དུས་དབང་ཐེངས་ ༣༣ པའི་གོ་སྒྲིག་ཚོགས་ཆུང་གི་སྤྱི་ཡོངས་ཀྱི་གོ་སྒྲིག་འབྲེལ་མཐུད་པ་བསམ་གཏན་ལགས་སུ་དུས་འཁོར་དབང་ཆེན་གོ་སྒྲིག་གནང་ཕྱོགས་ཐད་བཅར་འདྲི་ཞུས་ཡོད།
དྲི་བ། མི་འགྱངས་བར་༸གོང་ས་མཆོག་གིས་རྒྱལ་ས་སླེ་རུ་དུས་དབང་ཐེངས་ ༣༣ པ་གནང་འཆར་ཡོད་པ་རེད། ད་ཆར་གོ་སྒྲིག་གི་གནས་སྟངས་གང་འདྲ་ཆགས་ཡོད་དམ།
ལན། ད་ལྟའི་ཆར་ང་ཚོས་གཙོ་ཆེ་ཤོས་ཆོས་ཞུ་བའི་བཞུགས་གནས་དང་གསུང་ཆོས་རྭ་བ་སོགས་ཀྱི་གྲ་སྒྲིག་གི་ལས་ཀ་འགྲོ་བཞིན་ཡོད་ལ། ཞབས་ཞུའི་ཐད་ནས་ལྡི་ལི་དང་ཇམ་མུ་ཀ་ཤི་མུར། མུ་ན་ལི་བཅས་ཀྱི་འགྲིམ་འགྲུལ་ས་ཚིགས་དང་། སྡོད་གནས་ཀྱི་ཐད་ནས་ཆོས་ཞུ་བ་དཔལ་འབྱོར་ཡོད་མཁན་ཚོར་མགྲོན་ཁང་ནང་དེང་དུས་ཀྱི་མཐུན་རྐྱེན་འཛོམས་པའི་རིགས་དང་ཞལ་ལག་བཅས་ཡོད་པ་རེད། དཔལ་འབྱོར་མེད་པའི་རིགས་ལ་དམིགས་ཏེ་གུར་ ༡༠༠༠ གྲ་སྒྲིག་བྱས་ཡོད། སྔོན་མའི་འཆར་གཞིར་ཕྱི་ཟླ་ ༦ ཚེས་ ༡༥ བར་གུར་བསླེབ་རྒྱུ་དང་། ཚེས་ ༢༥ བར་གུར་ཆ་ཚང་བརྒྱབ་ཚར་བའི་གྲ་སྒྲིག་ཡོད་ཀྱང་། སྔོན་མའི་འཆར་གཞི་ལས་ཏོག་ཙམ་རྗེས་ལུས་ཐེབས་སོང་། ད་ལྟའི་ཆར་གུར་རྒྱག་བཞིན་པ་ཡིན། གསུང་ཆོས་རྭ་བའི་ནང་དུའང་ལས་ཀ་མང་པོ་ཞིག་འགྲོ་བཞིན་པ་ཡིན། གསུང་ཆོས་རྭ་བའི་སྒང་ལ་རས་གུར་དང་འོག་ལ་གདན་སྲབ་མོ་ཞིག་འདིང་ཀི་ཡོད། གང་ཡིན་ཟེར་ན། གསུང་ཆོས་རྭ་བ་སེང་གེ་གཙང་པོའི་ཉེ་འཁྲིས་སུ་ཡོད་སྟབས་བརླན་གཤེར་ཆེན་པོ་འདུག ང་ཚོས་སྤང་གི་སྒང་ལ་བྱེ་མ་དང་དེའི་སྒང་གདན་འདིང་གི་ཡོད། དེ་མིན་གསུང་ཆོས་སྐབས་གསུང་གཅིག་པུ་ཐོས་པ་ཙམ་མིན་པར་༸གོང་ས་མཆོག་གི་ཞལ་མཐོང་ཆེད་གསུང་ཆོས་རྭ་བ་ཡོངས་སུ་གཟིགས་མཐོང་བརྙན་འཕྲིན་ཆེན་པོ་ ༧ གྲ་སྒྲིག་བྱེད་ཀྱི་ཡོད། གསུང་ཆོས་རྭ་བའི་ཆེ་ཆུང་ལ་ས་ཆ་ཨེ་ཀེར་ ༣༧།༥ ཙམ་ཡོད། ད་ཆར་གསུང་ཆོས་རྭ་བའི་ལས་ཀའི་བརྒྱ་ཆ་ ༩༠ འགྲུབ་ཚར་ཡོད།
དྲི་བ། ༸གོང་ས་མཆོག་གི་ད་བར་དུས་དབང་ཐེངས་ ༣༢ གནང་བ་རེད། ཐེངས་འདིའི་དུས་དབང་སྐབས་སྔོན་མ་དག་དང་མི་འདྲ་བའི་ཁྱད་ཆོས་དེ་འདྲ་ཡོད་དམ།
ལན། ལ་དྭགས་ལ་མཚོན་ན་ཕྱི་ལོ་ ༡༩༧༦ ལོར་༸གོང་ས་མཆོག་གིས་རྒྱལ་ས་སླེ་རུ་དུས་འཁོར་དབང་ཆེན་གནང་འདུག དེ་མིན་ཟངས་དཀར་དུ་ ༡༩༨༨ ལོར་༸གོང་ས་མཆོག་གིས་དུས་འཁོར་དབང་ཆེན་གནང་འདུག ཐེངས་འདི་ལོ་ ༣༨ རྗེས་ཀྱི་སླེ་རུ་གནང་བའི་དུས་འཁོར་དབང་ཆེན་ཐེངས་གཉིས་པ་དང་ལ་དྭགས་ས་གནས་སུ་དུས་དབང་གནང་ཐེངས་གསུམ་པ་ཆགས་ཀྱི་འདུག སྤྱིར་བཏང་༸གོང་ས་མཆོག་ལ་དྭགས་ལ་ཐེངས་མང་པོ་ཕེབས་ཡོད་ཀྱང་། ཞི་བའི་ཚལ་དུ་དུས་འཁོར་དབང་ཆེན་ཐེངས་གཅིག་མ་གཏོགས་གནང་མི་འདུག དེར་བརྟེན། ལ་དྭགས་དགོན་ཚོགས་དང་ནང་ཚོགས་གཉིས་ཀ་ཟུང་འབྲེལ་ཐོག་གསོལ་བ་བཏབ་པ་ལྟར་དོན་དག་འགྲུབ་ཡོད་པ་རེད། དུས་འཁོར་དབང་ཆེན་ཐེངས་དང་པོའི་སྐབས་ལ་མི་སྟོང་ཕྲག་ ༤༠ ཡས་མས་ལས་བསླེབས་ཐུབ་མི་འདུག ད་རེབ་མི་ཕོན་ཆེན་པོ་བསླེབ་འཆར་འདུག ད་ཆར་བོད་ནང་ལོགས་དང་ཕྱི་རྒྱལ། གཞིས་ཆགས་ཁག ཧི་མ་ལ་ཡའི་རི་རྒྱུད། ཧི་མ་ཅལ། ཨ་རི་ནཱ་ཅལ་མངའ་སྡེ། འབྲས་ལྗོངས། སྒང་ཏོག འབྲུག་བཅས་ས་ཆ་མང་པོ་ཞིག་ནས་ཆོས་ཞུ་བ་མང་པོ་ཞིག་ཕེབས་དང་ཕེབས་བཞིན་ཡོད་སྟབས། ཆོས་ཞུ་བའི་མི་འབོར་གྱི་ཆ་ནས་དེ་སྔོན་དང་མི་འདྲ་བ་ཞིག་ཆགས་ཀྱི་རེད་བསམ་གྱི་ཡོད།
དྲི་བ། ཐེངས་འདིའི་དུས་དབང་ཐོག་མངའ་སྡེ་གཞུང་གི་སྐུ་མགྲོན་དང་བོད་པའི་བླ་ཆེན་སུ་སུ་ཕེབས་ཀྱི་ཡོད་དམ།
ལན། སྤྱིར་བཏང་ལ་དྭགས་ནང་ཆོས་ལུགས་ཚང་མ་འཛོམས་བསྡད་ཡོད་པ་རེད། ཉེ་བའི་ཆར་ང་ཚོས་གསོལ་འདེབས་ཞུས་པ་ལྟར་ཆོས་བརྒྱུད་ཁག་གི་བླ་ཆེན་ས་སྐྱ་གདུང་སྲས་རིན་པོ་ཆེ་མཆོག་དང་། ཆེ་ཚང་རིན་པོ་ཆེ་མཆོག སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག དགའ་ལྡན་ཁྲི་རིན་པོ་ཆེ་མཆོག ཇོ་ནང་ཆོས་རྒྱུད་ཀྱི་བླ་ཆེན་ཆོས་ཀྱི་ནང་པ་མཆོག འབྲུག་ཆེན་རིན་པོ་ཆེ་མཆོག་བཅས་ཕེབས་འཆར་འདུག ས་སྐྱ་གོང་མ་རིིན་པོ་ཆེ་མཆོག་བརྟན་བཞུགས་སྐབས་ཕེབས་རྒྱུའི་སྐད་ཆ་འདུག ད་ཆར་གཏན་འཁེལ་བྱུང་མི་འདུག རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་དུས་ཚོད་ཀྱི་དབང་གིས་ཕེབས་ཐུབ་ཀྱི་མེད་པ་འདྲ། དེ་མིན་ཕྱི་རྒྱལ་ཁག་ནས་༸གོང་ས་མཆོག་ལ་དད་ཞེན་དང་ནང་ཆོས་ལ་དོ་སྣང་ཡོད་མཁན་གྱི་སྐུ་མགྲོན་མང་པོ་ཕེབས་ཀྱི་འདུག མངའ་སྡེ་གཞུང་གི་ངོས་ནས་མངའ་སྡེའི་སྤྱི་ཁྱབ་ཝོ་ར་ མཆོག་ (H.E N.N Vohra) ཕེབས་འཆར་འདུག དེ་མིན་བརྟན་བཞུགས་སྐབས་སྐུ་མགྲོན་གྱི་ཚུལ་དུ་མང་པོ་ཞིག་ཕེབས་རྒྱུ་རེད།
དྲི་བ། གོ་སྒྲིག་ཚོགས་ཆུང་གི་ངོས་ནས་དུས་དབང་སྐབས་ཀྱི་ལས་རིམ་ཇི་ལྟར་བང་བསྒྲིགས་ཡོད་དམ། བཀའ་ཆོས་མ་ཡིན་པའི་ལས་རིམ་གཞན་ག་རེ་ཡོད།
ལན། དུས་འཁོར་དབང་ཆེན་ཕྱི་ཚེས་ ༣ ནས་མགོ་འཛུགས་གནང་གི་རེད། གསུང་ཆོས་མང་ཆེ་བ་ཞོགས་པའི་ཆུ་ཚོད་ ༨།༣༠ ནས་མགོ་འཛུཊ་གནང་གི་རེད། ཉི་མ་དང་པོ་ནས་གསུམ་པའི་བར་ཞལ་འདོན་སྐྱོར་བ་དང་ཆོ་ག་བསྒྲུབ་རྒྱུའི་རིགས་རེད། ཚེས་ ༦ ཉིན་གྱི་སྔོན་འགྲོ་གསུང་ཆོས་སྐབས་ཀྱི་སྐར་མ་ ༤༥ རིང་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་གཙི་བྱེད་རྒྱུ་ཡིན། དེ་སྔོན་འགྲོའི་གསུང་ཆོས་སྐབས་ཡིན་སྟབས་ནམ་རྒྱུན་ལྟར་གྲ་རྒྱས་པོ་དེ་འདྲ་མེད་པར་མཛད་རིིམ་ཉུང་ཉུང་ཞིག་གོ་སྒྲིག་ཞུས་རྗེས། སྔོན་འགྲོའི་གསུང་ཆོས་བཤེས་སྦྲིངས་དང་དབུ་མ་རིན་ཆེན་ཕྲེང་བའི་བཀའ་ཆོས་གནང་གི་རེད། ཕྱི་ཚེས་ ༩ ཉིན་རྣམ་རྒྱལ་གྲྭ་ཚང་གི་དུས་འཁོར་གར་འཆམ་ཡོད་པ་རེད། ཚེས་ ༡༠ ནས་ ༡༢ བར་དུས་འཁོར་དབང་ཆེན་གྱི་དངོས་གཞི་རེད། ཚེས་ ༡༣ ཉིན་བརྟན་བཞུགས་དང་སྒྲོལ་དཀར་གྱི་ཚེ་དབང་བཅས་གནང་རྗེས་དཀྱིལ་འཁོར་གྱི་མཇལ་ཁ་བཅས་བང་བསྒྲིགས་ཡོད། ཉིན་དཀར་མང་ཆེ་བ་གསུང་ཆོས་རེད། དགུང་མོ་ང་ཚོས་ཆོས་ཞུ་བ་ཚོར་གམིགས་ཏེ་རིག་གཞུང་དང་གཞས་སྣ་འཁྲབ་སྟོན། སྟག་ལུང་རྩེ་གྲུབ་རིན་པོ་ཆེའི་དགོན་པར་གར་འཆམ་དང་རྣམ་ཐར་བཅས་གོ་སྒྲིག་ཞུ་རྒྱུ་ཡིན།
དྲི་བ། དུས་དབང་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་ཐོག་མའི་གསལ་བསྒྲགས་ལ་འགྱུར་བ་ཐེབས་པའི་རིགས་གང་དག་ཡོད།
ལན། སྤྱིར་བཏང་དུས་དབང་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་ཐག་གཅོད་མང་པོ་ཞིག་གནང་ཡོད་པ་རེད། གལ་ཆེ་བ་གཅིག་གཞས་སྣ་འཁྲབ་སྟོན་རེད། མི་མང་པོ་འཛོམས་སར་གཞས་སྣ་འཁྲབ་སྟོན་བྱེད་མཁན་གྱི་ཚོགས་པ་མང་པོ་ཕེབས་ཀྱི་འདུག སྔོན་མའི་དུས་དབང་སོགས་ཀྱི་སྐབས་སུ་མང་པོ་འདུག ཕྱོགས་གཅིག་ནས་བལྟས་ན་རིག་གཞུང་གཅེས་འཛིན་དང་མི་མང་དགའ་སྤྲོ་ཡོང་ཆེད་རེད། ཡིན་ནའང་། མི་མང་པོ་འཛོམས་སར་ཐ་མ་ནག་པོ་འཐེན་མཁན་དང་ཆུང་འཐུང་མཁན་སོགས་གཞོན་སྐྱེས་ཁྲོད་གོ་སྐབས་བཟུང་སྟེ་བེད་སྤྱོད་ལོག་པར་གཏོང་བའི་དཀའ་ངལ་མང་པོ་ཞིག་ཡོང་གི་འདུག ལ་དྭགས་ལ་མཚོན་ན་ས་ཆ་ཞི་བདེ་དང་རྙོག་གྲ་མང་པོ་མེད་ས་ཞིག་ཡིན་སྟབས། ང་ཚོའི་ས་ཆ་འདིར་སྐོར་སྲུང་སོགས་ཀྱི་རིགས་དེ་འདྲ་ཡོད་མ་རེད། གལ་སྲིད། ས་ཆ་མང་པོར་གཞས་སྣ་འཁྲབ་སྟོན་སོགས་བྱས་ཏེ་རྙོག་གྲ་དེ་འདྲ་བྱུང་བ་ཡིན་ན་ལྟ་རྟོག་བྱེད་མཁན་གྱི་མི་མེད་པའི་དཀའ་ངལ་འཕྲད་ཀྱི་འདུག་ཟེར་ནས་ང་ཚོས་བཀག་སྡོམ་བྱས་ཡིན། ཞལ་འདེབས་བསྡུ་རུབ་ཀྱི་ཐད་ནས་ཀྱང་གཙོ་བོ་གནས་སྟངས་དེ་དག་གི་དབང་གིས་ཡིན། ཡིན་ནའང་། ཉེ་ལམ་སྐུ་སྒེར་ཡིག་ཚང་གི་དྲུང་ཆེ་ཕེབས་ཏེ་བསྔོ་རྟེན་དང་སྐྱབས་རྟེན་ཕུལ་མཁན་སོགས་ཀྱི་ཆེད་གོ་སྒྲིག་གནང་དགོས་པ་དང་། གདན་ས་གསུམ་ནས་ཀྱང་དེའི་སྐོར་གསུངས་སོང་། དེ་འདྲའི་རིགས་ལ་མཐའ་གཅིག་ཏུ་བཀག་སྡོམ་བྱེད་ཀྱི་མེད། སྔོན་མ་དེའི་རིགས་ཆོས་རིག་ལས་ཁུངས་ཀྱིས་གནང་གི་ཡོད་པ་རེད། ད་རེབ་གོ་སྒྲིག་ཚོགས་ཆུང་ལ་སྐད་ཆ་དང་གནས་ཚུལ་ངོ་སྤྲོད་ཞུས་པ་ཡིན་ན་ཕུལ་གྱི་ཡོད་པ་ལས། དུས་འཁོར་དབང་ཆེན་སྐབས་གནང་ཆོག་གི་མ་རེད། དེ་མིན་དམིགས་བསལ་འགྱུར་བ་ཐེབས་པའི་རིགས་མེད།
དྲི་བ། ཐེངས་འདིའི་དུས་དབང་སྐབས་ཆོས་ཞུ་བ་ག་ཚོད་ཅིག་འཛོམས་པའི་ཚོད་དཔག་བྱེད་ཀྱི་ཡོད་དམ། མངའ་སྡེ་གཞུང་གི་ངོས་ནས་མཐུན་འགྱུར་རོགས་རམ་གང་དག་གནང་ཡོད་དམ།
ལན། ང་ཚོའི་ངོས་ནས་ད་རེབ་ཀྱི་དུས་འཁོར་དབང་ཆེན་ཐོག་ལ་དྭགས་ནས་ཆོས་ཞུ་བ་སྟོང་ཕྲག་ ༧༠ ཡས་མས་དང་། ཧི་མ་ཅལ་མངའ་སྡེ་ནས་ཁྲི་ ༡ ཡས་མས། བོད་ནང་དང་ཕྱི་རྒྱལ། གཞིས་ཆགས་ཁག་བཅས་ཀྱི་བོད་མི་སྟོང་ཁྲག་ ༣༠ ཙམ་བཅས་ཀྱི་ཚོད་དཔག་བྱེད་ཀྱི་ཡོད། ད་ལྟའི་ཆར་བོད་ནང་དང་གཞིས་ཆགས་ཁག ཕྱི་རྒྱལ་བཅས་ནས་བོད་མི་མང་པོ་ཞིག་ཕེབས་ཀྱི་འདུག་ལ། ད་དུང་ཕེབས་པའི་རེ་བ་བྱེད་ཀྱི་ཡོད། དེ་བཞིན་ཕྱི་རྒྱལ་མི་རིགས་བཅས་ཁྱོན་མི་འབུམ་གཅིག་དང་ཕྱེད་ཀ་ལྷག་གི་རྩིས་རྒྱག་གི་ཡོད། གལ་སྲིད། ང་ཚོས་རྩིས་བརྒྱབ་པ་ལྟར་མ་ཕེབས་ཀྱང་ང་ཚོའི་ངོས་ནས་གྲངས་ཀ་དེ་གཞི་ལ་བཞག་ཏེ་གྲ་སྒྲིག་བྱེད་ཀྱི་ཡོད། དུས་དབང་སྐབས་ཀྱི་གསུང་ཆོས་རྭ་བ་དང་མི་མང་གི་སྡོད་གནས་གཙོས་པའི་ལས་དོན་ཁག་གི་ཐོག་འགྲོ་སོང་ཆེན་པོ་ཡིན་སྟབས། ང་རང་གིས་གོ་གསལ་ལ་མངའ་སྡེ་གཞུང་གིས་ལ་དྭགས་རང་སྐྱོང་ལྗོངས་བརྒྱུད་ནས་ཧིན་སྒོར་ཀ་རོ་ ༢༠ ནས་ ༣༠ བཏང་ཚར་འདུག གཙོ་ཆེ་ཤོས་གསུང་ཆོས་རྭ་བ་ཆེ་རུ་བཏང་བ་དང་ས་སྙོམས་པ། འཐུང་ཆུ། གློག གསང་སྤྱོད། འཁྲུས་ཁང་། གྲྭ་བ་དང་ཨ་ནེ་འདུག་ས་ལོག་ག་གོ་སྒྲིག་སོགས་ཀྱི་ཐོག་འགྲོ་སོང་བཏང་འདུག དེ་མིན་དམག་མི་ཚོའི་ངོས་ནས་གུར་དང་སྣོད་ཆས་རིགས་སོགས་ཞལ་འདེབས་རོགས་པ་གནང་སོང་།
དྲི་བ། ཐེངས་དུས་དབང་གི་སྤྱི་ཡོངས་ཀྱི་འགྲོ་སོང་ཧིན་སྒོར་ག་ཚོད་ཅིག་གི་རོབ་རྩིས་རྒྱག་གི་ཡོད་དམ།
ལན། ཐེངས་འདིའི་དུས་འཁོར་དབང་ཆེན་གྱི་སྦྱིན་བདག་ལ་དྭགས་ནང་ཚོགས་དང་དགོན་ཚོགས། ཀོང་པོ་གཞིས་བྱེས་དང་ཇོ་ནང་ཆོས་བརྒྱུད་བཅས་ཀྱིས་འགྲོ་སོང་རོབ་རྩིས་བྱས་ན་ཧིན་སྒོར་ཀ་རོ་ ༨ ནས་ ༩ ཡས་མས་ཤིག་ལས་འགྲོ་གི་མི་འདུག བཟོ་བསྐྲུན་སོགས་ཀྱི་རིགས་མང་ཆེ་བ་མངའ་སྡེ་གཞུང་གིས་རོགས་རམ་གནང་བ་རེད། ཁོ་རང་ཚོས་ལས་ཁུངས་སོ་སོ་བརྒྱུད་ནས་ཆུ་དང་གློག འཕྲོད་བསྟེན། ལམ་ཁ་གསར་བཟོ་བཅས་ཆ་ཚང་བསྡོམས་ན་ཧིན་སྒོར་ཀ་རོ་ ༢༠ ནས་ ༣༠ རོབ་རྩིས་བྱེད་ཀྱི་འདུག ད་དུང་འགྲོ་སོང་མང་པོ་ཞིག་འགྲོ་བཞིན་པ་རེད།
དྲི་བ། གོ་ཐོས་ལྟར་ན་ཉེ་སྔོན་ལ་དྭགས་ཀྱི་དམག་དཔོན་ཞིག་གིས་དུས་དབང་གི་གུར་ཆ་ཚང་གོ་སྒྲིག་ཁས་ལེན་བྱས་ཡོད་ཀྱང་། རྗེས་སུ་གོ་སྒྲིག་ཚོགས་ཆུང་དང་མ་མཐུན་པའི་དབང་གིས་གུར་གྱི་ཐད་དཀའ་ངལ་འཕྲད་ཡོད་ཚུལ་འདུག གནས་སྟངས་དེ་གང་འདྲ་ཡིན་ནམ།
ལན། དེ་སྔོན་ང་ཚོས་དུས་འཁོར་དབང་ཆེན་གྲ་སྒྲིག་མགོ་འཛུགས་བྱེད་སྐབས་ཆོས་ཞུ་བའི་སྡོད་གུར་དམག་མིར་ཞུ་བ་བྱས་ཏེ་གུར་ ༢༠༠༠ ལྷག་རག་ན་བསམ་པའི་རེ་བ་བརྒྱབ་པ་ཡིན། གལ་སྲིད་དམག་མིའི་གུར་ང་ཚོར་རག་པ་ཡིན་ན་འགྲོ་སོང་མང་པོ་འགྲོ་གི་མི་འདུག་ཅེས་རེ་བ་བརྒྱབ་ཏེ་དམག་མིའི་སར་ཐེངས་མང་བཅར་བ་ཡིན། རྗེས་སུ་ཁོང་ཚོས་གུར་དེ་འདྲ་མང་པོ་ཞིག་ང་ཚོས་གནང་ཐུབ་ས་མ་རེད་ཅེས་བཤད་དེ་ང་ཚོའི་རེ་བ་སྟོང་པ་ཆགས་པ་རེད། ད་ལྟའི་ཆར་ང་ཚོས་གུར་ ༡༠༠༠ བརྒྱབ་ཡོད། གུར་རེའི་ནང་མི་ ༨ རེད། ཉལ་ཆས་སོ་སོ་རང་གིས་འཁུར་དགོས་པ་རེད། ཉལ་གདན་ཡོད་པ་རེད། ཚང་མ་རིན་མེད་རེད། མ་འདང་བ་ཡིན་ན་ཚོགས་པ་ཁག་ལ་ལབ་ཡོད་ལ། དེ་མིན་མངའ་སྡེ་གཞུང་གི་སྤྱི་ཁང་དང་གཞུང་གི་ཁང་པ། སློབ་གྲྭ་བཅས་སུ་གོ་སྒྲིག་ཞུ་འཆར་ཡོད། ཟངས་དཀར་དང་བྱང་ཐང་བཅས་ས་ཐག་རིང་པོ་ནས་ཡོང་མཁན་ཚོ་སྤྱི་ཁང་ནང་གོ་སྒྲིག་གནང་གི་ཡོད། ད་དུང་ལུགས་སྲོལ་གསར་བ་ཞིག་ལ་ཁྱིམ་ཚང་ ༢༠༠ ལྷག་གི་ནང་ཆོས་ཞུ་བ་གོ་སྒྲིག་གི་ལས་གཞི་ཞིག་ཀྱང་འགྲོ་བཞིན་ཡོད། སྡོད་གནས་ཀྱི་དཀའ་ངལ་ཡོད་མཁན་ཚོས་ཐད་ཀར་དང་ཡང་ན་ང་ཚོའི་ཡིག་ཚང་བརྒྱུད་ནས་འབྲེལ་བ་གནང་ཆོག་གི་ཡོད།
དྲི་བ། མི་མང་གི་འཕྲོད་བསྟེན་དང་ཆོས་ཞུ་བའི་བདེ་འཇགས་ཐད་གྲ་སྒྲིག་གང་འདྲ་ཡོད།
ལན། ད་ལྟ་ང་ཚོར་འཕྲོད་བསྟེན་ཆེད་ཚོགས་པ་གཉིས་ཡོད། གཅིག་མངའ་སྡེ་གཞུང་གི་སྨན་ཁང་ཆེ་བ་བསོད་ནམས་ནོར་བུ་དྲན་རྟེན་སྨན་ཁང་ཡོད་པ་རེད། ཁོང་ཚོ་བརྒྱུད་ནས་གསུང་ཆོས་རྭ་བའི་ནང་སྨན་ཁང་གཉིས་དང་ཕྱི་ལོགས་སུ་སྨན་ཁག་བཞི་ལྷག་རྒྱག་འཆར་ཡོད། དེ་མིན་སྨན་ཁང་གི་དགོས་མཁོ་བྱུང་ཚེ་རྒྱག་རྒྱུའི་གྲ་སྒྲིག་ཡོད་ལ། བོད་གཞུང་སྨན་རྩིས་ཁང་གིས་གསུང་ཆོས་རྭ་བའི་ཉེ་འགྲམ་དུ་སྨན་ཁང་གཉིས་བཙུགས་ཏེ་རིན་མེད་ཐོག་སྨན་བཅོས་བྱེད་རྒྱུ་རེད། ན་ཚ་བྱུང་བ་དང་གྲོངས་བའི་རིགས་ཡོད་ན་ང་ཚོར་གྲ་སྒྲིག་ཡོད། བདེ་འཇགས་ཐོག་རོགས་པ་བྱེད་མཁན་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བུད་མེད་ལྷན་ཚོགས། བོད་ཁྱིམ་སློབ་གྲྭ་བཅས་ཡོད།
དྲི་བ། ༸གོང་ས་མཆོག་གི་སྐུའི་བདེ་འཇགས་སྲུང་སྐྱོབ་ཐད་གྲ་སྒྲིག་གང་འདྲ་ཡོད་དམ།
ལན། ༸གོང་ས་མཆོག་གི་སྐུའི་སྲུང་སྐྱོབ་གལ་ཆེན་ཡིན་སྟབས། བོད་གཞུང་བདེ་སྲུང་ལས་ཁུངས་ནས་མི་ ༣༠ ལྷག་དང་དམག་མི་ ༢༠༠ ལྷག མངའ་སྡེའི་གཞུང་གི་ཉེན་རྟོག་པ། རྒྱ་གར་དབུས་གཞུང་གི་དམིགས་བསལ་དམག་མི་བཅས་ཡོད་པ་རེད། དབུས་གཞུང་དམིགས་བསལ་དམག་མིས་ཟླ་བ་བཞི་ལྷག་སྔོན་ནས་ཕོ་བྲང་སྐོར་སྲུང་བྱས་བསྡད་ཡོད་པ་རེད། ད་དུང་རྒྱ་གར་གཞུང་གི་གསང་བའི་ལས་ཁུངས་ཁག་བཅས་སྐུའི་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་རེད། དེའི་སྐོར་བདེ་སྲུང་ལས་ཁུངས་གཙོས་ལ་དྭགས་ནང་པའི་ལྷན་ཚོགས་ཀྱི་གཞོན་ནུའི་སྡེ་ཁག་ཅིག་གིས་འགན་འཁུར་གྱི་ཡོད།
དྲི་བ། ཉེ་ལམ་ཆོས་ཞུ་བ་ཚོས་གསུང་ཆོས་ཐོ་འགོད་བྱེད་སྐབས་ཧིན་སྒོར་ ༥༠ ཡས་མས་བསྡུ་རུབ་བྱེད་ཀྱི་ཡོད་ཚོད་འདུག དེ་གང་འདྲ་ཡིན་ནམ།
ལན། ཆོས་ཞུ་བའི་ཐོ་འགོད་དང་ལག་ཁྱེར་བཟོ་ཕྱོཊ་ང་ཚོའི་ནང་ཚོགས་ཀྱི་ཚོགས་གཙོ་དྷ་རམ་ས་ལར་ཕེབས་ཏེ་བདེ་སྲུང་བཀའ་བློན་ལ་བཀའ་འདྲི་ཞུས་པར། ཁོང་གིས་རབ་བྱུང་ན་ཆོས་ཞུ་བ་ཚང་མ་ཐོ་འགོད་བྱེད་རྒྱུ་གལ་ཆེན་ རེད་ཅེས་བཀའ་ཕེབས་པ་ལྟར་མགོ་འཛུཊ་གནང་བ་ཡིན། རྒྱུ་མཚན་གཙོ་བོ་ལ་དྭགས་ས་མཚམས་ཡིན་པས་རྙོག་གླེང་ཡོང་བསྡད་ཀྱི་ཡོད་སྟབས། ཆོས་ཞུ་བ་གང་ནས་ཡོང་གི་ཡོད་མེད་དང་། སུ་ཡོང་ཡོད་མེད་སྐོར་ལ་ཞིབ་འཇུག་བྱེད་ཆེད་རེད། ལག་ཁྱེར་ལ་ཧིན་སྒོར་ ༥༠ བླངས་བའི་ཐད་ནས་ཁ་སང་དགའ་ལྡན་ཕོ་བྲང་གིས་ཀྱང་ནམ་རྒྱུན་༸གོང་ས་མཆོག་གིས་གསུང་ཆོས་དངུལ་ལེན་གྱི་མེད་པ་དང་ཆོས་ཞུ་བ་བརྡབ་གསིག་མི་ཡོང་བ་གནང་དགོས་པའི་བཀའ་ཕེབས་སོང་། ང་ཚོའི་ངོས་ནས་ཆོས་ཞུ་བའི་ལག་འཁྱེར་སྤུས་དག་པོ་བཟོས་ཏེ་མ་འོངས་པ་དྲན་གསོ་གནང་ན་ཆོག་ག་རེད་བསམ་སྟེ་སྔོན་མ་ཧིན་སྒོར་ ༥༠ བླངས་པ་རེད། རྗེས་སུ་ཧིན་སྒོར་ ༢༠ རེད། དེ་དག་ལག་འཁྱེར་གྱི་རིན་པ་རེད། དེ་སྔོན་ང་ཚོས་སྒོར་མོ་བླངས་ཏེ་ཕྱི་ལོགས་ཀྱི་ཆོས་ཞུ་བ་མ་གཏོགས་ལ་དྭགས་ནས་ཡོང་མཁན་བརྒྱ་ཆ་ ༩༠ ཙམ་ལ་བཟོས་ཚར་ཡོད་སྟབས། རྗེས་མ་ཚང་མ་ཡང་དེ་ལྟར་བླངས་བ་རེད།
དྲི་བ། མི་མང་ནང་སྐུ་སྒེར་ཡིག་ཚང་གིས་ཆོས་ཞུ་བའི་ལག་ཁྱེར་ཆེད་ཧིན་འབུམ་གཅིག་ལྷག་གནང་བའི་སྐད་ཆ་འདུག དེ་གང་འདྲ་ཡིན་ནམ།
ལན། མཚམས་རེར་སྐད་ཆ་གོ་བརྡ་འཕྲོད་མ་འཕྲོད་དབང་གིས་ཏག་ཏག་ཅིག་བསྡད་མི་འདུག དགའ་ལྡན་ཕོ་བྲང་གིས་ཐུགས་འཚབ་གནང་དོན་ཆོས་ཞུ་བར་དཀའ་ངལ་མི་འཕྲད་པ་བཟོ་རྒྱུ་དེ་རེད། ཕྱི་རྒྱལ་ཁག་ཏུ་ཚོགས་ཁང་གི་རིན་པ་ཡོང་ཆེད་སྤ་སེ་ (Ticket) མ་ཉོས་ནས་ཆོས་ཞུ་རྒྱུ་མེད་པ་འདྲ་བོ་དང། བོད་དང་རྒྱ་གར་ནང་ཆོས་ཞུ་བར་རིན་མེད་རེད། ཡིན་ནའང་། ལག་ཁྱེར་བཟོ་དོན་སྐུ་ཕྱྭའི་བདེ་སྲུང་ཆེད་རེད། སྐུ་སྒེར་ཡིག་ཚང་ནས་ང་ཚོར་དངུལ་གང་ཡང་རག་མ་སོང་། སྐུ་སྒེར་ཡིག་ཚང་ནས་སེམས་འཚབ་གནང་བ་དེ་ཆོས་ཞུ་བའི་ལག་ནས་དངུལ་བླངས་བ་དེ་ཡག་པོ་མེད་པར། གལ་སྲིད་འགྲོ་སོང་འདང་གི་མེད་ན་དངུལ་ཕུལ་ཆོག་པའི་བཀའ་གནང་བ་རེད། ཡིན་ནའང་། ང་ཚོས་སྔོན་ལ་ཐག་གཅོད་གནང་ཚར་སྟབས། འགྱུར་བ་གཏོང་ཁག་པོ་ཆགས་པ་དང་། སྐུ་སྒེར་ཡིག་ཚང་ནས་བཀའ་མ་ཕེབས་པའི་སྔོན་ལ་ཆོས་ཞུ་བ་སྟོང་ཕྲག་ ༣༠ ལྷག་ལ་ཐོ་འགོད་བྱས་ཚར་ཡོད།
དྲི་བ། ལ་དྭགས་ཡུལ་མི་གཙོས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་པ་ཚོས་ཐེངས་འདིའི་དུས་འཁོར་དབང་ཆེན་ལ་རེ་བ་གང་འདྲ་རྒྱག་གི་འདུག་གམ།
ལན། དུས་འཁོར་དབང་ཆེན་ཡང་ཡང་ཞུ་རྒྱུ་རག་གི་མ་རེད། ལྷག་པར་དུ་ལ་དྭགས་ཁུག་ཀྱོག་ཡིན་སྟབས། རྡོ་རྗེ་གདན་སོགས་སུ་འགྲོ་རྒྱུ་ཁག་པོ་དང་འགྲོ་སོང་ཆེན་པོ་རེད། ད་རེབ་དུས་དབང་གི་གོ་སྐབས་རག་པ་དེ་བསོད་ནམས་ཆེན་པོ་རེད་བསམ་གྱི་འདུག་ལ། ཚང་མས་དུས་འཁོར་དབང་ཆེན་ཚགས་ཚད་པོ་ཞིག་བྱུང་ན་བསམ་གྱི་ཡོད་པ་རེད། ལུང་པ་ཁ་ཤས་ཀྱིས་ང་ཚོས་ལུང་པ་གཡུག་ནས་དུས་འཁོར་དབང་ཆེན་བསླེབས་ན་རྐུ་མ་ཤོར་འགྲོ་བསམ་ནས་ཁྱེད་རང་ཚོས་སྐོར་སྲུང་བ་གཏོང་རོགས་ཞེས་ལབ་ཀྱི་འདུག ལ་དྭགས་ནང་ནང་པ་འབུམ་གཅིག་དང་ཕྱེད་ཀ་ལྷག་ཡོད་པ་ཚང་མ་བསླེབ་ཀྱི་འདུག ཐེངས་འདིའི་དུས་འཁོར་དབང་ཆེན་བརྒྱུད་ནས་ལ་དྭགས་ནང་ ལུགས་མཐུན་འབྲེལ་སོགས་ལ་ཕན་ཐོགས་ཆེན་པོ་ཡོང་གི་རེད་བསམ་གྱི་ཡོད།
དྲི་བ། དུས་དབང་སྐབས་གསུང་བསྒྱུར་གོ་སྒྲིག་དང་ལ་དྭགས་ལ་དངོས་སུ་ཡོང་མ་ཐུབ་པའི་རིགས་ལ་མཐུན་འགྱུར་གང་འདྲ་ཡོད་དམ།
ལན། ད་རེབ་ཀྱི་དུས་འཁོར་དབང་ཆེན་སྐབས་ལ་དྭགས་དང་ཧིན་རྡུ། དབྱིན་སྐད། ཉི་ཧོང་། ཀོ་རི་ཡ། ཨུ་རུ་སུ། ཝེ་ཐི་ནམ། ཧྥ་རན་སི། སི་པན། རྒྱ་སྐད། སོག་སྐད། ཨི་ཊ་ལི་བཅས་སྐད་རིགས་མི་འདྲ་བ་ ༡༢ ནང་ ༸གོང་ས་མཆོག་གི་གསུང་ཆོས་ཐད་ཀར་གསུང་བསྒྱུར་གནང་གི་ཡོད། དུས་དབང་ཐོག་ཕེབས་མ་ཐུབ་མཁན་གྱི་རིགས་ལ་དབྱིན་སྐད་དང་ཝེ་ཐི་ནམ། ཀོ་རི་ཡ། ཉི་ཧོང་། རྒྱ་སྐད། བོད་སྐད་བཅས་སྐད་ཡིག་ ༧ ནང་ཐད་ཀར་རྒྱང་བསྲིངས་གནང་གི་ཡོད། དེ་མིན་དངོས་སུ་འདིར་ཕེབས་མ་ཐུབ་པའི་རིགས་ལ་དམིགས་ཏེ་ང་ཚོའི་དྲ་ཚིགས་ (www.ladakhkalachakara2014.com ) ཐོག་ཐད་ཀར་རྒྱང་བསྲིངས་གནང་གི་ཡོད།
དྲི་བ། བོད་ཀྱི་དུས་བབ་ཚགས་ཤོག་བརྒྱུད་ནས་མི་མང་ལ་རེ་བ་དང་འབོད་སྐུལ་འདྲ་ཡོད་དམ།
ལན། སྦྱིར་བཏང་ང་ཚོ་དུས་འཁོར་དབང་ཆེན་གོ་སྒྲིག་ཆུང་ལ་རེ་བ་གཅིག་མ་གཏོགས་མེད། ལས་ཀ་ག་རེ་ཡིན་བྱས་ཀྱང་ཚགས་ཚུད་པ་གནང་བ་དང་། དུས་འཁོར་དབང་ཆེན་ཐེངས་ ༣༣ པ་འདི་དམ་ཚིག་གཙང་མ་དང་ཆོས་པ་ཚོར་དཀའ་ངལ་མ་འཕྲད་པ། ༸གོང་ས་མཆོག་གི་གསུང་ཐོས་ཐུབ་པ་དང་སྐུ་དངོས་སུ་གཟིགས་པ་ཐུབ་པ་སོཊ་གྲ་སྒྲིག་རྗེས་ལུས་མ་ཐེབས་པ་གནང་རྒྱུ་རེ་བ་ཆེ་ཤོས་ཡིན། ལམ་ཁ་བདེ་བོ་མེད་པ་དང་ས་བབ་མཐོ་བོ་ཡིན་པ་སོགས་ཀྱི་དཀའ་ངལ་འཕྲད་སྲིད་སྟབས། རྣམ་པ་ཚང་གོ་སྐབས་བཟང་བོ་འདི་དམ་འཛིན་གནང་སྟེ། དཀའ་ངལ་དེ་དག་ལ་བཟོད་བསྲན་གནང་རོགས་ཞུ་རྒྱུ་ཡིན།
གསར་འགོད་པ་དོན་གོ་དང་ལྷ་སྐྱབས་གཉིས་ཀྱིས་ལ་དྭགས་རྒྱལ་ས་སླེ་ནས།
འདི་དུས་དབང་སྐབས་གཞོན་ནུས་སྔར་རྒྱུན་བཞིན་༧གོང་ས་མཆོག་གི་སྐུ་ཕྱྭའི་སྲུང་སྐྱོབས་དང་། མི་མང་བདེ་འཇག་ཞབས་ཞུ་སླད་རྡ་ས་དབུས་གཞོན་ནུ་ནས་གོ་སྒྲིག་གནང་སླད་མི་གཉིས་གསུམ་ཞིག་ལ་དྭགས་སུ་ཆེད་སྐྱོད་བྱས་ཀྱང་། ས་གནས་གཞོན་ནུས་ཆབ་སྲིད་ལང་ཕྱོགས་ཐད་རྙོག་བཤད་བྱས་པར་བརྟེན་ཁོང་རྣམས་རྡ་སར་ཕྱིར་ལོག་བྱས་ཏེ། འདི་ལོ་དུས་དབང་སྐབས་དབུས་གཞོན་ནུའི་གོ་སྒྲིག་འོག་ལས་འགུལ་གང་ཡང་སྤེལ་འཆར་ཡོད་ཚོད་མི་འདུག་ཅེས་པའི་སྐད་ཆ་ཞིག་གང་སར་ཁྱབ་བཞིན་འདུག་པས། གཞོན་ནུ་ལྷན་ཚོགས་ནས་དུས་བསྟུན་གསལ་སྒྲགས་ཤིག་གནང་ན་ཡག་པོ་འདུག
དུས་འཁོར་དབང་ཆེན་སྔ་མ་དག་གི་སྐབས་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཆོས་ཞུ་བ་ཚོའི་བདེ་འཇགས་དང་ས་ཚིགས་ཁག་ཏུ་ཞབས་ཞུའི་ལས་ཀ་བྱས་པ་རེད། ཐེངས་འདིའི་དུས་དབང་སྐབས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཞབས་ཞུ་དེ་དག་མེད་པ་རེད་དམ། ད་དུང་གསུང་ཆོས་གནང་ཡུལ་དུ་ཡང་མི་མང་ལ་གསལ་བསྒྲགས་སོགས་ཀྱི་འགན་འཁུར་གནང་གི་ཡོད་རེད། ད་ལོ་དེ་དག་མེད་པ་རེད་དམ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཕྱོགས་སུ་གྲགས་འགུལ་ཅི་གང་མི་འདུག་དོན་ཅི་ཡིན།
དུས་བབ་ཚང་གི་གསར་འགོད་པ་རྣམ་པ་གཉིས་ཀྱིས་ས་གནས་ས་ཐོག་ནས་གནས་ཚུལ་དུས་ཐོག་ཏུ་སྤེལ་བར་ཐུགས་རྗེ་ཆེ། ལ་དྭགས་ནི་བོད་ནང་འདྲ་བའི་ས་སྐྱེས་རྡོ་སྐྱེས་ཀྱི་ཡུལ་མི་ཚོར་ཁ་བརྡ་གླེང་མོལ་དང་བཅར་འདྲི་ཞུ་ཐུབ་ན་ཡག་པོ་ཡོད་རེད།
དུས་བབ་ཚང་གི་གསར་འགོད་པ་རྣམ་པ་གཉིས་ཀྱིས་ས་གནས་ས་ཐོག་ནས་གནས་ཚུལ་དུས་ཐོག་ཏུ་སྤེལ་བར་ཐུགས་རྗེ་ཆེ།