ཁ་སང་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་ཚོགས་འདུའི་ཐོག རྒྱ་ནག་དམག་དོན་ལྷན་ཁང་གི་མགོ་ཁྲིད་གཞོན་པ་ཟུར་པ་ཞི་ཚེ་ཧུའོ་ཏང་ནང་ནས་ཕུད་དེ་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུ་ཡིན་པའི་གཞུང་འབྲེལ་ཁྱབ་བསྒྲགས་བྱས་འདུག
ཤིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཕྱི་ཚེས་ ༣༠ ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་གཙོ་གཉེར་བྱས་བའི་དབུས་ཆབ་སྲིད་ལྷན་ཁང་གི་ཚོགས་འདུའི་ཐོག རྒྱ་ནག་དམག་དོན་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་ཞི་ཚེ་ཧུའོ་ཡིས་ཁྲིམས་འགལ་གྱི་ནག་ཉེས་ཚབས་ཆེན་བཟོས་ཡོད་པའི་སྐོར་གྱི་ཞིབ་བཤེར་སྙན་ཐོ་ཞིག་སྒྲོགས་སྦྱངས་བྱས་ཡོད་པ་མ་ཟད། ཁྲིམས་ལྟར་ཞི་ཚེ་ཧུའོ་ཏང་ནང་ནས་ཕྱིར་འབུད་བཏང་སྟེ། ལྐོག་རྔན་བླངས་བའི་ནག་ཉེས་ཁུངས་སྐྱེལ་བཅས་ཆེས་མཐོའི་མི་མང་ཞིབ་བཤེར་ཁང་ལ་རྩིས་སྤྲོད་རྒྱུ་དང་། དམག་དོན་ཞིབ་བཤེར་ཁང་གིས་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུ་ཡིན་པ་གཞུང་ངོས་ནས་ཕྱིར་བསྒྲགས་ཐོག་མ་བྱས་འདུག
གཞན་ཡང་། ཐེངས་འདིའི་ཚོགས་འདུའི་ཐོག རྒྱལ་ཁབ་ཐོན་ཁུངས་ལྷན་ཁང་གི་མགོ་ཁྲིད་ཟུར་པ་ཅང་ཅེ་མེན་དང་། ཉེན་རྟོག་ཁང་གི་མགོ་ཁྲིད་གཞོན་པ་ཟུར་པ་ལི་ཏུང་ཧྲིན། དེ་བཞིན་རྒྱ་ནག་རང་བྱུང་རྡོ་སྣུམ་ཚོང་གཉེར་ཁང་གི་སྤྱི་གཉེར་བ་གཞོན་པ་ཟུར་པ་ཝང་ཡཱོང་ཁྲིན་བཅས་ཏང་ནང་ནས་ཕྱིར་འབུད་བཏང་བ་མ་ཟད། ཁྲིམས་འཛིན་ལྷན་ཁང་གིས་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུ་ཡིན་ལུགས་བསྒྲགས་འདུག
རྒྱལ་སྤྱིའི་གསར་ལམ་ཁག་ནས་ཞི་ཚེ་ཧུའོ་འདས་ལོའི་ཕྱི་ཟླ་ ༣ ཚེས་ ༡༥ ཉིན་པེ་ཅིན་གྱི་སྨན་ཁང་ཨང་ ༣༠༡ ནས་དྲག་ཆས་སྤྲས་པའི་དམག་མི་བཅུ་གྲངས་ཤིག་གིས་བཙན་ཁྲིད་བྱས་ཏེ། གསང་བའི་བཀག་ཉར་བྱས་ཡོད་ལུགས་བརྗོད་ཡོད་པ་མ་ཟད། སྐབས་དེར་ཞི་ཚེ་ཧུའོ་ཡི་ཆུང་མ་དང་བུ་མོ། དྲུང་ཡིག་བཅས་འཛིན་བཟུང་བྱས་ཏེ་ཞིབ་བཤེར་བྱས་ཡོད་པ་དང་། ཞི་ཡིས་ལྐོག་རྔན་རྒྱ་སྒོར་ས་ཡ་ ༣༦ བླངས་བ་དང་། རྒྱལ་ཁབ་ཀྱི་རྒྱུ་དངོས་དང་གོ་དབང་སྒེར་སྤྱོད་བྱས་པ་སོགས་ཀྱི་ནག་ཉེས་བགྲངས་ཡོད་པ་མ་ཟད། རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་མགོ་ཁྲིད་ཟུར་པ་ཀྲུའུ་ཡཱོང་ཁང་དང་། བཙོན་དུ་ཡོད་པའི་པའོ་ཞི་ལེ་གཉིས་ཀྱི་མཐོ་རིམ་དཔོན་རིགས་ཀྱི་དབང་ཆ་འཕྲོག་རྩོད་ཀྱི་ལྐོག་ཇུས་ནང་དུའང་ངན་འབྲེལ་བྱས་ཡོད་ལུགས་བརྗོད་ཡོད་པ་རེད།
ཞི་ཚེ་ཧུའོ་ཡི་གནད་དོན་དེའི་ཐད་རྒྱ་ནག་གི་གནད་དོན་དབྱེ་ཞིབ་པ་ཡཱང་ཅན་ལི་ཡིས། ཞི་ཅིན་ཕིན་གྱི་བྱེད་སྟངས་ལ་བལྟས་ན་སྟག་དང་སྦྲང་ནག་མཉམ་རྡུང་བྱེད་ཀྱི་ཡོད་པ་འདྲ་བོ་ཡོད་ཀྱང་། དོན་དངོས་ཐོག་ལྐོག་ཟ་རུལ་སུངས་རྒོལ་རྡུང་གི་བྱ་སྤྱོད་ལ་ཚད་བཀག་ཡོད་པ་མ་ཟད། གུང་ཁྲན་ཏང་ནང་ཁུལ་གྱི་འཕུར་མདའ་འགོག་ཐབས་ཧ་ཅང་གསལ་བོ་ཡིན་ལུགས་དང་། ད་རེབ་ཞི་ཚེ་ཧུའོ་ཡི་གནད་དོན་ཐོག་ནས་ཞི་ཅིན་ཕིན་གྱི་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་གཏོང་བའི་སྲིད་བྱུས་རྒྱ་ཆེ་རུ་དང་གཏིང་ཟབ་ཏུ་ཕྱིན་པ་མཚོན་ཡོད་ལུགས་བརྗོད་འདུག
གསར་འགོད་པ། པདྨ་མཚོ།