མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་རྒྱ་ནག་གི་ཆ་ཤས་ཡིན་མིན་ལ་རྩོད་པ་བརྒྱབ་པ་རེད།

བོད་ཀྱི་དུས་བབ།
༢༠༡༤/༠༦/༢༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གྱི་འོས་བསྡུ་ཆེན་མོ་མཇུག་བསྒྲིལ་ཏེ་སྲིད་བློན་གསར་པ་བསྐོ་བཞག་དང་སྲིད་བློན་མུ་དྷི་ཡི་ཕྱི་སྐྱོད་ཐོག་མ་འབྲུག་ཡུལ་དུ་གནང་བ་བཅས་ཀྱི་ཐད་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་བཅར་འདྲི་ཞུས།

དྲི་བ། རྒྱ་གར་གྱི་འོས་བསྡུ་ཆེན་མོའི་ཁྲོད་དེ་སྔའི་གྷོ་ཇི་ར་ཐེ་མངའ་སྡེའི་སྲིད་སྐྱོང་ན་རེན་ཌ་མུ་དྷི་ཁོང་རྒྱ་གར་གྱི་སྲིད་བློན་ཆགས་ཡོད་པ་དེའི་ཐད་དགོངས་ཚུལ་གང་འདྲ་ཡོད།

 ལན། ན་རེན་ཌ་མུ་དྷི་ཁོ་རང་སྒེར་ངོས་ནས་བཤད་ན་ ༢༠༠༢ ལོར་གྷོ་ཇི་ར་ཐེའི་ནང་ཁ་ཆེ་དང་ཧིན་རྡུའི་བར་རྙོག་གྲ་བྱུང་བ་དེ་ནས་བཟུང་རྒྱལ་སྤྱི་དང་རྒྱ་གར་ནང་ཁོ་ལ་ལྟ་སྟངས་ཆེན་པོ་བྱུང་བ་རེད། ཁྲིམས་ཐོག་ནས་ཁོ་ལ་ད་བར་ཉེས་པ་གང་ཡང་ཕོག་མེད་སྟབས། རྒྱ་གར་སྲིད་བློན་དུ་བཞེངས་སྐབས་སྐྱོན་བརྗོད་མང་པོ་བསླེབས་ཀྱང་དེས་དོ་ཕོག་ཕྱིན་ཡོད་པ་མ་རེད། ཁོ་རང་གྷོ་ཇི་ར་ཐེ་སྤྱི་ཁྱབ་བློན་ཆེན་ཡིན་སྐབས་མངའ་སྡེའི་ནང་འཛུགས་བསྐྲུན་མང་པོ་བྱས་པ་དང་། རྒྱལ་ཁབ་གཞན་དང་ཡུལ་ལུང་གཞན་གྱི་ཚོང་པ་མང་པོ་གྷོ་ཇི་ར་ཐེའི་ནང་འབྲེལ་ལམ་བཙུགས་པ། དེ་ནས་ཉེ་རབས་ཤིག་ནས་རྒྱ་གར་ནང་ཆབ་སྲིད་ཚོགས་པ་གཅིག་གིས་གཞུང་འཛིན་པའི་གནས་སྟངས་དེར་འགྱུར་བ་ཕྱིན་པ། བྷེ་ཇེ་པེ་ཆབ་སྲིད་ཚོགས་པའི་ཁྱབ་བསྒྲགས་ཡག་པོ་བྱུང་བ་བཅས་ལ་བརྟེན་ཏེ། ད་རེབ་ཁོང་ལ་ཚོད་དཔག་ལས་ཀྱང་བརྒལ་བའི་རྒྱལ་ཁ་ཞིག་ཐོབ་པ་རེད།

དྲི་བ། ༢༠༠༢ ལོའི་གྷོ་ཇི་ར་ཐེའི་ནང་གི་རྙོག་གླེང་དེས་མ་འོངས་པར་སྲིད་བློན་ན་རེན་ཌ་མུ་དྷི་མཆོག་གི་ལས་དོན་ཐོག་དཀའ་ངལ་དང་ཤུགས་རྐྱེན་དེ་འདྲ་ཐེབས་སྲིད་དམ།

 ལན། བསམ་ཚུལ་དེ་རྒྱ་གར་ནང་ཡོང་གི་ཡོད་པ་རེད། མུ་དྷི་ཡི་གཞུང་གིས་ཁ་ཆེ་གཙོས་པའི་གྲངས་ཉུང་མི་རིགས་ཚོར་ལྟ་སྟངས་འདྲ་མཉམ་ཡོང་མིན་ལ་དོགས་པ་ཡོང་གི་ཡོད་པ་རེད། ཡིན་ནའང་ང་རང་གི་བསམ་ཚུལ་བྱས་ན། སྔོན་མ་ཁོ་རང་ལ་དེ་འདྲའི་མིང་འཆལ་ཞིག་ཡོད་པའི་རྒྱུ་མཚན་གྱིས་མ་འོངས་པའི་ཁོ་རང་གི་ལས་དོན་ཁྲོད་གནས་ཚུལ་དེ་འདྲ་མི་འབྱུང་ཐབས་ལ་སྔར་ལྷག་འབད་བརྩོན་དང་གཟབ་ནན་ཆེན་པོ་གནང་གི་རེད་བསམ་གྱི་འདུག ཁོ་རང་གིས་སྲིད་བློན་འོས་མིར་ཁྱབ་བསྒྲགས་སྐབས་སུའང་མི་རིགས་དབྱེ་འབྱེད་སོགས་མེད་པར་འདྲ་མཉམ་གནང་རྒྱུའི་ཁས་ལེན་གནང་ཡོད་པ་རེད། དེ་བཞིན་སྔོན་མ་ཁོ་ལ་མ་དགའ་བ་བྱེད་མཁན་དང་མཉམ་རུབ་མི་བྱེད་མཁན་དེ་ཚོས་ཀྱང་ད་ལྟ་བཀའ་མོལ་གནང་སྟངས་འགྱུར་བ་ཕྱིན་འདུག

 དྲི་བ། མུ་དྷི་ཡིས་སྲིད་བློན་ལས་འཁུར་མཛད་སྒོ་དེ་སྔ་དང་མ་འདྲ་བའི་རྒྱ་ཆེན་པོ་ཞིག་བྱེད་དོན་ག་རེ་ཡིན་ནམ།

 ལན། རྒྱ་གར་སྲིད་བློན་གྱི་ལས་འཁུར་དམ་འབུལ་སྟེང་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་སྲིད་བློན་ཚང་མ་མགྲོན་འབོད་བྱས་པ་དང་། བར་ལམ་གྱི་གནས་ཚུལ་གང་འདྲ་ཡིན་མིན་ལ་མ་ལྟོས་པར་སྲིད་བློན་ཚང་མ་ཕེབས་པ་དེ་ཕྱོགས་གཉིས་ཀ་སྙིང་སྟོབས་ལྡན་པ་རེད། བལ་ཡུལ་གྱི་སྲིད་བློན་གསར་པར་མཚོན་ན་ཡང་། རྒྱ་ནག་ལ་འགྲོ་དགོས་ན་རྒྱ་གར་ལ་འགྲོ་དགོས་ན་བསམ་ནས་ཐག་གཅོད་མ་ཐུབ་པར་དཀའ་ངལ་འཕྲད་བསྡད་ཡོད་པ་རེད། མུ་དྷིས་མགྲོན་འབོད་གནང་བ་དེས་ཁོ་རང་རྒྱ་གར་ནང་སྔོན་ལ་ཕེབས་རྒྱུར་སྟབས་བདེ་བོ་ཆགས་པ་རེད། དེ་བཞིན་རྒྱ་གར་དང་རྙོག་གྲ་ཆེ་ཤོས་གཅིག་པ་ཀི་སི་ཐན་ཆགས་ཡོད། པ་ཀི་སི་ཐན་གྱི་སྲིད་བློན་ཡང་ད་རེབ་མཛད་སྒོའི་ཐོག་ཕེབས་ཡོད་པ་རེད། དེ་དག་ཕྱོགས་གཅིག་ནས་བཟང་ཕྱོགས་ཀྱི་རྣམ་འགྱུར་ཆེན་པོ་ཞིག་རེད། ཕྱོགས་གཞན་ཞིག་ནས་དེང་སྐབས་ཉམས་ཞིབ་པ་ཚོས་རྒྱ་གར་གྱི་ཕྱོགས་ཚང་མ་རྒྱ་ནག་གིས་སྐོར་ནས་ཡོང་གི་འདུག་ཟེར་བ་དེ་ལ་ཐབས་ཇུས་ཀྱི་ཐོག་ནས་གོམ་པ་ཆེན་པོ་ཞིག་བརྒྱབ་པ་རེད་བསམ་གྱི་འདུག

 དྲི་བ། མུ་དྷི་མཆོག་གིས་ཐེངས་འདིར་ཕྱི་སྐྱོད་ཐོག་མ་དེ་འབྲུག་ཡུལ་བདམས་དགོས་དོན་གང་ཡིན་ནམ།

ལན། རྒྱལ་ཁབ་ཞིག་གི་སྲིད་འཛིན་སྲིད་བློན་གསར་དུ་བདམས་ཡོང་སྐབས། ཕྱི་སྐྱོད་ཐོག་མ་རྒྱལ་ཁབ་གང་དུ་གནང་གི་རེད་ཟེར་བ་དེ་ཆབ་སྲིད་ཀྱི་ཐོག་ནས་གནད་འགག་ཆེན་པོ་ཞིག་རེད། རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལས་བྷིང་ལ་རྡེ་ཤི་ལྟ་བུར་མཚོན་ན། རྒྱལ་ཁབ་ཀྱི་ཨ་ཕ་ལྟ་བུ་དེ་རྒྱ་གར་ཆགས་ཡོད་པ་རེད། དེ་བཞིན། རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཤི་རི་ལཱིང་ཁ་དང་འབར་མ། བལ་ཡུལ། རྒྱ་ནག པ་ཀི་སི་ཐན་སོགས་འབྲུག་ལས་མི་འབོར་མང་བ་དང་སྟོབས་ཆེ་བ་ཆགས་ཡོད་ཀྱང་། ལོ་རྒྱུས་ཐོག་རྒྱ་གར་དང་ཁྱིམ་མཚེས་འཆམ་ཤོས་དང་མཛའ་འབྲེལ་ཡུན་རིང་ཤོས་དེ་འབྲུག་ཆགས་ཡོད་རེད། དེ་ལ་བརྟེན་ནས་ཁོ་རང་གིས་གཟིགས་སྐོར་དང་པོ་འབྲུག་བདམས་པ་རེད་བསམ་གྱི་ཡོད། ཁོ་རང་གིས་ཀྱང་འབྲུག་གི་གྲོས་ཚོགས་གོང་འོག་ནང་ཕེབས་སྐབས། རྒྱ་གར་གྱི་དཔལ་འབྱོར་ཅི་ཙམ་ཡར་རྒྱས་ཕྱིན་པ་དེ་ཙམ་གྱིས་ཁྱིམ་མཚེས་རྒྱལ་ཁབ་སྤྱི་དང་། ལྷག་དོན་དུ་འབྲུག་རྒྱལ་ཁབ་ལ་རྒྱབ་རོགས་གང་ཡོང་ཅི་ཡོང་བྱ་རྒྱུ་ཡིན་གསུངས་སོང་། ཁ་སང་གནས་ཚུལ་ཐོན་པ་ལྟར་ན། སྲིད་བློན་ཁོང་ད་ལྟ་བྷར་ཛིལ་ནང་རྒྱལ་སྤྱིའི་རྐང་སྤོལ་འགྲན་བསྡུར་འགྲོ་བཞིན་པའི་མཇུག་བསྡོམས་མཛད་སྒོར་བཅར་འདོད་ཡོད་པ་ཞིག་གསུངས་འདུག དེ་ནས་ཕྱི་ཟླ་ ༩ པའི་ནང་ལ་ཨ་རིར་ཕེབས་རྒྱུའི་གྲ་སྒྲིག་ཡོད་པ་རེད།

དྲི་བ། སྲིད་བློན་མུ་དྷི་མཆོག་གི་ལས་འཁུར་མཛད་སྒོའི་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གདན་ཞུ་གནང་བ་དེ་རྒྱ་གར་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཏུ་ངོས་འཛིན་བྱས་ན་འགྲིག་གམ།

ལན། མཛད་སྒོ་དེར་སྲིད་སྐྱོང་དང་ནང་སྲིད་བཀའ་བློན་གཉིས་ཆ་ཕེབས་ཡོད་པ་རེད། ཐོག་མ་ང་ཚོས་བྷེ་ཇེ་པེ་ལ་འབྲེལ་བ་ཞུས་སྐབས་སྲིད་སྐྱོང་མཆོག་དང་ནང་སྲིད་བཀའ་བློན། ལྡི་ལི་དོན་གཅོད་བསྟན་པ་ཚེ་རིང་གསུམ་ཞུས་པ་རེད། ཡིན་ནའང་སྐབས་དེར་བསྟན་པ་ཚེ་རིང་ས་གནས་སུ་བཞུགས་མེད་སྟབས་ཁོང་གཉིས་བཅར་རྒྱུ་བྱུང་བ་རེད། ད་རེབ་མགྲོན་འབོད་གནང་མཁན་དེ་བྷེ་ཇེ་པེ་ཚོགས་པ་ཡིན་དུས། བྷེ་ཇེ་པེ་སྲིད་དོན་ཚོགས་པ་ཡིན་ན་རེད། མུ་དྷི་ཁོ་རང་ཡིན་ན་རེད། ང་ཚོ་བོད་པ་ཚོར་འབྲེལ་བ་ཡག་པོ་རེད། མུ་དྷི་སྔོན་མ་༧གོང་ས་མཆོག་ལ་མཇད་འཕྲད་གནང་མྱོང་ཡོད་པ་རེད། སྔར་ལོའི་ལས་འགུལ་སྐབས་བོད་མི་མང་སྤྱི་འཐུས་རྣམ་པ་ཚོ་ལའང་དམིགས་བསལ་དུས་ཚོད་བཏོན་ཏེ་མཇལ་འཕྲད་བཀའ་མོལ་གནང་བ་རེད། རྒྱ་ནག་གིས་སྐྱོན་བརྗོད་བྱེད་ཀྱི་ཡོད་ཀྱང་ངས་ཤེས་ཚོད་བྱས་ན། རྒྱ་གར་གྱི་སྲིད་བློན་རིམ་པའི་ནང་ལ་སྲིད་བློན་ལས་ཁུངས་མདུན་ཐང་དུ་མཛད་སྒོ་རྒྱ་ཆེན་པོ་ཚོགས་པ་ཐེངས་གཉིས་པ་ཡིན་ས་རེད། ཐེངས་དང་པོ་ནེ་རུ་རེད། ཐེངས་སྔོན་མ་དག་ལ་ཕོ་བྲང་ནང་གི་ཚོགས་སྐབས་མི་གྲངས་ཚད་ངེས་ཅན་ཞིག་ལས་ཤོང་གི་ཡོད་པ་མ་རེད། ལས་ཁུངས་མདུན་ཐང་དུ་མཛད་སྒོ་ཚོགས་ན་མི་སུམ་སྟོང་ལྷག་ཤོང་གི་ཡོད་པ་རེད། དེའི་ཁྲོད་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཀྱང་མགྲོན་འབོད་གནང་བ་དེ་ཕལ་ཆེར་དང་པོ་ཡིན་ས་རེད། སྔོན་མ་དེ་འདྲ་བྱུང་ཡོད་མེད་ངས་ཧ་གོ་གི་མེད།

དྲི་བ། རྒྱ་གར་གཞུང་ངོས་ནས་བོད་དོན་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་ཕྱིན་ཡོད་དམ།

ལན། ཚིག་གི་ཆ་ནས་འགྱུར་བ་ཡར་མར་ཕྲན་བུ་ཕྱིན་ཡོད་པ་རེད། དོན་དག་གི་ཐོག་ནས་འགྱུར་བ་ཕྱིན་ཡོད་པ་མ་རེད་བསམ་གྱི་ཡོད། དཔེར་ན། ༡༩༥༤ ལོར་རྒྱ་གར་དང་རྒྱ་ནག་གཉིས་བར་ཚོང་དོན་ཡིག་ཆ་ཞིག་གི་ནང་དུ། རྒྱ་ནག་གི་བོད་ཁུལ་ (Tibet Region of China) ཞེས་བཀོད་ཡོད་པ་རེད། ༡༩༨༨ ལོར་རྒྱ་གར་གྱི་སྲིད་བློན་ར་ཇེབ་གྷན་དྷི་རྒྱ་ནག་ལ་ཕྱིན་སྐབས། བོད་དེ་རྒྱ་ནག་གི་རང་སྐྱོང་ས་ཁུལ་ (Tibet is an Autonomous Region of China) ཞེས་ལབ་པ་རེད། ༡༩༩༣ ལོར་སྲིད་བློན་ནཱ་ར་སེམ་མ་རོའོ་རྒྱ་ནག་ལ་ཕྱིན་སྐབས། བོད་རང་སྐྱོང་ལྗོངས་རྒྱ་ནག་གི་ཆ་ཤས་རེད་ (Tibet Autonomous Region is Part of China) ཟེར་བ་དང་། དེ་ནས་ ༢༠༠༢ ལོར་བཱ་ཇི་བྷེ་ཡེ་རྒྱ་ནག་ཏུ་ཕྱིན་སྐབས། བོད་རང་སྐྱོང་ལྗངས་དེ་རྒྱ་ནག་གི་མངའ་ཁུལ་གྱི་ཆ་ཤས་ཤིག་རེད་ (Tibet Autonomous Region is a part of the territory of People’s Republic Of China) ཟེར་བ་འདྲ་བོ། སྐབས་དེར་རྒྱ་ནག་ལ་དགོས་རྒྱུ་དེ། བོད་དེ་རྒྱ་ནག་གི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་རེད་ (Tibet Autonomous Region is inalienable part of the territory of People’s Republic Of China) ཞེས་ལབ་དགོས་ཀྱི་ཡོད་པ་རེད། ཉི་མ་དེའི་ཕྱི་ཉིན་རྒྱལ་ཁབ་གཉིས་ཐུན་མོང་གི་བསྒྲགས་གཏམ་སྤེལ་དགོས་ཀྱི་ཡོད་པ་རེད། ཚིག་དེའི་དོན་ལ་ཁོང་ཚོ་བསམ་ཚུལ་མ་མཐུན་པར་མཚན་གང་འགོར་སོང་ཟེར་གྱི་ཡོད་པ་རེད། སྲིད་བློན་ཁོང་རྗེས་སུ་ཚུར་ལོག་སྐབས། ངས་བོད་རང་སྐྱོང་ལྗོངས་ལབ་ཡོད་མ་གཏོག་ཁམས་དང་ཨ་མདོ་ལབ་མེད། ཟེར་བའི་བཤད་སྲོལ་ཞིག་ཡོད་པ་རེད། ཁོ་རང་གིས་གྲོས་ཚོགས་ནང་དུའང་ “ང་ལ་སྡུག་བསྔལ་འདུག”ཅེས་བརྗོད་མྱོང་ཡོད་པ་རེད། དེའི་རྗེས་ནས་བཟུང་རྒྱ་གར་གཞུང་གིས་བོད་དོན་ཐོག་ལ་ཚིག་བེད་སྤྱོད་གཏོང་མི་དགོས་ཐབས་ལ་འབད་བརྩོན་བྱེད་ཀྱི་ཡོད་པ་རེད། རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་ངོས་ནས་བོད་དོན་ཐོག་ཅུང་ཇེ་མཁྲེགས་སུ་སོང་ཡོད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

དྲི་བ། རྒྱ་གར་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ནང་སྐྱབས་བཅོལ་བོད་མི་གང་འཚམ་ཞིག་གིས་ཆ་ཤས་བླངས་ཡོད་པ་དེར་ལེགས་ཉེས་གང་འདྲར་གཟིགས་ཀྱི་ཡོད།

ལན། འཛིན་སྐྱོང་གི་ལམ་སྟོན་དང་པོ་དེ་རྒྱ་གར་མི་སེར་བྱོས་ལབ་ཀྱི་མེད་ལ་མ་བྱེད་ཀྱང་ལབ་ཀྱི་མེད་ཟེར་བ་དེ་རེད། རིམ་པ་གཉིས་པ་ཁ་ཇེ་གསལ་དུ་བཏང་ནས་གལ་སྲིད་འོས་བསྡུའི་ལག་འཁྱེར་དེ་བླངས་པ་ཡིན་ན། སྐྱབས་བཅོལ་ལག་དེབ་དང་དེབ་སེར་པོ་གཉིས་ཡར་བསྡུ་སྲིད་པ་རེད་ཟེར་བ་དེ་རེད། ཡིན་ནའང་མང་ཚོགས་ཀྱིས་ཤེས་དགོས་པ་ཞིག་ལ། རྒྱ་གར་དབུས་འོས་བསྡུ་ལྷན་ཁང་གིས་བཀོལ་ཁྱབ་དེ་ས་གནས་ཁག་ཏུ་མགོ་འཚོས་དང་མ་འཚོས་ཀྱི་དབང་གིས་གནས་སྟངས་སྣ་ཚོགས་ཆགས་པ་རེད་མ་གཏོགས། རྒྱ་གར་མི་སེར་མ་བཟོས་པ་ཡིན་ན་འོས་ལྡུག་པའི་ཐོབ་ཐང་རག་དཀའ་མོ་རེད། འོས་ལྡུག་པའི་ཐོབ་ཐང་ཡོད་ན་རྒྱ་གར་མི་སེར་སྔོན་ལ་བཟོས་ཚར་ཡོད་པ་རེད། བོད་པའི་རྩ་དོན་གཞི་རྩར་བཞག་སྟེ་རྒྱ་ཆེ་ས་ནས་བསམ་བློ་བཏང་ན། བོད་པ་ཚང་མས་རྒྱ་གར་མི་སེར་བླངས་ན་བོད་ནང་གི་བོད་མི་ཚོས་ག་རེ་བསམ་གི་རེད། རྒྱ་གར་ནང་གི་བོད་པ་མང་ཆེ་བས་རྒྱ་གར་མི་སེར་བཟོས་པ་ཡིན་ན་རྒྱལ་བ་རིན་པོ་ཆེས་ག་རེ་གནང་གི་རེད། དེ་གཅིག་རེད། གཉིས་པ་བཙན་བྱོལ་གྱི་གནས་སྟངས་རང་གི་ཐོག་ནས་བལྟས་ནའང་། རྒྱ་གར་ནང་གི་བོད་པ་ཚོར་སྐྱབས་བཅོལ་བའི་ངོ་བོའི་ཐོག་ནས་ས་ཞིང་སོགས་ཀྱི་ཐོབ་ཐང་མང་པོ་ཞིག་རག་བསྡད་ཡོད་པ་རེད། བོད་པ་ཚོ་རྒྱ་གར་མི་སེར་ཆགས་ཚར་རྗེས་ས་ཞང་དེ་དག་མུ་མཐུད་བདག་གི་རེད་དམ་མ་རེད། གནད་དོན་འདི་ད་བར་གླེང་གི་ཡོད་པ་མ་རེད་མ་གཏོགས་གལ་སྲིད་གླེང་ན་རྙོག་གྲ་ཆེན་པོ་ཆགས་གི་རེད། གསུམ་པ། རྒྱ་གར་གྱི་འོས་བསྡུའི་ལས་རིམ་ནང་སུས་སུ་ལ་འོས་བླུག་ཡོད་མེད་གསལ་བོར་ཤེས་ཀྱི་ཡོད་པ་རེད། སོ་སོས་འོས་བླུག་མེད་ས་ཞིག་ལ་རྒྱལ་ཁབ་ཐོབ་ན། མ་འོངས་པར་ང་ཚོ་རྒྱབ་སྐྱོར་འཚོལ་དུ་འགྲོ་སྐབས་མ་བདེ་བ་ཆགས་ཡོང་གི་རེད། འདི་དག་གིས་མཚོན་པའི་གནས་ཚུལ་མང་དག་ཅིག་ལ་བསམ་བློ་གཏོང་ས་ཡོད་པ་རེད།

དྲི་བ། རྒྱ་གར་གྲོས་ཚོགས་ནང་གི་བོད་དོན་རྒྱབ་སྐྱོར་གྱི་གནས་སྟངས་གང་འདྲ་ཡོད་དམ།

ལན། མ་གཞི་ཡག་པོ་ཡོད་པ་རེད། རྒྱ་གར་གྲོས་ཚོགས་ནང་གི་ཆབ་སྲིད་ཚོགས་པ་མང་ཆེ་བའི་འཐུས་མིའི་ཁྲོད་བོད་དོན་རྒྱབ་སྐྱོར་བ་ཡོད་པ་རེད། ང་ཚོས་ཕར་འགྲེལ་བཤད་རྒྱག་སྐབས་ཀྱང་། ཁྱོད་ཚོའི་ནང་ཁུལ་གྱི་ཆབ་སྲིད་རྙོག་གྲ་དེ་འཁྱེར་མ་ཡོང་རོགས། བོད་དོན་དེ་རྒྱ་གར་སྤྱི་ཡོངས་ཀྱི་གནད་དོན་གལ་ཆེན་ཞིག་ཆགས་ཡོད། ཅེས་ལབ་ཀྱི་ཡོད་པ་རེད། སྐབས་རེ་རེའི་རྒྱ་གར་འོས་བསྡུ་ཆེན་མོ་ཚར་བའི་རྗེས་ལ་ང་ཚོས་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་འབྲེལ་བ་བསྐྱར་གསོ་ཞིག་བྱེད་ཀྱི་ཡོད་པ་རེད། ང་རང་ལ་ཐད་ཀར་འབྲེལ་བ་ཡོད་པ་དེ་ ༢༠༠༢ ལོར་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་འབྲེལ་བ་སླར་གསོ་ཐེངས་གཅིག་བྱས་ཏེ། ཀོང་རེ་སི་དང་བྷེ་ཇེ་པེ་སོགས་ཆབ་སྲིད་ཚོགས་པ་ཆེ་ཁག་གི་འཐུས་མི་རེ་བོད་དོན་འབྲེལ་མཐུད་པར་བསྐོས་པ་རེད། ད་ལོའི་ཕྱི་ཟླ་ ༧ ཡས་མས་ལ་རྒྱ་གར་གྲོས་ཚོགས་ཚོགས་སྐབས། ང་ཚོའི་སྤྱི་འཐུས་ལྷན་ཁང་གི་སྐུ་ཚབ་མི་ ༡༢ བདམས་ཏེ་སྐྱ་བོ་གཉིས་དང་སེར་མོ་གཅིག བུད་མེད་གཅིག་བཅས་ཚོགས་ཆུང་ ༤ ལ་བགོས་ཏེ་འགྲོ་དགོས་བསམ་ཡོད། ཆབ་སྲིད་ཚོགས་པ་ཁག་གི་གྲོས་ཚོགས་འཐུས་མི་གང་མང་མང་ལ་ཐུག་ནས་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་བསྐྱར་གསོ་དང་། གསར་འགོད་ལྷན་ཚོགས་ཤིག་བསྐོང་དགོས་བསམ་ཡོད།

དྲི་བ། རྒྱ་གར་སྲིད་འཛིན་གསར་པས་༧གོང་ས་མཆོག་ལ་མཇལ་འཕྲད་གནང་རྒྱུ་དང་། ༧གོང་ས་མཆོག་རྒྱ་གར་གྲོས་ཚོགས་ནང་གདན་འདྲེན་ཞུ་རྒྱུ་སོགས་ལ་རེ་བ་མཐོང་གི་ཡོད་དམ།

ལན། སྲིད་བློན་རང་གི་ངོས་ནས་༧གོང་ས་མཆོག་གྲོས་ཚོགས་ནང་གདན་འདྲེན་ཞུ་རྒྱུ་ཆབ་སྲིད་ཀྱི་ཐོག་ནས་ཁག་པོ་རེད། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་བ་ཚོས་འབད་བརྩོན་ཞུ་བཞིན་ཡོད་པ་རེད། གྲོས་ཚོགས་རང་གི་ནང་ལ་གདན་འདྲེན་ཞུ་མ་ཐུབ་ཀྱང་། ཟུར་དུ་ཚོགས་ཁང་ཞིག་ཡོད་པ་རེད། དེའི་ནང་ལ་སྔོན་མ་ ༡༩༩༦ ལོར་ཐེངས་གཅིག་དང་། ༢༠༠༦ ལོར་ཐེངས་གཅིག་གདན་འདྲེན་ཞུས་པ་རེད། སྲིད་བློན་གསར་པ་མུ་དྷི་ཡིས་༧གོང་ས་མཆོག་དང་མཇལ་འཕྲད་གནང་མིན་དེ། རྒྱ་གར་གྱི་སྲིད་འཛིན་དང་སྲིད་བློན་གསར་པ་སུ་ཞིག་ཕེབས་ཀྱང་། ༧གོང་ས་མཆོག་དང་མཇལ་འཕྲད་ཐེངས་གཅིག་རེ་ཞུ་བའི་ལམ་སྲོལ་ཡོད་པ་རེད། ད་རེབ་ཀྱང་སྲིད་བློན་དུས་ཚོད་ག་དུས་གནང་མིན་ཧ་གོ་གི་མ་རེད་དེ། ༧གོང་ས་མཆོག་ལ་མཇལ་འཕྲད་ཅིག་ཏན་ཏན་གནང་གི་རེད་བསམ་གྱི་འདུག

དྲི་བ། སྔ་ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་གར་ནང་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་སྐབས་ད་ལྟའི་སྲིད་བློན་མུ་དྷི་མཆོག་དང་ཐུག་འཕྲད་གནང་པ་རེད། སྐབས་དེར་ཁོང་གིས་བོད་དོན་ཐོག་ག་རེ་གསུངས་ཡོད་དམ།

ལན། སྐབས་དེར་ང་ཚོའི་སྤྱི་འཐུས་ཚོར། ཁྱོད་ཚོ་ཡོང་བར་དགའ་བོ་བྱུང་། མ་འོངས་པར་བོད་ནང་གནས་ཚུལ་ག་རེ་བྱུང་ཡང་དུས་ནས་དུས་སུ་ཕེབས་རོགས་བྱོས་གསུངས་འདུག དེ་ལ་བརྟེན་ཏེ་ཉེ་ཆར་གྲོས་ཚོགས་ཚོགས་ཁག་ཚོགས་ཆུང་གསུམ་བགོས་ཏེ་བསམ་ཚུལ་བསྡུས་ཏེ། ང་ཚོའི་ལས་ཡུན་ད་དུང་ལོ་གཉིས་ཙམ་ཡོད་པ་རེད། ཟླ་བ་གཉིས་རེའི་མཚམས་སུ་རྒྱ་གར་གྱི་མངའ་སྡེའི་རྒྱལ་ས་དང་གྲོང་ཁྱེར་ཆེ་བ་ཁག་ཏུ་བོད་དོན་ལས་འགུལ་སྤེལ་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད། གནད་ཡོད་མི་སྣར་ཐུག་འཕྲད་དང་གསར་འགོད་ལྷན་ཚོགས། ཆབ་སྲིད་པ་དང་ཤེས་ཡོན་ཅན་ཚོ་དང་བོད་དོན་བགྲོ་གླེང་། མཐོ་སློབ་ཁག་ཏུ་གཏམ་བཤད། བྱུང་ན་འགྲེམས་སྟོན་སོགས་ཀྱི་ལས་རིམ་ཞིག་བང་སྒྲིག་གི་ཡོད། ལས་འགུལ་དེ་ད་ལོའི་ཕྱི་ཟླ་ ༨ པ་ནས་མགོ་འཛུགས་ཐུབ་པ་ཡིན་ན་ཐེངས་ ༡༡ ཙམ་ཞིག་འགྲོ་ཐུབ་གི་རེད། དེ་ནས་ཕྱི་རྒྱལ་ཁག་ཏུའང་ལས་རིམ་ཞིག་བང་ཞིག་སྒྲིག་གི་ཡོད། ཉེ་ལམ་ཚོགས་གཞོན་དང་སྤྱི་འཐུས་ཁག་ཅིག་ཡུ་རོབ་རྒྱལ་ཁབ་ནང་སྐོར་སྐྱོད་གྲུབ་ཙམ་རེད། ཕྱི་ཟླ་ ༧ པའི་ནང་ལ་ཉི་ཧོང་དང་། ཕྱི་ཟླ་ ༨ པའི་ནང་ཨོ་སི་ཊོ་ལི་ཡ། ཕྱི་ཟླ་ ༡༠ པའི་ནང་ལ་ཡུ་རོབ་བྱང་ཕྱོགས་ཁུལ། ལོ་རྗེས་མའི་ལོ་མགོར་ལྷོ་ཨ་མི་རི་ཁའི་ནང་བཅས་སུ་སྐོར་སྐྱོད་བྱེད་རྒྱུའི་འཆར་གཞི་སྒྲིག་ཡོད། དེའི་རྗེས་ལ་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པ་དེ་སི་ཊ་སི་སྦག་ཏུ་ཚོགས་འཆར་ཡོད་པ་རེད།

 དྲི་བ། ཟླ་སྔོན་མའི་ཕྱི་ཚེས་ ༡༥ ཉིན་རྒྱ་གར་དབུས་ནང་སྲིད་ལས་ཁུངས་ཀྱིས་བཀོལ་ཁྱབ་ཅིག་བཏང་བའི་ནང་སྐྱབས་བཅོལ་བོད་མི་ཚོར་ཡང་ (welfare schemes)ཞེས་པ་དེ་རྒྱ་གར་ཡུལ་མི་དང་ཐོབ་ཐང་གཅིག་མཚུངས་སྤྲོད་དགོས་སྐོར་འཁོད་ཡོད་པ་འདྲ། ད་ལྟ་རྒྱ་གར་གཞུང་འཛིན་འཕོ་འགྱུར་ཕྱིན་པ་དེས་སྲིད་བྱུས་དེ་ལ་འགྱུར་བ་འགྲོ་སྲིད་དམ།

ལན། གནས་ཚུལ་དེ་བཀའ་ཤག་གིས་སྣེ་འཁྲིད་དེ་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་དང་ལྡི་ལི་དོན་གཅོད་བསྟན་པ་ཚེ་རིང་ཁོང་ཚོས་སྐུ་ངལ་སྐྱོན་པའི་འབྲས་བུ་རེད། ད་ལོའི་ཕྱི་ཟླ་ ༢ ཚེས་ ༢༦ ཉིན་རྒྱ་གར་དབུས་ནང་སྲིད་ལས་ཁུངས་དང་ཕྱི་སྲིད་ལས་ཁུངས། ཤིང་ནགས་ལས་ཁུངས་བཅས་ཀྱི་སྐུ་ཚབ་དང་། བོད་པའི་གཞིས་ཆགས་ཡོད་སའི་མངའ་སྡེ་ཁག་ཚང་མའི་སྐུ་ཚབ། དེ་བཞིན། བོད་མིའི་སྒྲིག་འཛུགས་ནང་སྲིད་བཀའ་བློན་དང་ལྡི་ལི་དོན་གཅོད་བཅས་ཀྱི་ཚོགས་འདུ་རྒྱ་ཆེན་པོ་ཞིག་ཚོགས་ཏེ། བོད་པའི་གཞིས་ཆགས་ཁག་ཅིག་རྒྱ་གར་ཤིང་ནགས་ལས་ཁུངས་ཀྱི་ས་ཆའི་ནང་ཚུད་ཡོད་པའི་དཀའ་རྙོག་དང་། བོད་པའི་གཞིས་ཆགས་འགའ་རེའི་ནང་ས་ཐོ་ལག་འཛིན་མེད་པའི་དཀའ་རྙོག་ཡོད་པ། གཞན། ད་སྔ་གཞིས་ཆགས་ཁག་ནང་ཆུ་དང་སྨན་ཁང་། ཤེས་ཡོན་སློབ་གསོ་གང་ཅིར་བོད་མིའི་སྒྲིག་འཛུགས་ནས་རོགས་དངུལ་སྤྲོད་ཀྱི་ཡོད་པ་རེད། མ་འོངས་པར་དེ་རིགས་རྒྱ་གར་དབུས་གཞུང་དང་མངའ་སྡེ་གཞུང་ནས་རག་ཐབས་སོགས་ཀྱི་སྐོར་ལ་གྲོས་བསྡུར་གནང་བ་རེད།

དེའི་རྗེས་རྒྱ་གར་གཞུང་གིས་བོད་པ་ཚོར་སྤྱི་ཡོངས་ཀྱི་དཀའ་ངལ་ག་རེ་འདུག གཞིས་ཆགས་སོ་སོར་དཀའ་ངལ་ག་རེ་འདུག་གསལ་བོར་གསུངས་རོགས་ལབ་ནས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱིས་ཉེ་ལམ་ཕྱི་ཟླ་ ༤ ཚེས་ ༢ ཉིན་རྒྱ་གར་དབུས་ནང་སྲིད་ལས་ཁུངས་ལ་ཆ་ཚང་ཞིག་ཡིག་ཐོག་ནས་ཕུལ་ཚར་བ་རེད། ཉེ་ཆར་གསར་འགྱུར་ནང་རྒྱ་གར་དབུས་ནང་སྲིད་ལས་ཁུངས་ཀྱིས་མངའ་སྡེ་ཁག་ལ་ཡིག་ཆ་ཞིག་འབྱོར་བའི་གནས་ཚུལ་ཐོན་པ་རེད། ཡིན་ནའང་ད་དུང་ཡིག་ཆ་དེའི་ནང་ (keen interest) ཞེས་འདོད་པ་ཡོད་ཞེས་བཀོད་ཡོད་པ་ལས། (Decided) ཐག་བཅད་པ་ཡིན་ཞེས་བཀོད་ཡོད་པ་མ་རེད། དེ་ཐག་ཆོད་པ་ལ་བོད་མིའི་སྒྲིག་འཛུགས་དང་རྒྱ་གར་དབུས་ནང་སྲིད་ལས་ཁུངས་བར་འབྲེལ་བ་བྱེད་མུས་རེད། རྒྱ་གར་གཞུང་འཛིན་ཚོགས་པ་འགྱུར་བ་ཕྱིན་པ་དེས་གོང་གི་གནད་དོན་དེར་འགྱུར་བ་འགྲོ་གི་མ་རེད་བསམ་གྱི་ཡོད།

མཆན། 10

  1. བསྟན་ཆོས། says:
    ལོ་ 9 སྔོན།

    ཐུགས་རྗེ་བླ་ལྷག་ཏུ་ཆེ་ཞུ། ངོ་ནས་གསལ་གསལ་ཐང་ཐང་བཟོ་གནང་ཡོང་གི་འདུག ཚོགས་གཙོ་རང་རེད་ལགས། སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པར་སྨོན།།

    Reply
  2. ཁྱིམ་པོ། says:
    ལོ་ 9 སྔོན།

    དྲི་བ་དྲིས་ལན་གཉིས་ཆ་ཡག་པོ་འདུག ང་རང་དུས་བབ་ཚང་གི་བཅར་འདྲི་ཁག་ལ་ཧ་ཅང་ཀློག་སྤྲོ་བོ་ཡོད། གནད་དོན་མང་པོ་ཞིག་གསལ་བོ་བཟོས་ཡོང་གི་འདུག རྒྱ་གར་གཞུང་གིས་བོད་དང་རྒྱ་ནག་གི་ལོ་རྒྱུས་ཐོག་གི་འབྲེལ་བ་ཤོད་སྟངས་དེ་དག་ལ་ད་དུང་རྙོག་དྲ་མང་པོ་ཡོད་རེད།

    Reply
  3. སྐལ་བཟང་རིན་ཆེན། says:
    ལོ་ 9 སྔོན།

    སྐུ་ངོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གདན་ཞུ་གནང་བ་ཙམ་གྱིས་ཧ་ལས་པ་རེད། སྲིད་སྐྱོང་མཆོག་གིས་རྡ་སྟེང་བོད་ཁྱིམ་ཚོགས་ཁང་དུ་སློབ་ཕྲུག་ཚོར་བཀའ་སློབ་གནང་སྐབས་ཁོ་རང་གིས་རྒྱ་གར་གྱི་ལོ་རྒྱུས་ཐོག་སྲིད་བློན་མཛད་སྒོར་བོད་པ་གདན་འདྲེན་ཞུས་པ་ཐེངས་དང་པོ་རེད་གསུངས་སོང་། འདི་ཧ་ལས་པའི་ཡར་རྒྱས་ཤིག་རེད་བབསམ་གྱི་འདུག

    Reply
  4. གསེར་ས་ལེ་སྦྲམ། says:
    ལོ་ 9 སྔོན།

    ཚོགས་གཙོ་མཆོག་གིས་ད་རེས་ཡག་པོ་ཞིག་གསུང་འདུག་མོད། ཡིན་ཡང་། ཏོག་ཙམ་འཕྱིས་དྲག་པ་རེད། རྒྱ་གར་གྱི་འོས་བསྡུ་མ་བྱས་ཡར་སྔོན་ནས་འདི་འདྲ་གསུང་ཞིག་ཡོད་ན་བོད་མི་ཚོ་ཡང་མགོ་ཏོག་ཙམ་ཚོས་སྲིད། མིག་གིས་བལྟས་བལྟས་རིག་རིག་ལ་ནོར་འཕྱུགས་ཤོར་དུ་བཅུག་པའི་རྗེས་ལ། གཞི་ནས་སྡུག་སྐད་རྒྱག་གི་ཡོད་པ་འདི་དབང་འཛིན་པ་ཚོས་ལས་ཀ་འཐུས་ཤོར་དུ་བཏང་བའི་ཞན་ཆ་ཞིག་ལ་ངོས་འཛིན་མི་བྱེད་ཀ་མེད་རེད། བོད་མི་མགོ་མི་ཚོས་མཁན་མང་བོ་ཞིག་གིས་ད་རེས་ཀྱི་རྒྱ་གར་འོས་བསྡུ་ཐོབ་ཐང་ལེན་དགོས་རབས་མང་བོ་ཞིག་བཤད་ནས་འོས་ཤོག་འཕེན་མཁན་ཡང་གང་ལ་གང་འཚམས་བྱུང་ཡོད་འདུག ཕྱོགས་གཅིག་ཁོང་ཚོ་ལའང་ཁག་ཡེ་ནས་མེད་དེ། དེ་སྔོན་སྲིད་སྐྱོང་མཆོག་གིས་བོད་མི་རྒྱ་གར་མི་སེར་བཟོ་འདོད་ཡོད་མཁན་རིགས་ལ་བཀའ་ཤག་གི་ངོས་ནས་མཐུན་སྦྱོར་ཆ་ཚང་ཞུ་གི་ཡིན་ཞེས་གསུང་ཚར་བ་རེད། དེར་བརྟེན་བོད་མི་མང་བོ་མགོ་འཁྲུགས་སོང་བ་རེད།

    Reply
  5. stiff ross says:
    ལོ་ 9 སྔོན།

    ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་དང་ལྡི་ལི་དོན་གཅོད་བསྟན་པ་ཚེ་རིང་ཁོང་ཚོས་སྐུ་ངལ་སྐྱོན་པའི་འབྲས་བུ་རེད།

    Reply
  6. ལྷ་ས་བ། says:
    ལོ་ 9 སྔོན།

    གནད་ཚིག

    བོད་པ་ཚང་མས་རྒྱ་གར་མི་སེར་བླངས་ན་བོད་ནང་གི་བོད་མི་ཚོས་ག་རེ་བསམ་གི་རེད། རྒྱ་གར་ནང་གི་བོད་པ་མང་ཆེ་བས་རྒྱ་གར་མི་སེར་བཟོས་པ་ཡིན་ན་རྒྱལ་བ་རིན་པོ་ཆེས་ག་རེ་གནང་གི་རེད། དེ་གཅིག་རེད། གཉིས་པ་བཙན་བྱོལ་གྱི་གནས་སྟངས་རང་གི་ཐོག་ནས་བལྟས་ནའང་། རྒྱ་གར་ནང་གི་བོད་པ་ཚོར་སྐྱབས་བཅོལ་བའི་ངོ་བོའི་ཐོག་ནས་ས་ཞིང་སོགས་ཀྱི་ཐོབ་ཐང་མང་པོ་ཞིག་རག་བསྡད་ཡོད་པ་རེད། བོད་པ་ཚོ་རྒྱ་གར་མི་སེར་ཆགས་ཚར་རྗེས་ས་ཞང་དེ་དག་མུ་མཐུད་བདག་གི་རེད་དམ་མ་རེད། གནད་དོན་འདི་ད་བར་གླེང་གི་ཡོད་པ་མ་རེད་མ་གཏོགས་གལ་སྲིད་གླེང་ན་རྙོག་གྲ་ཆེན་པོ་ཆགས་གི་རེད། གསུམ་པ། རྒྱ་གར་གྱི་འོས་བསྡུའི་ལས་རིམ་ནང་སུས་སུ་ལ་འོས་བླུག་ཡོད་མེད་གསལ་བོར་ཤེས་ཀྱི་ཡོད་པ་རེད། སོ་སོས་འོས་བླུག་མེད་ས་ཞིག་ལ་རྒྱལ་ཁབ་ཐོབ་ན། མ་འོངས་པར་ང་ཚོ་རྒྱབ་སྐྱོར་འཚོལ་དུ་འགྲོ་སྐབས་མ་བདེ་བ་ཆགས་ཡོང་གི་རེད། འདི་དག་གིས་མཚོན་པའི་གནས་ཚུལ་མང་དག་ཅིག་ལ་བསམ་བློ་གཏོང་ས་ཡོད་པ་རེད།

    Reply
  7. རྒྱ་མཚོ་ཚེ་དབང་། says:
    ལོ་ 9 སྔོན།

    ཚོགས་གཙོ་མཆོག་གིས་དངོས་གནས་གནད་འགག་ཅན་གསུངས་འདུག ཉེ་ཆར་བརྒྱུད་ལམ་ཁག་ཏུ་བོད་པ་ཚོས་རྒྱ་གར་འོས་བསྡུའི་ནང་འོས་ཤོག་ཕངས་པ་འགྲིག་ཡོད་མདོག་མདོག་བཤད་ཀྱི་འདུག ཨ་རིའི་རླུང་འཕྲིན་ཚང་གིས་བསྟན་འཛིན་བརྩོན་འགྲུས་དང་བློ་བཟང་དབང་རྒྱལ་གཉིས་ལ་བཅར་འདིར་ཞུས་འདུག ཁོང་གཉིས་ཀྱིས་འགྲིག་གི་རེད་མདོག་མདོག་བཤད་སོང་། ཁོ་རང་གཉིས་སྔ་མོ་ནས་རྒྱ་གར་མི་སེར་བཟོས་ཡོད་པ་གཉིས་རེད། ཉེ་ཆར་ཧི་མ་ཅལ་ལ་འོས་བསྡུ་མ་གནང་སྔོན་ཙམ་ལ་བློ་བཟང་དབང་རྒྱལ་གྱིས་ཀང་ར་རྫོང་ས་གནས་ཀྱི་རྒྱ་གར་ལས་བྱེད་ཁ་ཤས་དང་མཉམ་དུ་ཐུགས་སྤྲོ་གནང་གི་འདུག་ཟེར། རྡ་རམ་ས་ལས་བོད་མི་ཚོས་ཀུང་རེ་སི་ལ་འོས་བླུག་གི་རེད་ཟེར་ནས་ཐག་གཅོད་བྱེད་ཀྱི་འདུག་ལབ་སོང་། ཀང་རཱ་རྫོང་འོག་གི་ལས་བྱེད་ཚོ་དང་མཉམ་འབྲེལ་བྱེད་ཀྱི་འདུག མགོ་བདེ་བོོ་དེ་དག་གིས་འོས་བསྡུའི་གོ་སྐབས་དང་བསྟུན་ཏེ་ཁེ་བཟང་ལེན་གྱི་ཡོད་པ་རེད། ཨ་རིའི་རླུང་འཕྲིན་ཚང་གི་རྡ་སའི་གསར་འགོད་པ་ལྷག་པ་སྐྱིད་འཛོམས་ཟེར་བའི་བུ་མོ་གཟུགས་པོ་ཆུང་ཆུང་དེ་རེད། མོ་རང་དང་བློ་བཟང་དབང་རྒྱལ། བསྟན་འཛིན་བརྩོན་འགྲིས་སོགས་ཁ་གཅིག་ཁོག་གཅིག་རིགས་རྒྱུད་གཅིག་པ་རེད། སྦྱང་པོ་ཡིན་མདོག་མདོག་གིས་མི་མང་ལ་མགོ་སྐོར་གཏོང་བའི་བྱེད་སྟངས་འདི་ཡག་པོ་མ་རེད། ཨ་རིའི་རླུང་འཕྲིན་ཚང་གིས་འདི་རིགས་ལ་གཟབ་གཟབ་བྱེད་དགོས།

    Reply
  8. དཔའ་ཆེན་དོན་གྲུབ། says:
    ལོ་ 9 སྔོན།

    བོད་མིའི་སྒྲིག་འཛུགས་ཀྱི་འགོ་ལས་རྣམ་པ་ལས་དོན་བྱེད་ཕྱོགས་ཐད་ཁ་གསལ་རུ་འགྲོ་གི་འདུག འགྱུར་བ་གལ་ཆེན་རེད།
    ཉེ་སྔོན་སྲིད་སྐྱོང་ཨ་རིའི་གྲོས་ཚོགས་འཐུས་མི་དང་སྲིད་དོན་མི་སྣ་གལ་ཆེན་ལ་མཇལ་འཕྲད་གནང་བ་དེ་དོན་གཅོད་ནས་ཕར་རེ་བ་ཞུས་ནས་མཇལ་འཕྲད་དང་ལེན་བྱས་པའི་གནས་ཚུལ་གསལ་བཤད་གནང་བ་རེད། ནོ་རྦེལ་གཟེངས་རྟགས་ཚོགས་ཆུང་གིས་༧གོང་ས་མཆོག་ལ་ནོ་རྦེལ་ཞི་བདེ་གཟེངས་རྟགས་ཕུལ་ནས་ལོ་ཉེར་ལྔ་འཁོར་བའི་མཇལ་འཛོགས་གནང་ཡོད་པ་དེ་འཛིན་སྐྱོང་གིས་༧གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་ལོ་ཡི་ལས་རིམ་ནང་བཞག་པ་རེད། འདི་འཛིན་སྐྱོང་ནས་བསྒྲགས་པ་རེད། སྲིད་སྐྱོང་རྒྱ་གར་སྲིད་བློན་གྱི་མཛད་སྒོར་རྟེན་འབྲེལ་ཞུ་རུ་ཕེབས་པ་དེ་གཞུང་དང་གཞུང་འབྲེལ་མ་ཡིན་པའི་གསར་ལམ་ཁག་ཏུ་༼མཛད་སྒོའི་སྐུ་མགྲོན་དུ་གདན་ཞུ་ཞུས་པ་༽ཟེར་ནས་ཐོན་པ་ལས་དེའི་རྒྱབ་ལྗོངས་ང་ཚོས་ཤེས་ཡོད་པ་མ་རེད། འདིར་ཚོགས་གཙོ་མཆོག་ནས་༼ཐོག་མ་ང་ཚོས་བྷེ་ཇེ་པེ་ལ་འབྲེལ་བ་ཞུས་སྐབས་སྲིད་སྐྱོང་མཆོག་དང་ནང་སྲིད་བཀའ་བློན། ལྡི་ལི་དོན་གཅོད་བསྟན་པ་ཚེ་རིང་གསུམ་ཞུས་པ་རེད། ཡིན་ནའང་སྐབས་དེར་བསྟན་པ་ཚེ་རིང་ས་གནས་སུ་བཞུགས་མེད་སྟབས་ཁོང་གཉིས་བཅར་རྒྱུ་བྱུང་བ་རེད།༽ཅེས་ཞལ་སངས་པོས་གསུངས་པ་ནི་ང་ཚོ་བོད་མི་ཚོ་འུར་འགྲོགས་ལས་སྐྱབ་པ་རེད། ཕྱི་གསལ་ནང་གསལ་ཡིན་ན་རང་ངོ་ཟིན་པའི་དགེ་མཚན་འདུག ཐུགས་རྗེ་ཆེ།

    Reply
  9. ཁྱམས་འཇུགས་ says:
    ལོ་ 9 སྔོན།

    ༄༅།། སྲིད་སྐྱོང་མཆོག་རྒྱ་གར་མཛད་སྒོར་འཛུལ་བཅུག་ཙམ་གྱི་གལ་ཆེན་དོན་ཆེན་ཚོན་ཚར་རེད་དེ་ང་ཚོ་ངོས་རྒྱ་ནག་གི་ཁོ་རང་ཚོས་བྱས་ཉེས་ནག་ཉེས་ལ་སྐྲག་ནས་བོད་ནང་དམ་དྲག་དང་༧གོང་ས་མཆོག་དང་སྲིད་སྐྱོང་སོགས་ལ་སྐྱོན་འཛུག་ཉེས་འཛུག་ག་ཚོད་བྱས་ཀྱང་དྲག་འགུལ་མེད་པར་ཡཇམ་ཐིངས་ཐིངས་སྡོད་པ་འདི་ཐབས་སྐྱོ་པོ་དཔེ་རེད་།

    Reply
  10. བསྟན་དར། says:
    ལོ་ 9 སྔོན།

    སྲིད་སྐྱོང་མཆོག་གི་གཡས་གཡོན་དུ་བཞུགས་ཡོད་པའི་སྐུ་མགྲོན་དེ་དག་སུ་དང་གང་ཡིན་མིན་འགྲེལ་བཤད་བཀྱོན་ཐུབ་མཁན་ཡོད་དམ། ངས་བསམ་བློ་བཏང་ན་སྐུ་མགྲོན་གལ་ཆེ་ཆུང་ལྟར་རྐུབ་སྟེགས་རིམ་པ་བཞིན་བསྒྲིགས་ཡོད་ཀྱི་རེད། སྐབས་དེར་སྙན་འཕྲིན་ནང་མཐོང་བ་བྱས་ན་མདུན་གྲལ་ནས་རིམ་པ་བཞི་པ་ལྔ་པ་ཞིག་ཏུ་བོད་མིའི་སྲིད་སྐྱོང་མཆོག་གི་བཞུགས་སྟེགས་སྒྲིག་མེད་འགྲོ་བསམ་བསམ་ཞིག་བྱུང་སོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist