ཟླ་འདིའི་ཚེས་ ༢ ཉིན་ནས་བཟུང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་གི་གདན་ས་ནཱ་ལེནྜ་ཐེག་ཆན་བྱང་ཆུབ་ཆོས་གླིང་དུ་སྐྱ་སེར་མང་ཚོགས་ཀྱིས་རིན་པོ་ཆེ་མཆོག་ལ་ཞབས་རིམ་བསྒྲུབ་པར་རྒྱ་གཞུང་གིས་བཀག་འགོག་བྱས་ཡོད་ནའང་མང་ཚོགས་ཀྱིས་མུ་མཐུད་རིན་པོ་ཆེ་མཆོག་གི་གཟིམས་ཤག་ཉམས་གསོ་བྱེད་བཞིན་ཡོད་འདུག
གནས་ཚུལ་བཏང་འབྱོར་ལྟར་ན། ཕྱི་ལོ་༢༠༡༤ ཕྱི་ཟླ་ ༦ ཚེས་༢ ནས་བཟུང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་གདན་ས། ཁམས་ནཱ་ལེནྜ་ཐེག་ཆེན་བྱང་ཆུབ་ཆོས་གླིང་དུ། མཁན་པོ་དང་མཁན་ཟུར། དགེ་བཤེས། བླ་སྤྲུལ། དགེ་བསྐོས། བོད་རིགས་མགོ་ཁྲིད། མི་མང་བཅས་ལྷན་འཛོམས་ཀྱིས་སྤྲུལ་སྐའི་ཞབས་རིམ་ཉིན་མང་པོར་གསོག་བསྒྲུབ་བྱེད་རྩིས་ཡོད་ཀྱང་། ཉིན་གཅིག་མ་གཏོགས་འདོན་མ་བཅུག་པར་ཉག་ཆུ་རྫོང་གི་མགོ་ཁྲིད་ནས་ཡུལ་ཚོའི་མགོ་ཁྲིད་ལ་ཁ་པར་བཏང་སྟེ་བཀག་འགོག་བྱས་ཡོད་འདུག ད་དུང་མགོ་ཁྲིད་ཚོས་འབྲེལ་ཡོད་དགོན་པ་དང་ཡུལ་མི་གནད་ཡོད་མི་སྣ་མང་པོ་ཞིག་ལ་སྡིགས་ར་དང་སྦྲགས། གནས་ལུགས་ཅི་ཡང་མ་བཤད་པར་གཤེ་གཤེ་མང་པོ་བཏང་ཡོད་འདུག
ས་གནས་དགེ་འདུན་པ་དང་མང་ཚོགས་ཚོས་སེམས་ཤུགས་སྔར་ལྷག་ཆེར་བསྐྱེད་ཀྱིས། དུས་རྒྱུན་ལྐོག་ནས་རིན་པོ་ཆེ་གཟིམ་ཤག་ཉམས་གསོ་ཅུང་ཟད་བྱེད་ཀྱི་ཡོད་ཀྱང་། ད་ལན་ལོ་མང་རིང་རྒྱ་གཞུང་གི་བཙན་བཀའ་འོག་ཉམས་ཆག་ཆེན་པོར་ཕྱིན་པའི་སྤྲུལ་སྐུ་རིན་པོ་ཆེ་མཆོག་གི་གཟིམས་ཤག་ཉམས་གསོ་བྱེད་བཞིན་ཡོད་འདུག དེར་རྒྱ་གཞུང་གིས་དངོས་ལྐོག་ཅི་རིགས་ནས་བཀག་འགོག་བྱ་རྒྱུར་སྔོན་དཔག་བྱེད་བཞིན་ཡོད་མོད། རྒྱ་གཞུང་གི་སྡིགས་ར་ལ་ཇི་མི་སྙམ་པར་མང་ཚོགས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་གཟིམས་ཤག་བསྐྱར་གསོའི་ཨར་ལས་མགོ་བཙུགས་བྱས་ཏེ་རིན་པོ་ཆེེ་ཕེབས་རྒྱུར་རེ་སྒུག་བྱེད་བཞིན་ཡོད་པ་རེད།
ད་ལོའི་ཕྱི་ཟླ་ ༤ཚེས་ ༢༨ ཉིན་གྱི་སྔ་དྲོར། ལི་ཐང་ཨོ་ཐོག་གི་མི་སྐྱ་ཨ་སྐལ་རྡོ་རྗེ། ངག་དབང་བློ་བཟང་། ཨ་ཕ་ནོར་བུ། བྱང་ཤར་ཀོམ་འབེ་བཅས་མི་གྲངས་བཞི། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་དང་འབྲེལ་བའི་ཞུ་སྐུལ་གྱི་ཡིག་ཆ་ཞིག་རྫོང་དཔོན་བརྒྱུད་དེ་ཁུལ་དང་ཞིང་ཆེན། དབུས་སོགས་སུ་རིམ་པར་སྤྲོད་དུ་སོང་ཡང་། རྫོང་དུ་སླེབས་ལ་ཉེ་བའི་སར་ཉེན་རྟོག་པས་ལམ་སྒུག་རིམ་པ་མང་པོ་བྱས་ཏེ་ཁོང་བཞི་པོ་འཇུ་བཟུང་བྱས་ནས། འདྲི་རྟོག་དང་འབྲེལ་བཀག་ཉར་བྱས་པ་དང་། ཉིན་བདུན་གྱི་རྗེས་ཏེ། ༥ ཚེས་ ༤ ལ་ཕྱིར་མངགས་འདུག ཁོང་བཞི་ལ་མང་ཚོགས་ལ་སྐད་ཆ་འདྲ་མིན་བཤད་མི་ཆོག་ལ། བཙོན་ཁང་དུ་བཅུག་པའང་བཤད་མི་ཆོག་ཟེར། གློད་གྲོལ་དགོས་ཟེར་གྱི་མང་ཚོགས་ལ་ཁོང་ཚོར་སློབ་གསོ་སྤྲད་ཀྱི་ཡོད། ཁྱེད་ཚོས་སེམས་ཁྲལ་བྱེད་མི་དགོས་ཞེས་བཤད་འདུག ཅེས་གནས་ཚུལ་ནང་བཀོད་འདུག
ས་གནས་མི་མང་གི་སྙིང་སྟོབས་དང་དད་པ་དམ་ཚིག་འདི་ལ་བསྔགས་བརྗོད་ཡོད། བཙན་བྱོལ་བོད་གཞུང་དང་རྡ་རམ་ས་ལའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚོས་སྐད་རྒྱག་གི་ཡོད་པ་ལས་ཁ་ཡོད་ལག་ཡོད་ཀྱི་མི་ལ་ཕན་ཐོགས་ཀྱི་མི་འདུག ནུས་པ་ཡོད་ན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་བཙོན་ཁང་ནས་བླངས་ཏེ་སྨན་བཅོས་ཀྱི་མིང་ཐོག་ནས་ཕྱི་རྒྱལ་ལ་འཐེན་ཐབས་བྱེད་དགོས་པ་རེད། སྐད་འབོད་བརྒྱབ་སྟེ་ཉི་མ་གཏོང་ཐབས་བྱེད་པ་ལས་འདི་ཁ་ཡོད་ལག་ཡོད་ཀྱི་ལས་དོན་གལ་ཆེ་ཤོས་དེ་རེད།