ཉེ་ལམ་རྒྱ་གཞུང་གིས་རྔ་བའི་ཆབ་སྲིད་བཙོན་པ་ཡོན་ཏན་ལགས་བཙོན་གྲོལ་བཏང་སྟེ་ཕྱིར་རང་ཁྱིམ་དུ་འབྱོར་ཡོད་འདུག
ཟླ་འདིའི་ཚེས་ ༢༢ ཉིན་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༨ ལོའི་རྔ་བའི་ཞི་རྒོལ་ནང་མཉམ་ཞུགས་བྱས་པའི་ཉེས་མིང་འོག་འཛིན་བཟུང་གིས་ལོ་ ༩ དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པའི་ཆབ་སྲིད་བཙོན་པ་ཡོན་ཏན་ལགས་བཙོན་འཇུག་དུས་ཡུན་མ་རྫོགས་པར་ཀློད་གྲོལ་བཏང་ཡོད་པ་དང་། ཁོང་རང་ཁྱིམ་དུ་འབྱོར་སྐབས་ནང་མི་ཉེ་འབྲེལ་དང་ཡུལ་མི་ཚོས་ཕེབས་བསུ་ཞུས་ཡོད་འདུག
གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཡོན་ཏན་ལགས་ནི་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་རྔ་བ་རྫོང་ནས་ཡིན་འདུག་ལ། ཕྱི་ལོ་ ༢༠༠༨ ལོར་རྔ་བར་བོད་མི་ཚོས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་བསྒྱུར་གྱི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་བྱེད་སྐབས་མཉམ་ཞུགས་གནང་ཡོད་འདུག ཕྱིས་སུ་རྒྱ་གཞུང་གིས་ཁོང་ཞི་བའི་ངོ་རྒོལ་གནང་མཁན་གཙོ་གྲས་ཡིན་པའི་ཉེས་མིང་འོག་འཛིན་བཟུང་གིས་ལོ་ ༩ དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག ཟླ་འདིའི་ཚེས་ ༢༢ ཉིན་ཁོང་བཙོན་བཅུག་དུས་ཡུན་མ་རྫོགས་པར་ཟླ་གཉིས་ལྷག་གི་སྔོན་ལ་ཀློད་གྲོལ་བཏང་ཡོད་འདུག་མོད། ད་ཆར་དུས་ཡུན་མ་རྫོགས་ཡར་སྔོན་དུ་ཀློད་དགོས་པའི་རྒྱུ་རྐྱེན་དང་ཁོང་གི་གཟུགས་པོའི་གནས་སྟངས་སོགས་གསལ་བོ་མ་ཤེས་པར་ལྷག་ཡོད་འདུག
གསར་འགོད་པ། དོན་གོ