མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བསེ་བློ་བཟང་དཔལ་ལྡན་མཆོག་གིས་དུས་འཁོར་དབང་ཆེན་གནང་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༡༤/༠༦/༠༩
Share on FacebookShare on TwitterShare on EmailShare on Whatsapp

སང་ཉིན་ཧོར་ཟླ་ ༥ ཚེས་ ༡༢ ཉིན་ནས་བཟུང་མདོ་སྨད་གཙོད་དགོན་པའི་ནང་བསེ་ཚང་བློ་བཟང་དཔལ་ལྡན་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བསྐུར་རྒྱུ་ཡིན་འདུག

དེ་རིང་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། སང་ཉིན་ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༩ ཉིན་དང་ཧོར་ཟླ་ ༥ ཚེས་ ༡༢ ཉིན་ནས་ཚེས་ ༡༥ བར། མདོ་སྨད་ཀན་ལྷོ་གཙོད་གྲོང་ཁྱེར་ཉེ་འདབས་སུ་ཡོད་པའི་གཙོད་དགོན་པ་དགེ་ལྡན་ཆོས་གླིང་དུ། བསེ་ཚང་བློ་བཟང་དཔལ་ལྡན་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བསྐུར་རྒྱུ་ཡིན་པ་དང་། གནས་ཚུལ་མཁོ་སྤྲོད་པའི་བརྗོད་པ་ལྟར་ན། ཐེངས་འདིར་གཙོད་ཚོ་བ་ཉེར་གཅིག་གིས་བསྟན་པའི་སྦྱིན་བདག་དང་གོ་སྒྲིག་གནང་བའི་འོག ཀན་ལྷོ་ཁུལ་དང་གཙོད་གྲོང་ཁྱེར་བཅས་ཀྱི་མགོ་ཁྲིད་ཚོའི་རྒྱབ་སྐྱོར་དང་། ལྷག་པར་དུ་ས་གནས་བོད་རིགས་ལས་བྱེད་ཚོའི་རོགས་འདེགས་ལ་བརྟེན་ཏེ་སྲིད་གཞུང་གིས་ཆོག་མཆན་སྤྲད་པ་ཞིག་ཡིན་འདུག

ཐེངས་འདི་ནི་བསེ་བློ་བཟང་དཔལ་ལྡན་མཆོག་གིས་དུས་འཁོར་དབང་ཆེན་གནང་ཐེངས་བཞི་པ་དེ་ཆགས་ཡོད་ཅིང་། སྔ་ལོའི་ཕྱི་ཟླ་ ༦ པའི་ནང་སི་ཁྲོན་རྔ་པ་ཁུལ་མཛོད་དགེ་ཐང་སྐོར་དུ་དུས་དབང་ཐེངས་གསུམ་པ་གནང་སྐབས་ཆོས་ཞུ་བ་འབུམ་ ༣ ལྷག་འདུ་འཛོམས་བྱུང་བའི་གནས་ཚུལ་ཐོན་ཡོད། ཐེངས་འདིར་ཀན་ལྷོ་ཁུལ་གྱི་ཁུལ་དཔོན་གྱིས་དུས་དབང་སྟེང་ས་ཆའི་རྒྱ་ཁྱོན་གྱི་དབང་གིས་ཆོས་ཞུ་བ་འབུམ་གཉིས་ལས་ལྷག་འདུ་འཛོམས་བྱེད་མི་ཆོག་ཚུལ་བཀའ་བཏང་ཡོད་ཀྱང་། ས་གནས་མང་ཚོགས་ཚོས་ཐེངས་འདིར་མཚོ་སྔོན་དང་སི་ཁྲོན། ཀན་སུའུ་བཅས་ཞིང་ཆེན་གསུམ་ནས་དད་ལྡན་ཆོས་ཞུ་བ་འབུམ་ ༣ ནས་ ༤ བར་འདུ་འཛོམ་ཡོང་སྲིད་པའི་ཚོད་དཔག་བྱེད་ཀྱིན་ཡོད་འདུག

དུས་དབང་གོ་སྒྲིག་གནང་མཁན་ཚོས་གཙོད་གྲོང་ཁྱེར་ཡོངས་ཀྱི་ཚོང་ཁང་ཟ་ཁང་དང་མགྲོན་ཁང་། སྤྱི་སྤྱོད་རླངས་འཁོར་དང་གླ་གཏོང་འཁོར་ལོ་ཡོངས་རྫོགས་ཀྱི་གོང་ཚད་རྒྱུན་ལྡན་ལྟར་གནས་དགོས་པ་ལས། ཐེངས་འདིར་མི་མང་འདུ་འཛོམས་དང་བསྟུན་ཏེ་གོང་ཚད་སྤར་བ་རིགས་བྱེད་མི་ཆོག་པ་དང་། གཙོད་གྲོང་ཁྱེར་ཡོངས་ཀྱི་བོད་པའི་ཁྱིམ་ཚང་ཚོས་ཐག་ཉེ་རིང་གི་ཆོས་ཞུ་བ་སུ་ཞིག་གིས་གནས་ཚང་ཡར་ན་རིན་མེད་ཐོག་སྣེ་ལེན་ཞུ་དགོས་པ་སོགས་ཀྱི་ཐད་སྒྲིག་ཁྲིམས་བཟོས་ཏེ། གཙོད་ཚོ་བ་ཉེར་གཅིག་དང་གཙོད་དགོན་པ་བཅས་ཀྱི་ལྟ་རྟོག་རུ་ཁག་ཆེད་འཛུགས་ཀྱིས་ཆོས་ཞུ་བ་ཚོའི་འགྲོ་སྐྱོད་བདེ་འཇགས་དང་། ཟ་ཁང་ཚོང་ཁང་དང་མགྲོན་ཁང་། གླ་གཏོང་རླངས་འཁོར་སོགས་ལ་ལྟ་རྟོག་སྟངས་འཛིན་བྱེད་བཞིན་ཡོད་འདུག

བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་མཆོག་ནི། བོད་ཀྱི་རིག་མཛོད་ནང་། ༡༩༣༨ ལོའི་ཟླ་ ༡ བོའི་ཚེས་ ༡༩ ཉིན་མདོ་སྨད་རེབ་གོང་ཐེ་བུ་རུ་སྐུ་འཁྲུངས་ཤིང་། ཀུན་གཟིགས་པཎ་ཆེན་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་གིས་བསེ་སྐུ་ཕྲེང་ལྔ་པ་བློ་བཟང་བཀྲ་ཤིས་འཕྲིན་ལས་རྒྱ་མཚོའི་སྤྲུལ་སྐུར་ཐུགས་ཐག་བཅད་དེ། དགུང་ལོ་བཞི་བར་གཏེར་ལུང་ཡིད་དགའ་ཆོས་འཛིན་གླིང་གི་གདན་སར་བཀོད། དགུང་ལོ་བདུན་པ་ནས་ཡོངས་ཀྱི་བཤེས་གཉེན་ཆེན་མོ་ཀུན་དགའ་དཔལ་བཟང་བོ་ཡོངས་འཛིན་དུ་བསྟེན་ཏེ་ཀློག་བྲིས་རིག་གནས་དང་བཅས་པ་བསླབ། སྐྱབས་མཆོག་ཨ་རོལ་རིན་པོ་ཆེ་ལས་དགེ་བསྙེན་དང་བར་མ་རབ་བྱུང་། དགེ་ཚུལ་རྣམས་དཀྱུས་གཅིག་ཏུ་བསྒྲུབས། དབང་ལུང་ཁྲིད་གསུམ་དང་མན་ངག་ཞལ་ལུང་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གསན་ཏེ་སྐྱབས་རྗེ་དམ་པ་དེ་ཉིད་ཀྱི་སྲས་ཀྱི་ཐུ་བོར་གྱུར།

༡༩༤༧ ལོ་སྟེ་དགུང་ལོ་བཅུ་བར་རབ་འབྱམས་པ་འཇམ་དབྱངས་གྲགས་པ་མཚན་ཉིད་དགེ་རྒན་དུ་བསྟེན་ཏེ་བསྡུས་གྲྭ་དང་བློ་རྟགས་སོགས་གསན། ༡༩༥༡ ལོར་དབུས་སུ་ཆིབས་ཁ་བསྒྱུར་ཏེ་རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་གི་གཟིམ་ཆུང་མཇལ་ཁ་ཐོབ་ཅིང་། འབྲས་སྤུངས་ཚོགས་ཆེན་དུ་ཆོས་བཞུགས་གནང་སྟེ་ཚོགས་ཆེན་སྤྲུལ་སྐུའི་མཚན་བཏགས་བཞེས། སྒོ་མང་གྲྭ་ཚང་དུ་ཞུགས་ཏེ་དགེ་བཤེས་དབལ་ཤུལ་འཇམ་དབྱངས་རྒྱ་མཚོ་ཚང་བླ་མར་བསྟེན་ཏེ་སློབ་གཉེར་གནང་། ༧གོང་ས་རྒྱལ་བའི་དབང་བོ་མཆོག་ལས་སྐྱེས་རབས་སོ་བཞི་དང་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་དབང་སྟ་གོན་དང་བཅས་པ། རྒྱན་འཇུག་གཉིས་དང་བླ་མའི་རྣལ་འབྱོར་བཅས་ཀྱི་ལྗགས་ལུང་གསན།

༡༩༥༣ ལོར་གཙང་བཀྲ་ཤིས་ལྷུན་པོར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་མདུན་ནས་དགའ་ལྡན་ལྷ་བརྒྱ་མ་དང་ཡོན་ཏན་གཞིར་གྱུར་མའི་ལྗགས་ལུང་གསན། ནོ་མོན་ཧན་གྱི་བཀའ་ཤོག་དང་ཐམ་གའི་ཆོ་ལོ་བསྩལ་ཏེ་དམིགས་བསལ་གྱི་གཟེངས་བསྟོད་རྒྱ་ཆེར་གནང་། ༡༩༥༤ ལོར་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཕར་ཕྱིན་དམ་བཅའ་བཞག ༡༩༥༥ ལོར་རོང་བོ་དགོན་ཆེན་གྱི་དུས་ཞབས་པ་མཁས་དབང་སྟག་ལྷའི་མདུན་ནས་རྒྱ་བོད་ཀྱི་རྩིས་གཞུང་གསན་བསམ་མཛད། ༡༩༥༦ ལོར་བྲག་དཀར་སྤྲེལ་རྫོང་དུ་བྱོན་ཏེ་ཨ་རོལ་རིན་པོ་ཆེ་ལས་དུས་འཁོར་དབང་ཆེན་དང་མི་ཊ་རྡོར་ཕྲེང་སོགས་དབང་ལུང་གསན། དབུས་ཀྱི་བཤེས་གཉེན་ཆེན་པོ་འཇམ་དབྱངས་རྒྱ་མཚོ་ཚང་སྤྲེལ་རྫོང་དགོན་པའི་དགེ་རྒན་དུ་ཕེབས་ཡོད་པ་གཏེར་ལུང་དུ་གདན་དྲངས་ཏེ། གྲུབ་མཐའ་ཆེན་མོ་རྩ་འགྲེལ་སྦྲགས་པ་དང་མཛོད་རྩའི་དཔེ་ཁྲིད་ཞུས། ༡༩༥༧ ལོར་སླར་སྤྲེལ་རྫོང་དུ་ཕེབས་ཏེ་ཨ་རོལ་རྡོ་རྗེ་འཆང་མཁན་སློབ་སྦྲགས་མ་དང་། འདུལ་འཛིན་ཆེན་པོ་སྐྱབས་རྗེ་མི་ཉག་རིན་པོ་ཆེ་གསང་སྟོན་མཁན་པོ་མཛད་དེ་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དུས་འཁོར་དབང་ཆེན་སོགས་དབང་ལུང་རྗེས་གསུམ་མང་དུ་གསན་པ་གཙོས། མི་ཉག་རིན་པོ་ཆེའི་དྲུང་དུ་བདེ་གསང་འཇིགས་གསུམ་གྱི་བསྐྱེད་རྫོགས་དང་། དམིགས་བརྩེ་མའི་བེའུ་བུམ་སོགས་ལུང་རྐྱང་གི་རིགས་མང་དུ་གསན།

༡༩༥༨ ལོའི་དུས་འགྱུར་སྐབས་རྒྱ་ནག་གི་ཁྲིམས་ལ་ཚུད་དེ་ཟི་ལིང་དུ་བསྐྱལ། བཙོན་ལས་སྐྱབས་མགོན་ཤར་སྐལ་ལྡན་བདུན་པ་ཆེན་པོ་དང་མཇལ་ཏེ་གསང་ཐབས་ཀྱིས་དཔལ་རྡོ་རྗེ་འཇིགས་བྱེད་ལ་བརྟེན་པའི་ལུས་སྲུང་གི་གསང་བའི་མན་ངག་བཀའ་རྒྱ་མའི་ཁྲིད་དང་། ཏིང་ངེ་འཛིན་གྱི་དབང་བཞི་ཐུན་མོང་མ་ཡིན་པའི་ལུང་བཅས་མནོས། རྐྱེན་ངན་གྲོགས་ཤར་གྱིས་བཙོན་ཁང་དུ་བདེ་གསང་འཇིགས་གསུམ་དང་། དུས་འཁོར་རྩ་སྔགས་འབུམ་ཕྲག་ལྔ་བཅུ་རེ་དང་། འཇམ་དཔལ་མཚན་བརྗོད་དག་ཚར་ལྔ་བརྒྱ་ལྷག་གསང་ཟློས་གནང་། ༡༩༦༢ ལོའི་ཟླ་ ༩ བར་བཙོན་གྲོལ་ཐོབ་སྟེ་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་འཇམ་བཞད་དྲུག་པ་ཆེན་པོར་དངོས་མཇལ་དང་། ཚོགས་ཆེན་འདུ་ཁང་ཆེན་མོའི་འདུས་པ་རྒྱ་མཚོར་མཆོད་མཇལ། ཀུན་མཁྱེན་གོང་མ་ཡབ་སྲས་ཀྱི་སྐུ་གདུང་དང་མགོན་ཁང་སོགས་ལ་མང་མཇལ་ཐུགས་སྨོན་མཛད།

༡༩༦༣ ལོར་ཁུལ་སྲིད་གྲོས་ཨུ་ཡོན་དུ་བདམས་ཤིང་། ༡༩༦༥ ལོར་ཀན་སུའུ་ཞིང་ཆེན་གྱི་ཆབ་སྲིད་སློབ་གྲྭར་བྱོན་ཏེ་ཆབ་སྲིད་ལ་སློབ་སྦྱོང་མཛད། ༡༩༦༦ ལོར་རིག་གསར་དང་བསྟུན་ཏེ་སླར་ཡང་བཙོན་དུ་ཚུད། བཙོན་ཁང་དུ་འཇིགས་བྱེད་ཀྱི་སྙིང་བོ་འབུམ་རྒྱ། མ་ཎི་བྱེ་ཆེན། ལྟུང་བཤགས་དང་བཟང་སྤྱོད་ལྔ་སྟོང་རེ་གྲངས་གསོག་གནང་། ༡༩༦༨ ལོར་བཀས་བཀོད་རྒྱུད་འཛིན་གྱི་ཞྭ་མོ་གཡོགས་ནས་བསང་ཆུའི་བང་གུར་ཐང་ཞང་གི་དགའ་ཕུག་སྡེ་གྲོང་དུ་ངལ་རྩོལ་བསྒྱུར་བཀོད་ནང་ལོ་ ༡༡ ཙམ་ལ་བཞུགས། བཞད་སྒྲའི་སྐབས་མིན་བསྟོད་པའི་རྒྱན་གྱི་དཔེར་བརྗོད་ཀྱང་སྐབས་དེའི་མྱོང་བ་དྲན་ནས་བྲིས་པར་གསུངས། དེ་གར་བཞུགས་རིང་ངལ་རྩོལ་གྱི་ཞོར་དུ་གཞན་པའི་རོགས་རམ་འོག་ཕྱག་དཔེ་མང་བོ་གཡར་ཏེ། ལྐོག་ཏུ་རྗེའི་ལམ་སྔགས་དང་རིམ་ལྔ་སོགས་བསྐྱེད་རྫོགས་སྐོར་དང་། ལམ་རིམ་བློ་སྦྱོང་དང་རིག་གནས་སྐོར་ལ་དཔེ་གཟིགས་ཆད་མེད་མཛད།

༡༩༧༩ ལོར་དཀར་འདོན་གནང་སྟེ་ཁུལ་ཀན་ལྷོའི་མི་རིགས་སློབ་གྲྭའི་དགེ་རྒན་དུ་གདན་དྲངས་རྗེས། སློབ་ཁྲིད་ཀྱི་ཞོར་དུ་སྙན་འགྲེལ་ཚངས་སྲས་བཞད་སྒྲ་ལྗགས་རྩོམ་གནང་། ༡༩༨༥ ལོར་གཙོས་མི་རིགས་དགེ་འོས་ཆེད་གཉེར་སློབ་གྲྭ་གསར་དུ་བཙུགས་ཏེ་སློབ་གྲྭའི་སློབ་སྤྱི་གཞོན་པར་བསྐོས། མི་རིགས་སློབ་གསོ་དང་ཁྱད་པར་དུ་བོད་རིགས་སློབ་གསོའི་ལས་དོན་ཐོག་མཛད་རྗེས་ཆེན་པོ་བཞག

༡༩༨༦ ལོར་པཎ་ཆེན་སྐུ་ཕྲེང་བཅུ་བའི་ཕྱག་ཕྱིར་འབྲངས་ནས་ཟི་ཁྲོན་དཀར་མཛེས་ཁུལ་དང་། བོད་ལྗོངས་ཆབ་མདོ་ཁུལ། ཡུན་ནན་བདེ་ཆེན་ཁུལ། ཏཱ་ལིས་གྲོང་ཁྱེར་འཇང་ཡུལ་སོགས་ལ་གཟིགས་གནང་། ༡༩༨༧ ལོར་ཀུན་གཟིགས་པཎ་ཆེན་མཆོག་གི་བཀའ་ལྟར་པེ་ཅིན་དུ་ཀྲུང་གོའི་བོད་བརྒྱུད་ནང་བསྟན་སློབ་གླིང་གསར་འཛུགས་གྲ་སྒྲིག་ཚོགས་ཆུང་གི་གྲས་སུ་སློབ་དེབ་གསར་སྒྲིག་གི་འགན་བཞེས་ཤིང་། པཎ་ཆེན་རིན་པོ་ཆེ་མཆོག་གི་བཀའ་བཀོད་ལྟར། ༡༩༩༨ ལོའི་བར་དུ་པེ་ཅིན་ནང་བསྟན་སློབ་གླིང་དུ་གྲུབ་མཐའ་དང་འདུལ་བ་སོགས་ཀྱི་སློབ་ཁྲིད་ལོ་རེར་ཟླ་ ༣ རེ་རྒྱུན་ཆགས་སུ་གནང་། ༡༩༩༠ ལོར་སློབ་དཔོན་ཆེན་མོའི་གོ་འཕང་ལ་མངའ་བརྙེས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོག་སྣོན་ལེན་པའི་སློབ་གསོའི་ཆེད་ལས་པར་བདམས། ༡༩༩༢ ལོའི་ཧོར་ཟླ་བརྒྱད་པར་མགར་རྩེ་དགོན་གྲོང་གཉིས་ཀྱིས་གསོལ་འདེབས་ཞུས་དོན་ལྟར། མི་མང་ ༦༠༠༠༠ བརྒལ་བར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བསྩལ།

ད་ལྟ་ཀན་སུའུ་གཙོས་མི་རིགས་དགེ་འོས་མཐོ་རིམ་ཆེད་གཉེར་སློབ་གྲྭའི་སློབ་སྤྱི་གཞོན་པ་དང་སློབ་དཔོན་ཆེན་མོ། སྲིད་གྲོས་ཀན་སུའུ་ཞིང་ཆེན་ཨུ་ཡོན་ལྷན་ཚོགས་ཀྱི་རྒྱུན་ཨུ། སྲིད་གྲོས་ཁུལ་ཀན་ལྷོའི་ཀྲུའུ་ཞི་གཞོན་པ། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན་པ། ཀན་སུའུ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་སྤྱི་གཞོན་པ། ཀན་སུའུ་དམངས་སྲོལ་ཞིབ་འཇུག་ཚོགས་པའི་ཚོགས་སྤྱི་གཞོན་པ། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་གདན་ཞུའི་ཞིབ་འཇུག་པ་དང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་གདན་ཞུས་སློབ་དཔོན་ཆེན་མོ་སོགས་ཀྱི་འགན་ཞེས་མུས་ཐོག གཙོད་མི་རིགས་དགེ་འོས་མཐོ་རིམ་ཆེད་གཉེར་སློབ་གྲྭར་འཆད་རྩོད་རྩོམ་གསུམ་ལ་གཞོལ་བཞིན་ཡོད། ཅེས་འཁོད་འདུག

ཁོང་གི་བརྩམས་ཆོས་ཁག་ནི།《ཚངས་སྲས་བཞད་པའི་སྒྲ་དབྱངས།》དང་། 《དགེ་ལྡན་གྲུབ་མཐའ་འཇམ་མགོན་བསྟན་པའི་མཛེས་རྒྱན།》 《ཁྱད་པར་འཕགས་བསྟོད་ཀྱི་འགྲེལ་བ་ཐུབ་དབང་དགྱེས་པའི་མཆོད་སྤྲིན།》 《སྐྱབས་རྗེ་ཨ་རོལ་རིན་པོ་ཆེའི་རྣམ་ཐར།》 《དམ་ཆོས་འདུལ་བའི་ཟིན་བྲིས་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན།》 《མགར་རྩེ་དགོན་པའི་གདན་རབས་དང་བཅས་འཇམ་དབྱངས་མཐོང་གྲོལ་ཆེན་མོའི་དཀར་ཆག》 《རེབ་གོང་སྐྱབས་མགོན་བདུན་པའི་རྟོགས་བརྗོད།》《གཏེར་ལུང་དགོན་པའི་བཅའ་ཡིག》 སོགས་ཡོད།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༡༣ སྔོན་ལ།
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧
Close view of Chinese PLA combat helicopter in Tibet_January 05 2021
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་རེ་སྐུལ་ཞུས། 

༢༠༢༥/༠༦/༢༦
Mobile App

མི་འགྱངས་བར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག 

༢༠༢༥/༠༦/༢༦

མཆན། 3

  1. ལྷག་རྡོར། says:
    ལོ་ 11 སྔོན།

    གོང་གི་ལྷ་ཁང་ཐོག་བརྩེགས་དེ་(གཙོས་སྲས་མཁར་དགུ་ཐོག)ཟེར་བ་དེ་རེད། ད་ལྟ་དུས་འཁོར་དབང་ཆེན་སའི་དགོན་པ་དེའི་ནང་ཡོད་པ་རེད། ལྷ་ཁང་དེའི་ལོ་རྒྱུས་ལྟར་ན། ཐོག་མར་ཤར་སྐལ་ལྡན་རྒྱ་མཚོས་ཁོང་གི་ཐུགས་དམ་གྱི་རྟེན་མི་ལ་རས་པའི་སྐུ་འདྲ་གསུང་བྱོན་མ་དེ་ཉིད་སློབ་བུ་འབེ་ཤེས་རབ་མཆོག་ལྡན་ལ་གནང་ཞིང་། སྤྱི་ལོ་ ༡༦༧༨ ལོར་མི་ལའི་སྐུ་བརྙན་ནང་བཞུགས་ཀྱི་ལྷ་ཁང་ངམ་སྐུ་འབུམ་ཞིག་བཞེངས། ལྷ་ཁང་བསྐྲུན་ཕྱིར་ས་བསྔོག་སྐབས་མི་ལའི་ཞལ་ཐང་ཞིག་དང་། དུང་དཀར་ཞིག་རྙེད་པ་སོགས་རྟེན་འབྲེལ་འགྲིག ཕྱིས་རབ་བྱུང་བཅུ་གསུམ་པའི་མེ་བྱ་སྤྱི་ལོ་ ༡༧༧༧ ལོར་བློ་བཟང་དར་རྒྱས་སམ། མཚན་གཞན་ལ་ཆོས་དབྱིངས་རྡོ་རྗེར་འབོད་པས་སྲས་མཁར་དགུ་ཐོག་དངོས་སུ་བཞེངས། རྟེན་བཞེངས་ཤིན་ཏུ་རྒྱ་ཆེ་ཡང་སྤྱི་ལོ་ ༡༩༦༦ ལོར་རྒྱ་གཞུང་གིས་རིག་གནས་གསར་བརྗེ་ཞེས་པའི་མིང་གིས་བཏགས་པའི་ལས་འགུལ་ཁྲོད་རྩ་གཏོར་བཏང་། སྤྱི་ལོ་ ༡༩༨༨ ལོ་ནས་བསེ་ཁྲི་རྒན་སྐུ་ཕྲེང་དྲུག་པ་བློ་བཟང་དཔལ་ལྡན་(བསེ་ཚང་།)ཆོས་ཀྱི་རྡོ་རྗེ་མཆོག་གིས་གཙོ་འགན་བཞེས་ཏེ་ ༡༩༩༤ ལོར་བཟེངས་སྐྲུན་ལེགས་པར་གྲུབ། འདིའི་ནང་དུ་རྟེན་ཤིན་ཏུ་རྒྱ་ཆེན་ཡོད་པ་རྣམས་གཙོས་དགོན་པས་བསྒྲིགས་པའི་དཀར་ཆག་ཏུ་གསལ་ལོ།།

    Reply
  2. རྣམ་རྒྱལ་ཚེ་རིང་། says:
    ལོ་ 11 སྔོན།

    ཚོང་ཁང་ཟ་ཁང་དང་མགྲོན་ཁང་། སྤྱི་སྤྱོད་རླངས་འཁོར་དང་གླ་གཏོང་འཁོར་ལོ་ཡོངས་རྫོགས་ཀྱི་གོང་ཚད་རྒྱུན་ལྡན་ལྟར་གནས་དགོས་པ་ལས། ཐེངས་འདིར་མི་མང་འདུ་འཛོམས་དང་བསྟུན་ཏེ་གོང་ཚད་སྤར་བ་རིགས་བྱེད་མི་ཆོག་པ་དང་། གཙོད་གྲོང་ཁྱེར་ཡོངས་ཀྱི་བོད་པའི་ཁྱིམ་ཚང་ཚོས་ཐག་ཉེ་རིང་གི་ཆོས་ཞུ་བ་སུ་ཞིག་གིས་གནས་ཚང་ཡར་ན་རིན་མེད་ཐོག་སྣེ་ལེན་ཞུ་དགོས་པ་སོགས་ཀྱི་སྒྲིག་ཁྲིམས་བཟོས་འདུག ཟེར་བ་འདི་ཧ་ཅང་ཡག་པོ་འདུག

    Reply
  3. བློ་སྟོབས། says:
    ལོ་ 11 སྔོན།

    བླ་མ་རིན་པོ་ཆེ་རྩ་ཆེན་པོ་རེད། དུས་དབང་བྱིན་རླབས་ཆེན་པོ་རེད། མཁས་དབང་ཁྱེད་ཚང་གིས་བརྩམས་གནང་མཛད་པའི་སྙན་ངག་གི་གཞུང་ཆེན་པོ་《ཚངས་སྲས་བཞད་པའི་སྒྲ་དབྱངས།》ཞེས་པ་ལ་ང་ཚོས་སློབ་སྦྱོང་བྱས་མྱོང་ཡོད་ལ་ད་ལྟའང་སློབ་གྲྭ་ཁག་གི་སློབ་དེབ་ཡིན་ལགས་སོ་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese