའི་སྒྲིག་འཛུགས་ཀྱིས་ཀྱང་དབུ་མའི་ལམ་གྱི་ཐོག་ལ་ཤར་སྐྱོད་གནང་གི་ཡོད་པ་རེད། དེར་བརྟེན། ང་ཚོའི་སྤྱི་ཚོགས་ནང་རང་བཙན་གྱི་ལྟ་བ་འཁྱེར་སྡོད་མཁན་ཚོ་དང་། ལྷག་པར་དུ་མགོ་འཚོས་དང་མ་འཚོས་བར་ནས་མགོ་སྐོར་ཐེབས་སྡོད་མཁན་ཚོར་གོ་བརྡ་གསལ་བོ་ཞིག་སྤྲོད་རྒྱུ་དེ་གལ་ཆེན་པོ་རེད་བསམ་གྱི་འདུག ཁ་ཤས་ཀྱིས་ཞལ་ནས་རང་བཙན་གླེང་བསྡད་ཀྱིན་པའི་རྣམ་པ་མ་གཏོགས། རང་བཙན་གཙང་མ་ལེན་པར་འདི་དང་དེ་ཟེར་ནས་བཤད་རྒྱུ་མེད་པའི་བཟོ་འདྲ་བོ། ཐ་ན་དེ་ལ་ཡིད་ཆེས་དང་རྒྱུས་མངའ་ཡང་དེ་ཙམ་མེད་མཁན་མང་པོ་རེད། བོད་མིའི་སྒྲིག་འཛུགས་དང་རྒྱ་ནག་བར་འབྲེལ་མོལ་རིམ་པའི་སྐབས། ཁྱོད་ཚོས་ཁ་ནས་རང་སྐྱོང་ལབ་མ་མ་གཏོགས་ཁོག་ཏུ་རང་བཙན་བཟུང་འདུག་ཟེར་བའང་རྒྱུ་མཚན་གཅིག་འདི་དག་ལ་ཐུག་ཡོད་པ་རེད་བསམ་གྱི་འདུག གཉིས་པ་བོད་པའི་སྤྱི་ཚོགས་ནང་ཆོལ་གསུམ་རྡོག་རྩ་ཆིག་སྒྲིལ་དགོས་པ་དེ་གལ་ཆེན་པོ་རེད། དེ་ཡོང་ཐབས་ལ་ཁ་རྐྱང་པས་ཡོང་རྒྱུ་མེད་དུས་ལྟ་གྲུབ་ཀྱི་ཐོག་ནས་དཀའ་ངལ་དང་རྙོག་གྲ་མེད་པ་ཞིག་བཟོ་རྒྱུ་གལ་འགེངས་ཆེ་ཤོས་རེད། གསུམ་པ། བཙན་བྱོལ་བོད་མིའི་སྒྲིག་འཛུཊ་ཚགས་ཚུད་ཡོང་ཐབས་ལ་འཆར་གཞི་ཡག་པོ་འཐེན་རྒྱུ་གལ་ཆེན་རེད་བསམ་གྱི་འདུགདེ་དག་འགྱུར་བ་གཏོང་སྟངས་ཀྱི་ཐད་ནས་དང་པོ། རང་བཙན་གྱི་ལྟ་བ་ཤུགས་ཆེན་པོ་འཁྱེར་སྡོད་མཁན་ཚོ་དང་བསམ་ཞིབ་བཀའ་སྡུར་ཞིབ་ཚགས་མོ་གནང་དགོས་པ་རེད། ད་ལྟའི་ཆར་ཕྱོགས་གང་ལ་བསམ་བློ་བཏང་ཡང་ང་ཚོར་ལམ་ཁ་འདི་རང་ལས་ལྷག་མེད་པ་དང་། ༧གོང་ས་མཆོག་གི་བཀའ་སློབ་གཞིར་བཞག་བསམ་བློ་གཏོང་རྒྱུ་གལ་ཆེན་ཡིན་པ། ང་ཚོས་བསམ་བློ་གཏོང་རྒྱུ་ཕྱི་དྲགས་ན་ནམ་ཞིག་བློ་འགྱོད་ཟད་མི་ཤེས་པ་ཞིག་སྐྱེ་ངེས་ཡིན་པ་སོགས་ར་གསལ་བོ་འཕྲོད་དགོས་པ་རེད་བསམ་གྱི་འདུག” ཅེས་བརྗོད་བྱུང་།
སྤྱི་འཐུས་འོས་མི་ཀརྨ་དགེ་ལེགས་ལགས་ཀྱིས་དྲི་བ་དང་པོར་ལན་བསྐྱོན་དོན། “སྤྱིར་བཏང་བོད་མི་མང་སྤྱི་འཐུས་ཤིག་གི་ལས་འགན་གཙོ་བོ་ཁྲིམས་དང་སྒྲིག་གཞི་གཏན་འབེབས་དང་བསྐྱར་བཅོས་གནང་རྒྱུ་དང་། མི་མང་གི་གནས་སྟངས་ལ་གཟིགས་རྟོག་གནང་རྒྱུ་སོགས་རེད་བསམ་གྱི་འདུག ང་རང་སྤྱི་འཐུས་ལ་ལངས་དགོས་དོན་ང་རང་གཞིས་ཆགས་ཀྱི་མི་ཞིག་ཡིན་པའི་ཆ་ནས། གཞིས་ཆགས་མི་མང་ལ་དཀའ་ངལ་གང་ཡོད་པ་ངས་ཤེས་ཀྱི་ཡོད། ད་ལྟའི་བར་གྲོས་ཚོགས་ནང་གཞིས་ཆགས་ཀྱི་དངོས་ཡོད་གནས་སྟངས་གླེང་ཐུབ་ཀྱི་མེད་པའི་ཚོར་སྣང་བྱུང་སོང་། ང་རང་གཞིས་ཆགས་རང་ནས་སྐྱེས་ཤིང་གཞིས་ཆགས་རང་དུ་བསྡད་ཡོད་པ་ཞིག་སྤྱི་འཐུས་སུ་ལངས་པ་ཡིན་ན། སྤྱི་འཐུས་གཞན་དང་འདྲ་གི་མ་རེད་བསམ་ཏེ་ང་རང་གི་གལ་ཆེ་ཤོས་དང་པོ་དེ་མཐོང་གི་ཡོད། ཨང་གཉིས་པ། སྤྱི་འཐུས་ཚོགས་འདུའི་སྟེང་གྲོས་གཞིའི་གྲོས་འཆར་དང་སྤྱི་འཐུས་སྒེར་གྱི་གྲོས་འཆར་འཁུར་རྒྱུ། དྲི་བ་གཏོང་དགོས་པའི་རིགས་དེ་རེད། གསུམ་པ། གྲོས་ཚོགས་ནང་བསླེབ་པ་ཡིན་ན་རྐུབ་སྟེགས་སྲུང་བསྡད་པས་ཕན་གྱི་མེད་པར་མི་མང་གི་དཀའ་ངལ་གཙོས་པའི་བརྗོད་གཞི་ཁག་གི་ཐད་སྐད་ཆ་བཤད་ཐུབ་པ་ཞིག་དགོས་ཀྱི་འདུགདེ་དག་ལས་འགན་གཙོ་བོར་བརྩི་དགོས་དོན། ང་ཚོས་གཞིས་ཆགས་བརྟན་པོ་གནས་དགོས་ཀྱི་འདུག་ཅེས་ཤོད་བསྡད་ཡོད་པ་རེད། དེང་སྐབས་གཞིས་ཆགས་ནང་མི་སྡོད་མཁན་མེད་པར་ཚང་མ་བྲོས་འགྲོ་བཞིན་ཡོད། གཞིས་ཆགས་ནང་ལམ་ཁ་དང་ཆུ། ཁོར་ཡུག་གང་ཐད་ནས་མི་སྡོད་ཐུབ་པ་ཞིག་བཟོ་དགོས་པ་རེད། གསུམ་པ། གྲོས་ཚོགས་ནང་གནས་ཚུལ་ག་རེ་ཡིན་ཡང་མ་གོ་མ་ཐོས་མེད་པའི་ཐོག་ནས་གང་ཟག་ལ་མ་ལྟོས་པར་དོན་དག་ལ་བལྟས་ཏེ་བཀའ་མོལ་གནང་རྒྱུ་གལ་ཆེན་པོ་རེད།” ཅེས་བརྗོད་བྱུང་།
ཀརྨ་དགེ་ལེགས་ལགས་ཀྱིས་དྲི་བ་གཉིས་པར་ལན་བསྐྱོན་དོན། “ང་རང་གི་ངོས་ནས་ད་ལྟའི་བར་བོད་མིའི་སྒྲིག་འཛུགས་ལ་སྐྱོན་དང་འགྱུར་བ་གཏོང་དགོས་པ་དམིགས་བསལ་མཐོང་མ་སོང་།མི་མང་གི་ངོས་ནས་གཞུང་དང་མཉམ་རུབ་བྱ་རྒྱུ་དང་གཞུང་གི་ངོས་ནས་མི་མང་ལ་གཟིགས་རྟོག་གནང་ཕྱོགས་ཡག་ཏུ་གཏོང་རྒྱུ་གལ་ཆེན་པོ་རེད། ད་སྔ་གཞུང་གི་གནད་ཡོད་མི་སྣ་ས་གནས་སུ་ཕེབས་ཏེ་ཟབ་སྦྱོང་བགྲོ་གླེང་སོགས་བྱས་ཏེ་ལམ་སྟོན་བཀའ་སློབ་དང་ཁྲིམས་སྒྲིག་གསལ་བོ་བཟོས་པ་ཧ་ཅང་ཉུང་ཉུང་ཡིན་སྟབས། མ་འོངས་པར་ས་གནས་མི་མང་ལ་གཞུང་གི་སྲིད་བྱུས་ལངས་ཕྱོགས་དང་ཁྲིམས་སྒྲིག་སོགས་ཀྱི་གོ་རྟོག་སྤེལ་རྒྱུ་གལ་ཆེན་པོ་རེད། དེ་ལྟར་བྱས་པ་ཡིན་ན་མི་མང་གི་ངོས་ནས་གཞུང་ལ་མཉམ་རུབ་ཡོང་གི་རེད་བསམ་གྱི་འདུག ཅེས་བརྗོད་སོང་། མཇུག་ཏུ་ཁོང་གིས། ང་རང་སྤྱི་འཐུས་ནང་བསླེབ་པ་ཡིན་ན། ད་ལྟའི་བོད་མིའི་སྒྲིག་འཛུཊ་དེ་དབུ་མའི་ལམ་ཆགས་ཡོད་སྟབས། དབུ་མའི་ལམ་གྱི་ཆེད་དུ་ག་རེ་བྱེད་དགོས་ཀྱང་བྱ་རྒྱུའི་འདུན་པ་ཡོད།” ཅེས་བརྗོད་བྱུང་།
སྤྱི་འཐུས་འོས་མི་ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་དྲི་བ་དང་པོར་ལན་བསྐྱོན་དོན། “སྤྱིར་བཏང་སྤྱི་འཐུས་ཤིག་གི་འོས་འགན་གཙོ་བོ་མང་ཚོགས་ཀྱི་འཐུས་མི་ཆགས་ཀྱི་ཡོད་སྟབས། གཙོ་བོ་མང་ཚོགས་ནང་དངོས་སུ་ཞུགས་ཏེ་མང་ཚོགས་ཀྱི་བསམ་ཚུལ་བསྡུ་རུབ་དང་། གཞུང་དོན་ཡིན་མིན་ལ་མ་ལྟོས་པར་ས་གནས་ཤིག་ཏུ་བསྐྱོད་སྐབས། ས་གནས་དེའི་མང་ཚོགས་ཀྱི་བསམ་ཚུལ་བསྡུ་རུབ་བྱས་ཏེ། མང་ཚོགས་ཀྱི་དཀའ་ངལ་དང་བསམ་ཚུལ་དེ་གྲོས་ཚོགས་ནང་འཁྱེར་ནས་བགྲོ་གླེང་བྱེད་དགོས་པ་དེ་སྤྱི་འཐུས་ཤིག་གི་འོས་འགན་གཙོ་བོ་རེད་བསམ་གྱི་འདུགགཉིས་པ། ང་རང་གི་ལྟ་སྟངས་ལྟར་ན་འཛིན་སྐྱོང་ལ་སྟངས་འཛིན་བྱེད་རྒྱུ་དེ་རེད། འཛིན་སྐྱོང་གི་ལས་དོན་བྱེད་ཕྱོགས་དང་གྲོས་ཚོགས་ཀྱི་གཏན་ལ་ཕབ་པའི་ཁྲིམས་དང་སྒྲིག་གཞི། གྲོས་ཆོད་ལྟར་འགྲོ་ཐུབ་མིན་དང་ལས་ཀ་བྱེད་ཐུབ་ཀྱི་ཡོད་མེད། གལ་སྲིད་མེད་པ་ཡིན་ན་སྐབས་དེའི་གྲོས་ཚོགས་ཐོག་གོ་བསྡུར་སྦྱང་བཤད་དང་དོགས་འདྲི་བྱེད་དགོས་པ་དེ་རེད། གསུམ་པ། རྒྱལ་སྤྱིའི་ཐོག་བོད་ཀྱི་གནད་དོན་དྲིལ་བསྒྲགས་བྱ་<རྒྱུ་དེ་རེད། རྩ་བའི་ཆ་ནས་ལས་དོན་འདི་འཛིན་སྐྱོང་གིས་བྱེད་དགོས་པ་ཞིག་རེད། འོན་ཀྱང་ད་ལྟའི་གནས་སྟངས་འདིར་འཛིན་སྐྱོང་གིས་ཕྱི་འབྲེལ་ཐོག་བརྒྱ་ཆའི་བརྒྱ་ཡོང་ཐུབ་ཀྱི་མེད་པ་དེ་གསལ་བོ་ཆགས་ནས་ད་ལྟའི་བར་གྲོས་ཚོགས་ངོས་ནས་ལས་འགུལ་འདི་རིགས་འགྲོ་དང་འགྲོ་བཞིན་པ་རེད། དེར་བརྟེན། བོད་པའི་སྤྱི་འཐུས་ཤིག་ལ་མཚོན་ན་བོད་ཀྱི་གནད་དོན་དང་བོད་རྒྱའི་འབྲེལ་ལམ་སྐོར། བོད་ནང་གི་ཛ་དྲག་གི་གནས་སྟངས་རྒྱལ་སྤྱིའི་ཐོག་འགྲེལ་བཤད་རྒྱག་རྒྱུ་གལ་ཆེན་པོ་རེད།” ཅེས་བརྗོད་བྱུང་།
ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་དྲི་བ་གཉིས་པར་ལན་བསྐྱོན་དོན། “འདིའི་སྐོར་ལ་ང་རང་གི་ལྟ་ཚུལ་འདི་ཡིན། ཨང་དང་པོ་ཤེས་ཡོན་སྲིད་བྱུང་གསར་བ་ཚུལ་བཞིན་ལག་བསྟར་བྱེད་གི་མེད་པ་དེ་རེད། ང་རང་གིས་ཉེ་ཆར་སྔོན་འགྲོའི་འོས་བསྡུའི་སྐབས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་དུའང་གཙོ་ཆེ་ཤོས་ཤེས་ཡོན་སྲིད་བྱུས་སྐོར་བཤད་ཡོད། ཤེས་ཡོན་སྲིད་བྱུས་དེ་གྲོས་ཚོགས་ཀྱིས་གཏན་ལ་ཕབ་སྟེ་ལག་ལེན་ལ་འཁེལ་ནས་འགྲོ་བཞིན་པའི་སྲིད་བྱུས་ཤིག་རེད། ཡིན་ནའང་། སྐབས་བཅུ་བཞི་པའི་བཀའ་ཤག་གི་ངོས་ནས་སྔོན་མ་ལས་ལྷག་པ་ཞིག་གནང་ཐུབ་ཀྱི་མེད་པ་མ་ཟད། སྔོན་མ་ལྟ་བུ་ཞིག་ཀྱང་གནང་ཐུབ་ཀྱི་མེད་པ་མངོན་གསལ་དོད་པོ་ཆགས་ཡོད། དཔེར་ན། ཤེས་ཡོན་སྲིད་བྱུས་དེ་དངོས་ནས་བཤད་ན་འཛིན་རིམ་བརྒྱད་པའི་བར་བོད་ཡིག་རང་སྐྱ་འཕེར་བ་འགྲོ་ཐུབ་པའི་གནས་སྟངས་ཡོད་ཀྱང་། ༢༠༡༣ ལོ་ནས་འཛིན་རིམ་དྲུག་པ་ནས་བརྒྱད་པའི་བར་དབྱིན་ཡིག་རང་གི་སྒང་འགྲོ་དགོས་པའི་བཀའ་བཏང་བའི་གནས་ཚུལ་བྱུང་ཡོད། སྤྱིར་བཏང་ད་ལྟའི་སྲིད་སྐྱོང་ཁོང་ཡར་ལངས་སྐབས་ཤེས་ཡོན་སྲིད་བྱུས་གསར་བ་སྔར་ལས་ལྷག་ཅིག་ལག་ལེན་དུ་བསྟར་རྒྱུ་དང་། དེའི་ཐོག་དམིགས་བསལ་གྱི་ལས་ཀ་བྱེད་རྒྱུའི་ཁས་ལེན་བྱས་ཡོད་ཀྱང་། ད་ལྟ་ཁས་ལེན་གནང་བ་ལྟར་འགྲོ་ཐུབ་ཀྱི་མེད་པ་གསལ་བོ་རེད། གལ་སྲིད་ང་རང་སྤྱི་འཐུས་ཐོབ་པ་ཡིན་ན་དེའི་ཐོག་དམིགས་བསལ་ཤུགས་རྒྱག་རྒྱུའི་འདོད་པ་ཡོད། གཉིས་པ། བོད་ནས་གསར་དུ་ཕེབས་པའི་བོད་མི་དག་ལ་སློབ་སྦྱོང་གིས་མཚོན་པའི་མཐུན་རྐྱེན་དག་དག་ཅིག་སྤྲད་མ་ཐུབ་པའི་རྐྱེན་གྱིས། བོད་མི་མང་པོ་ཞིག་ཕྱི་རྒྱལ་ཁག་ལ་ཁྲིམས་འགལ་གྱིས་འགྲོ་བཞིན་ཡོད་པ་དང་། དེ་བཞིན་དུ་ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་མདུན་དུ་བང་སྒྲིག་ནས་ཡི་གེ་བླངས་ཏེ་ཕྱིར་བོད་དུ་ལོག་གི་ཡོད་པ་འདི་རེད། ཕྱི་རྒྱལ་དང་བོད་དུ་ལོག་མཁན་མང་པོ་ཞིག་གིས་བོད་མིའི་སྒྲིག་འཛུགས་ལ་མི་འདོད་པའི་རྣམ་འགྱུར་སྟོན་བཞིན་ཡོད་པའང་མངོན་གསལ་རེད། དེ་ནི་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་འཐུས་ཤོར་ཆེ་ཤོས་ཤིག་ཏུ་མཐོང་གི་ཡོད། གསུམ་པ། ད་ཆར་ང་ཚོའི་སྤྱི་ཚོགས་ཀྱི་སྐྱོན་ཆེ་ཤོས་དོན་དག་ཆུང་ཚགས་མང་པོ་ཞིག་སྣང་མེད་དུ་འཇོག་གི་ཡོད་པ་དེ་རེད། དཔེར་ན། ཉེ་བའི་ཆར་རང་བཙན་དང་དབུ་མ་ཞེས་ནང་ཁུལ་དུ་མ་འགྲིག་པ་བཟོ་བསྡད་པ་དེ་དག་གསལ་བཤད་ཡག་པོ་གནང་ཐུབ་ཀྱི་མེད་པ་དེ་རེད། མི་ཁ་ཤས་ཤིག་གི་དབུ་མ་དང་རང་བཙན་ཁ་ལ་འཁྱེར་ནས་ཅིག་བཤད། མང་ཚོགས་ཀྱི་མགོ་མ་འཚོས་ནས་ཆུང་ཆུང་ཆེན་པོ་ཆགས་ཀྱི་ཡོད། དེའི་ཐད་ང་ཚོའི་སྒྲིག་འཛུཊ་ཀྱི་ངོས་ནས་གསལ་བཤད་ཡག་པོ་མ་ཐུབ་པར་འཐུས་ཤོར་མང་པོ་མཐོང་སོང་།” ཅེས་བརྗོད་བྱུང་།
ཁོས་མུ་མཐུད་དུ་བརྗོད་པར། “འགྱུར་བ་གཏོང་སྟངས་ཀྱི་ཐད་ནས། དང་པོ། ཤེས་ཡོན་སྲིད་བྱུས་གསར་བ་སྔོན་མ་ལྟར་འགྲོ་རྒྱུའི་ལམ་ཁ་ཆ་ཚང་བཟོས་བཞག་ཡོད། བོད་ཡིག་ཐོག་འཛིན་རིམ་བཅུ་བའི་བར་གྱི་སློབ་དེབ་ཆ་ཚང་བསྒྱུར་ཚར་བ་རེད། སློབ་གྲྭ་མང་པོ་ཞིག་གིས་འཛིན་གྲྭ་དྲུག་པ་བདུན་པ་བར་དུ་ལག་ལེན་བསྟར་ནས་གང་ལ་གང་འཚམ་ཡག་པོ་ཆགས་ཡོད། ཡིན་ནའང་། ན་ནིང་ད་ལོར་དེར་འགྱུར་བ་གང་འཚམ་བཏང་སོང་། དེ་ངའི་ངོས་ནས་བོད་སྐད་ཡིག་གི་གལ་ཆེའི་རང་བཞིན་མ་རྟོགས་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ༢༠༡༡ ལོ་ནས་བཅའ་སྒྲིག་མང་པོ་ཞིག་ལ་འགྱུར་བ་བཏང་ཡོད་ཀྱང་། ཤེས་ཡོན་སྲིད་བྱུས་གསར་བའི་ནང་དེ་དག་ལ་འགྱུར་བ་བཏང་མེད་པར་ལྷག་འདུག ཤེས་ཡོན་སྲིད་བྱུས་ཀྱི་སྒྲིག་གཞི་ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱའི་སྟེང་བཞག་འདུག དེའི་ནང་གཞུང་གི་བཅའ་སྒྲིག་ཁག་ལས་འགྱུར་བ་བཏང་ཟིན་པ་ཆ་ཚང་རང་འཇགས་ལྷག་འདུག དེ་དག་འགན་མ་འཁུར་བའི་གནས་སྟངས་རེད། གཉིས་པ། བོད་ནས་གསར་དུ་འབྱོར་མཁན་ཚོར་སློབ་སྦྱོང་གི་མཐུན་རྐྱེན་ཡག་པོ་སྤྲོད་རྒྱུ་དང་། སློབ་སྦྱོང་ཐོན་མཚམས་སློབ་སྦྱོང་དང་མཐུན་པའི་ལས་ཀ་སྤྲོད་རྒྱུར་འབད་རྩོན་བྱེད་དགོས་ཀྱི་འདུག དེ་ལྟར་བྱས་པ་ཡིན་ན་ད་གཟོད་དོན་དག་དེ་རིགས་ཇེ་ཉུང་དུ་འགྲོ་སྲིད་པར་ངོས་འཛིན་བྱེད་བཞིན་ཡོད།གསུམ་པ། སྤྱི་ཚོགས་ནང་གི་དཀྲོག་གཏམ་དང་གནས་ཚུལ་ཆུང་ཚགས་རིགས་ལ་དུས་ཐོག་གསལ་བཤད་དང་ལན་འདེབས་བྱ་རྒྱུ་གལ་ཆེན་པོ་རེད།”ཅེས་བརྗོད་བྱུང་།
རྣམ་པ་གསུམ་གྱིས་ལན་ཡག་པོ་གནང་འདུག ངོ་མ་རེད། ལྷག་པར་ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་གསུང་བ་དེ། ད་སྐབས་ཀྱི་གནས་བབ་འདི་ལ། ཧ་ཅང་གི་གནད་དུ་ཁེལ་འདུག གང་ཡིན་ཟེར་ན། སྤྱི་ཚོགས་ཞིག་གི་སྲ་བརྟན་དེའི་གྲུབ་ཆ་ལ་ཐུག་ཡོད། ང་ཚོའི་སྤྱི་ཚོགས་འདིའི་གྲུབ་ཆའི་མི་བུ་དག་གི་སེམས་ནང་ལ། ཡིད་ཆེས་མེད་པར་ཡིད་ཆད་སོགས་ཀྱིས་སྙིང་སྟོབས་བཅོམས་ན། རྩ་བའི་སྟོབས་ཤུགས་ལ་གནོད་སྐྱོད་ཕོག་པ་མངོན་གསལ་རེད། མི་ཁ་ཤས་ཀྱིས་རང་ཉིད་ཀྱི་ཚེ་གང་བོར་རང་དོན་ཁོ་ན་ལ་འབད་པ་ལས། གཞུང་དོན་ལ་འདི་བྱས་སོང་ཟེར་བ་ཞིག་མེད་ཐོག ཁ་རྒྱག་པ་རི་རབ་འདྲ་བོ་རེ་བཤད་ནས་འདུག རིག་པ་འདི་དག་ལ་གཟིགས་དང་། ལན་ཕོག་མི་འདུག ཆ་སྐྱེན་ཚང་མི་འདུག པ་པ་པ་ཅ་ཅ་ཅ། ང་དགོད་ཁ་ཤོར་གྱིན་ཡོད། ང་ཚོ་ནམ་རྒྱུན་ནམ་རྒྱུན་བོད་དོན་ལ་སེམས་མཁན་དག་གི་སེམས་ཁམས་ཀྱི་ཚོར་བའི་ངར། དེ་འདྲ་མ་རེད།
དྲི་བར་ལན་ཡག་པོ་ཕོག་མཁན་གཅིག་ཀྱང་མི་འདུག དྲི་བ་ཧ་ཅང་གནད་འགག་ཅན་བཏང་འདུག འདི་ལ་བལྟས་ཡོང་ན་མི་འདི་གསུམ་ཀའི་ནང་དུ་བོད་མི་མང་སྤྱི་འཐུས་ཀྱི་ཆ་རྐྱེན་ཚང་བའི་འོས་མི་གཅིག་ཀྱང་མི་འདུག
བཀྲ་ཤིས་དོན་འགྲུབ་ལགས་ཀྱིས་(འཕྲལ་ཕུགས་གང་ལ་བལྟས་ཀྱང་༧གོང་ས་མཆོག་གི་དགོངས་པའི་ཐོག་ཤར་སྐྱོད་བྱེད་པ་ལས་ལྷག་གི་ཁེ་ཕན་ཆེ་བ་ཞིག་ང་ཚོར་མེད་པ་གསལ་བོ་རེད། དེ་ནས་ཆབ་སྲིད་ལངས་ཕྱོགས་ཀྱི་ཐད་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཞུ་རྒྱུ་དང་། རང་གཞུང་བོད་མིའི་སྒྲིག་འཛུགས་ལ་བརྩི་བཀུར་ཞུ་རྒྱུ་གལ་འགངས་ཆེན་པོར་མཐོང་སོང་།)ཞེས་ལབ་འདུག་པ་དེ་ནི་ཧ་ཅང་སྣང་བར་འགྲོ་བོ་བྱུང་སོང་།
ཚངས་དབྱངས་ལགས་ཀྱིས་གནད་ལ་ཁེལ་བ་ཁ་ཤས་གསུངས་འདུག་ཐུགས་རྗེ་ཆེ།
འོ་ཧོ་ཧོ། སྤྱི་མཐུའི་ལྷན་ཚོགས་ལྷུང་ས་བཅུ་གསུམ་རེད། གཞན་གྱི་སྐད་ཡིག་ཕར་ཞོག རང་སྐད་ཐོག་ནས་ཚིག་བཞིའི་དོན་མི་གོ་ནས་སྤྱི་མཐུའི་ཞིག འཛིན་རིམ་བཅུ་གཉིས་་ཕར་་་་ཐ་ན་འཛིན་གྲྭ་ལྔ་པ་ཡང་ཐོན་མྱོང་མེད་པའི་་་་་སྤྱི་མཐུའི་ཞིག
འོ་ཧོ་ཧོ་བོད་པ་ཚང་་་་་་
སྤྱིར་ན་སྤྱི་འཐུས་ཤིག་ཡིན་ན་་་ཡང་ན་སྤྱི་འཐུས་བྱེད་རྒྱུ་ཡིན་ན་་་མི་དམངས་ཀྱིས་འདི་ལྟར་བསམ་གྱི་འདུག མི་དམངས་ལ་འདི་དགོས་ཟེར་གྱི་འདུག མི་མང་གིས་འདི་ལྟ་བུ་ཞིག་ཡོང་རོགས་བྱས་ན་ཟེར་གྱི་འདུག་་་ཟེར་བའི་སྐད་ཆ་ཡོང་ཐུབ་པའི་འཐུས་ཚབ་ཅིག་བྱེད་དགོས་ཀྱི་ཡོད་པ་རེད། ཡིན་ཡང་། བོད་མིའི་སྒྲིག་འཛུགས་ཀྱི་འཐུས་མི་རྣམས་ནི་དཔོན་པོ་བྱེད་དུ་ཡོང་པ་ནང་བཞིན་་་ངས་འདི་བྱེད་འདོད་ཡོད། གན་བྱེད་ཀྱི་ཡིན་་ལྟ་བུ་རྐྱང་གསུང་བསྡད་ཀྱི་འདུག་པས་་་སུས་འཐུས་མི་བྱེད་འདོད་ཡོད། སོ་སོའི་འཐུས་མི་བྱེད་པར་འགྲོ་གི་ཡོད་དམ།
དོན་དངོས་སུ་སྤྱི་འཐུས་ནི་ཇི་ལྟ་བུ་ཞིག་ཡིན་དགོས།
གལ་སྲིད་
ཚངས་དབྱངས་རྒྱ་མཚོས།
་་་་་་ སྐབས་བཅུ་བཞི་པའི་བཀའ་ཤག་གི་ངོས་ནས་སྔོན་མ་ལས་ལྷག་པ་ཞིག་གནང་ཐུབ་ཀྱི་མེད་པ་མ་ཟད། སྔོན་མ་ལྟ་བུ་ཞིག་ཀྱང་གནང་ཐུབ་ཀྱི་མེད་པ་མངོན་གསལ་དོད་པོ་ཆགས་ཡོད།
དཔེར་ན། ཤེས་ཡོན་སྲིད་བྱུས་དེ་དངོས་ནས་བཤད་ན་འཛིན་རིམ་བརྒྱད་པའི་བར་བོད་ཡིག་རང་སྐྱ་འཕེར་བ་འགྲོ་ཐུབ་པའི་གནས་སྟངས་ཡོད་ཀྱང་།
༢༠༡༣ ལོ་ནས་འཛིན་རིམ་དྲུག་པ་ནས་བརྒྱད་པའི་བར་དབྱིན་ཡིག་རང་གི་སྒང་འགྲོ་དགོས་པའི་བཀའ་བཏང་བའི་གནས་ཚུལ་བྱུང་ཡོད། ་་་་་་་
མང་ཚོགས་དཀྱུས་མའི་ཁྲོད་ནས་ཉན་ན་ཚངས་དབྱངས་རྒྱ་མཚོ་ཟེར་བ་ཁོང་གི་སྐད་ཆར་རྒྱུ་མཚན་ཡོད་ཡོད་འདྲ་ཞིག་མཐོང་ཡང་། ཆབ་སྲིད་གཏིང་ཟབ་མོའི་ཐོག་ནས་བལྟས་པ་ཡིན་ན་ཁོང་གི་སྐད་ཆ་དེར་རྒྱུ་མཚན་མེད་པ་མ་ཟད་ཁོ་རང་སྤྱི་འཐུས་ནང་འགྲོ་ཐབས་ཁོ་ནའི་ཆེད་དུ་སྤྱི་ཚོགས་ནང་ཚོར་བ་ཡོད་པའི་གནད་དོན་གཅིག་གི་རྐང་པ་འཇུས་ཏེ་ཨུ་ཚུགས་ཀྱིས་སྐད་ཆ་ཞིག་བཙུར་གྱི་ཡོད་པའི་བཟོ་ལྟ་འདུག
གཞིས་ཆགས་གལ་ཆེན་རེད་ལ། ཀརྨ་དགེ་ལེགས་ཡག་པོ་མེད་འགྲོ གསེར་རྟ་ནི་ཁམས་ནང་ཡོད་པས། ཨ་མདོའི་ཡིན་ལབ་ན་ཡག་པོ་མེད་པའི་ཁར། ཆོལ་ཁའི་རྩོད་གཞི་ཆེན་པོ་ཞིག་རེད། གོང་ས་མཚོག་གི་ལམ་སྟོན་ཆིག་སྒྲིལ་རེད་ལ། ཨ་མདོ་ཚོ་གོང་ས་མཆོག་གི་ལམ་སྟོན་ནང་ཤར་བསྐྱོད་བྱེད་ཀྱི་ཡོད་མེད་ད་རེས་ཧ་གོ་ངེས་རེད།
མདོ་སྨད་ཆོལ་ཁའི་འོས་མི་ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་སྐད་ཆ་དོན་ལ་གནས་པ་ཞིག་བཤད་འདུག དོན་དག་རྡོག་རྡོག་དེ་དུས་དང་འཚམས་པའི་ཤེས་ཡོན་སྲིད་བྱུས་ཁག་ལག་བསྟར་བྱ་ཐུབ་ཐབས་དང་། བོད་འབྱོར་གསར་པ་ཚོར་ལོ་ཚོད་དང་མཐུན་པའི་ལས་རིགས་དང་ཤེས་ཡོན་སྤྲོད་ཐབས། མདོར་ན་བོད་ནས་ཕེབས་པའི་བོད་རིགས་ཚོ་རང་གཞུང་གིས་མཐུན་རྐྱེན་ལ་དཔགས་པའི་བདག་པོ་ཞིག་རྒྱག་གནང་ཐུབ་ན། མི་རིགས་འདིའི་རྡོག་རྩ་ཆིག་སྒྲིལ་དང་བྱེས་འབྱོར་བ་རྣམས་བྱ་སྤུ་བཞིན་ཕྱོགས་མཐའ་རུ་གང་སར་འཁྱམས་ཡན་དུ་མི་འགྲོ་བར་ཕན་སྙམ།
དེ་བཞིན་སྤྱི་ཚོགས་ནང་དབུ་ལམ་དང་རང་བཙན་གྱི་བཤད་ཡམ་དེ་དག་མི་འབྱུང་བའི་ཆེད་བོད་མིའི་སྒྲིག་འཛུག་ངོས་ནས་བོད་དོན་འཐབ་རྩོད་ལ་ལམ་ཁ་མི་འདྲ་བ་ཡོད་པའི་གསལ་བཤད་དག་འབུད་གནང་དགོས་པ་ལས། སྒྲིག་འཛུག་རང་ངོས་ནས་རང་བཙན་གྱི་འཐབ་རྩོད་དེ་རྒྱལ་བའི་དགོངས་གཞི་དང་འགལ་བའི་ཁ་བྲལ་བའི་བྱ་སྤྱོད་ལྟ་བུ་ཞིག་ཏུ་མི་མང་ལ་འགྲེལ་བཤད་རྒྱག་གནང་སྡད་ན་འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་བོད་རིགས་མིན་པའི་རང་བཙན་དོན་གཉེར་བ་རྣམས་སེམས་སྟོབས་དང་བོད་དོན་རྒྱབ་བསྐྱོར་གནང་འགྱུར་འགོག་རྐྱེན་བཟོ་བྱེད་ལས་ཅང་མི་ཡོང་སྙམ།