རྒྱ་གཞུང་གིས་ཁ་ཆེའི་དུས་ཆེན་ཐོག་གཞུང་གི་ཁ་ཆེ་ལས་བྱེད་དང་སློབ་གྲྭ་ཁག་གི་དགེ་སློབ་རྣམས་ཞུགས་མི་ཆོག་པའི་བཀའ་རྒྱ་བཏང་འདུག
ལོ་ལྟར་ཕྱི་ཟླ་ ༦ ཚེས་ ༢༨ ནས་ཉིན་གྲངས་ ༣༠ རིང་ཁ་ཆེའི་ཆོས་ལུགས་ཀྱི་དུས་ཆེན་གལ་ཆེན་ཞིག་ཏུ་རྩི་སྲོལ་ཡོད་པ་ལྟར། འཛམ་གླིང་གི་ཡུལ་ཕྱོགས་གང་སར་ཡོད་པའི་ཁ་ཆེ་བ་ཚོས་དུས་ཆེན་དེ་སྲུང་གཙི་བྱེད་བཞིན་ཡོད་སྟབས། ཟླ་འདིའི་ཕྱི་ཚེས་ ༣ ཉིན་གྱི་ཕྱི་དྲོར། རྒྱ་གཞུང་གིས་ཤིན་ཅང་གི་གྲོང་ཁྱེར་ཁག་ཏུ་ཚོགས་འདུ་བསྡུས་ཏེ། འཇིགས་སྐུལ་དྲག་སྤྱོད་ཀྱི་བྱ་འགུལ་རིགས་སྤེལ་བར་རྒོལ་རྡུང་དྲག་པོ་བཏང་སྟེ། སྤྱི་ཚོགས་ཧྲིལ་པོའི་འཆམ་མཐུན་བརྟན་ལྷིང་སྲུང་སྐྱོབ་བྱེད་དགོས་པའི་སྐུལ་འདེད་བཏང་ཡོད་སྟབས། ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་གྱི་གྲོང་ཁྱེར་དང་རྫོང་ཁག་ཅིག་གི་དྲ་རྒྱ་དང་བརྙན་འཕྲིན་སོགས་སུ། ཁ་ཆེ་གུང་ཁྲན་ཏང་ཡོན་དང་གཞུང་ཞབས་པ། དགེ་སློབ་བཅས་དུས་ཆེན་དེར་ཞུགས་པར་བཀག་འགོག་དང་། ཁ་ཆེའི་ཟ་ཁང་ཚོས་རྒྱུན་ལྡན་ལྟར་ཚོང་གཉེར་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་པ་མ་ཟད། དུས་ཆེན་དེ་སྲུང་གཙི་མ་བྱས་པའི་ཁ་ཆེའི་ཆོས་ལུགས་པ་ཚོར་བསྔགས་བརྗོད་བྱས་ཡོད་འདུག
གནད་དོན་དེའི་ཐད་འཇར་མན་དུ་ཡོད་པའི་འཛམ་གླིང་ཡུ་གུར་མི་རིགས་མཐུན་ཚོགས་ཀྱི་མགྲིན་ཚབ་པ་ཌི་ལི་ཤཱ་ཊི་ཡིས། དུས་ཆེན་སྲུང་གཙི་བཀག་འགོག་བྱེད་བཞིན་པ་དེ་ཆོས་ལུགས་རང་དབང་ལ་གཏོར་བཤིག་བཏང་བ་ཞིག་ཡིན་ལ། དེ་ནི་རྒྱ་གཞུང་གིས་ཤིན་ཅང་ཡུ་གུར་མི་རིགས་ལ་དྲག་གནོན་བྱེད་པའི་སྲིད་བྱུས་ཀྱི་ཆ་ཤས་ཤིག་ཆགས་ཡོད་པ་དང་། བྱེད་ཐབས་དེ་ཚོས་ཤིན་ཅང་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏན་ནས་གཏོང་མི་ཐུབ། གལ་སྲིད་དམ་དྲག་གི་སྲིད་བྱུས་འདི་ལ་འགྱུར་བ་མ་བཏང་ན། མི་མང་འུ་ཐུག་སྟེ་ངོ་རྒོལ་གྱི་བྱེད་ཐབས་དྲག་པོ་སྤྱད་དེ་སྤྱི་ཚོགས་སྔར་ལས་ཟང་ཟིང་ཆགས་རྒྱུ་ཡིན་སྐོར་བརྗོད་འདུག
དུས་ཆེན་དེ་ཕྱི་ལོ་ ༦༢༣ ནས་བཟུང་སྲུང་གཙི་བྱེད་མགོ་བརྩམས་ཡོད་པ་དང་། ཁ་ཆེའི་ཆོས་ལུགས་ཀྱི་ལོ་ཐོའི་ནང་ལོ་རེའི་ཟླ་ ༩ པ་ནི་ཁ་ཆེའི་ཆོས་དཔོན་ཨ་ལཱ་(Allah)ཡིས་ཀོ་རིན་གསུང་རབ་གནང་བའི་ཟླ་བ་ཡིན་སྟབས། ཁ་ཆེའི་ཆོས་ལུགས་པ་ཚོས་ཟླ་བ་དེ་རླབས་ཆེ་ཞིང་བཀྲ་ཤིས་ཕུན་སུམ་ཚོགས་པ་ཞིག་ཏུ་ངོས་འཛིན་བྱས་ཏེ། ལོ་ལྟར་ཕྱི་ཟླ་ ༦ ཚེས་ ༢༦ ནས་ཉིན་གྲངས་ ༣༠ རིང་རྒན་འཁོགས་དང་སྦྲུམ་མ། ནད་པ། དམག་མི་བཅས་ཕུད་པའི་རྗེས་འཇུག་པ་ཚང་མས་ཞོགས་པའི་ཉི་འོད་འཕྲོས་པ་ནས་ཕྱི་དྲོ་ནུབ་པའི་བར་ཟས་བཅད་ཆུ་བཅད་བྱས་ཏེ་རང་དགར་སྡོད་སྲོལ་ཡོད་འདུག
གསར་འགོད་པ། པདྨ་མཚོ།