བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་གིས་ལ་དྭགས་དུས་དབང་ཐོག་བོད་ཡིག་གི་གསར་བྱུང་ཐ་སྙད་འགྲེམས་སྤེལ་བྱེད་ཀྱིན་པར་མ་ཟད། དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། སྲིད་སྐྱོང་བློ་བཟང་སེང་གེ་རྣམ་གཉིས་གདན་ཞུའི་ཐོག་བྷོ་ཊི་དང་བོད་ཡིག་སྲུང་སྐྱོབ་ཐད་བཀའ་སློབ་གསུང་བཤད་ཅིག་གོ་སྒྲིག་ཞུ་རྒྱུ་ཡིན་འདུག
དེ་རིང་ཕྱི་ཚེས་ ༦ ཉིན་བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་གི་ཚོགས་མི་ ༧ ལྷག་གིས། ལ་དྭགས་དུས་དབང་ཐེངས་ ༣༣ པའི་སྐབས་ཀྱི་༸གོང་ས་མཆོག་གི་འཁྲུངས་སྐར་ཉིན་མོར་སྟབས་བསྟུན་ནས། ཞི་བའི་ཚལ་གསུང་ཆོས་རྭ་བའི་ཉེ་འགྲམ་དུ་བོད་ནང་གི་མཁས་དབང་མཉམ་རུབ་ཀྱིས་ཕྱོགས་བསྒྲིགས་བྱས་པའི་༼བོད་རྒྱ་དབྱིན་གསུམ་གསར་བྱུང་རྒྱུན་བཀོད་མིང་མཛོད༽ལས་ཐ་སྙད་ ༦༠༠ ཕྱོགས་བསྡུས་ཀྱིས་ཤོག་ཁྲ་དང་དེབ་ཆུང་ ༢༠༠༠ པར་བསྐྲུན་འགྲེམས་སྤེལ་བྱེད་ཀྱི་ཡོད་པར་མ་ཟད། ཧི་མ་ལ་ཡའི་ནང་པའི་རིག་གཞུང་ཚོགས་པ་དང་འབྲེལ་བ་བྱས་ཏེ། ཕྱི་ཚེས་ ༩ ཉིན་དགའ་ལྡན་ཁྲི་པ་རི་རྫོང་སྲས་སྦྲུལ་རིན་པོ་ཆེ་མཆོག་གིས་གསུང་ཆོས་རྭ་བའི་ནང་བོད་སྐད་ཡིག་དང་། ཧི་མ་ལ་ཡའི་སྐད་ཡིག་བྷོ་ཊི་སྲུང་སྐྱོབ་ཆེད་མི་མང་ལ་བཀའ་སློབ་གསུང་བཤད་ཅིག་གོ་སྒྲིག་གནང་རྒྱུ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་འདིར་ཕེབས་སྐབས། བོད་པའི་གཞིས་ཆགས་དང་སློབ་གྲྭའི་སློབ་མ་ཚོར་བོད་སྐད་ཡིག་རང་གི་ཐོག་གསུང་བཤད་བཅས་གོ་སྒྲིག་གནང་རྒྱུ་ཡིན་འདུག
རྒྱ་གར་ལྷོ་ཕྱོགས་སེར་བྱེས་གྲྭ་ཚང་གི་གྲྭ་ཐུབ་བསྟན་ཡར་འཕེལ་ལགས་ཀྱི་ངོ་སྤྲོད་གནང་བ་ལྟར་ན། བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་ (TibetanLanguage Service Center) ནི། ཕྱི་ལོ་ ༢༠༡༣ ལོར་བོད་སྐད་ཡིག་ལ་དུང་བ་ཟབ་པའི་བོད་མི་ཁག་ཅིག་མཉམ་རུབ་ཀྱིས་དྲ་ལམ་ནས་ཐོག་མར་གསར་འཛུགས་གནང་བ་ཞིག་ཡིན་འདུག་ལ། དམིགས་ཡུལ་གཙོ་བོ། བྷོ་ཊིའི་སྐད་ཡིག་རྒྱ་གར་གཞུང་གིས་ཁྲིམས་མཐུན་གྱི་སྐད་ཡིག་ཅིག་ལ་ངོས་འཛིན་གནང་ཆེད་དང་། བཙན་བྱོལ་སྤྱི་ཚོགས་ནང་བོད་སྐད་ཡིག་སྲུང་སྐྱོབ་དང་དར་སྤེལ་ཆེད་གསར་འཛུགས་གནང་བ་ཞིག་ཡིན་འདུག ད་ལྟའི་ཆར་ཨ་རི། ཡུ་རོབ་ཀྱི་རྒྱལ་ཁབ་ཁག ཐའེ་ཝན། རྒྱ་གར་ལྷོ་ཕྱོགས་དང་བྱང་ཕྱོགས་བཅས་སུ་ཚོགས་མི་ ༤༠ ལྷག་ཡོད་འདུག
འདས་པའི་ལོ་གཅིག་ལྷག་གི་རིང་བོད་སྐད་ཡིག་ཞབས་ཞུ་ཁང་གིས་སྤྱི་ཚོགས་ནང་དང་། སྐད་འཕྲིན། ངོ་དེབ་གཙོས་པའི་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་ཁག་བརྒྱུད་ནས་བོད་ཀྱི་སྔོན་མའི་ཐ་སྙད་དང་གསར་བྱུང་ཐ་སྙད་འགྲེམས་སྤེལ་གནང་ཡོད་འདུག འདི་ལོའི་ཕྱི་ཟླ་ ༡ དྷ་རམ་ས་ལར་མཁས་དབང་དང་། སློབ་གྲྭ་ཁག་གི་སློབ་སྤྱི། དགོན་སྡེ་ཁག་གི་མི་སྣ། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད། ཤེས་ཡོན་དང་འབྲེལ་བའི་ལས་ཁུངས་བཅས་ཀྱི་མི་སྣ་གདན་ཞུའི་ཐོག་བོད་སྐད་ཡིག་སྲུང་སྐྱོབ་དང་དར་སྤེལ་གྱི་ཐབས་ལམ་སྐོར་ལ་བགྲོ་གླེང་གནང་ཡོད་འདུག ཚོགས་པ་འདིའི་དཔལ་འབྱོར་གྱི་ཡོང་ཁུང་གཙོ་བོ། ལོ་རེར་ཚོགས་མི་ཚོས་གནས་ཡུལ་རྒྱལ་ཁབ་སོ་སོའི་སྒོར་ ༡༠༠ རེ་ཕུལ་བའི་ཚོགས་དངུལ་དང་། ཚོགས་མིས་ཕུལ་བའི་ཞལ་འདེབས། ཚོགས་པ་དང་མི་སྒེར་གྱི་རོགས་དངུལ་བཅས་ཡིན་འདུག ཚོགས་མིའི་ཆ་རྐྱེན་གཙོ་བོ། ༸གོང་ས་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་ཁ་མི་གཏོང་མཁན་དང་། དོལ་རྒྱལ་བསྟེན་མཁན་དང་ཆོས་དང་ཟང་ཟིང་གི་འབྲེལ་བ་མེད་པའི་མནའ་སྐྱེལ་དམ་འཇོག ལོ་རེར་ཚོགས་དངུལ་ཕུལ་ཐུབ་མཁན་དང་། ས་གནས་ས་ཐོག་ཏུ་སོ་སོའི་ནུས་པར་དཔག་པའི་ལས་འགུལ་སྤེལ་ཐུབ་མཁན་བཅས་དགོས་ཀྱི་ཡོད་འདུག
གསར་འགོད་པས་ཁོང་ལ་བོད་ཕྱི་ནང་གཉིས་ཀྱི་བོད་སྐད་ཡིག་གི་གནས་སྟངས་ཐད་ལྟ་ཚུལ་གང་ཡོད་མེད་དྲིས་པར། བོད་ཀྱི་སྐད་ཡིག་བོད་ཀྱི་ཆོས་དང་རིག་གཞུང་གི་རྨང་གཞི་ཆགས་བསྡད་ཡོད་པ་རེད། སྐད་ཡིག་ཉམས་པ་ཡིན་ན་མི་རིགས་དང་ཆོས་ལུགས། རིག་གཞུང་ཚང་མ་ཉམས་འགྲོ་གི་རེད། ད་ཆར་བཙན་བྱོལ་ནང་སྐད་ཡིག་རང་གི་ཐོག་ལས་ཀ་བྱེད་མཁན་སྐད་ཡིག་རྒྱུན་འཛིན་ཚོགས་པ་དང་། བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་བཅས་ཡོད་པ་རེད། བོད་ནང་ལ་མཚོན་ནའང་། མདོ་དབུས་ཁམས་གསུམ་གང་སར་བོད་སྐད་ཡིག་ཐོག་ཕྱག་ལས་གནང་མཁན་ཡོད་པའི་གནས་ཚུལ་འདུག གང་ལྟར། སྐད་ཡིག་སྲུང་སྐྱོབ་དེ་ཚོགས་པ་ཞིག་གི་ལས་འགུལ་སྤེལ་ནས་སྲུང་སྐྱོབ་བྱེད་རྒྱུ་དཀའ་ལས་ཁག་པོ་རེད། གཙོ་ཆེ་ཤོས་བོད་པ་སོ་སོའི་ངོས་ནས་དོ་སྣང་དང་། བོད་མི་ཕན་ཚུན་བར་སྐད་ཆ་བཤད་སྐབས་བོད་སྐད་གཙང་མ་བཤད་རྒྱུ། ཡིག་འབྲེལ་བྱེད་སྐབས་བོད་ཡིག་བེད་སྤྱོད། སྔོན་མར་ཡོད་བསྡད་པའི་ཐ་སྙད་ལ་བདག་པོ་བརྒྱབ། ཐ་སྙད་གསར་བ་གང་ཐུབ་ཀྱིས་བེད་སྤྱོད་གཏོང་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག དེ་ལྟར་བོད་མི་མི་རེ་ངོ་རེས་འཁུར་དུ་བླངས་ནས་རྒྱུན་འཛིན་དར་སྤེལ་མ་བྱས་ཚེ། སྐད་ཡིག་འཇིགས་སྲིད་པའི་ཉེན་ཁ་མཐོང་ཡོང་གི་འདུག ཅེས་སོགས་བརྗོད་བྱུང་།
མ་འོངས་བར་བོད་སྐད་ཡིག་ཡར་རྒྱས་གཏོང་བར་ཐབས་ལམ་གཙོ་བོ་ག་རེ་མཐོང་གི་ཡོད་མེད་དྲིས་པར་ཁོང་གིས། “ བོད་མི་ཚོའི་ངོས་ནས་སྔར་སྲོལ་འགྱུར་བ་གཏོང་གི་མིན་ལ་བ་ན་འགྲི་གི་མ་རེད། གཙོ་བོ་དེང་དུས་ཀྱི་མིའི་སེམས་ཁམས་དང་མཐུན་པའི་ཐོག་ནས་སྐད་ཡིག་བེད་སྤྱོད་དགོས་ཀྱི་འདུག ལྷག་པར་དུ་བོད་ཡིག་སློབ་ཁྲིད་བྱེད་སྐབས་བརྙན་རིས་སོགས་བེད་སྤྱད་དེ་སློབ་མའི་སེམས་ལ་འཛུལ་སླ་བ་དང་། དོ་སྣང་དང་དང་བ་འདྲེན་ཐབས་བྱེད་རྒྱུ་དང་། པར་རིས་སོགས་ཀྱི་ལམ་ནས་སྤྲོ་བ་འཕེལ་དུ་འཇུག་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ད་ཆར་དྲ་རྒྱ་བརྒྱུད་ནས་སྐད་ཡིག་སློབ་ཁྲིད་བྱེད་མཁན་མང་པོ་འདུག དེ་འདྲའི་རིགས་མང་དུ་གཏོང་སོགས་དེང་དུས་ཀྱི་ཐབས་ལམ་སྤྱོད་རྒྱུ་གལ་ཆེན་དུ་མཐོང་གི་འདུག ” ཅེས་བརྗོད་བྱུང་།
ཁོང་ལ་བོད་སྐད་ཡིག་ཞབས་ཞུ་ཁང་གི་ལས་ཁུང་གི་གནས་སྟངས་དང་དཀའ་ངལ་གཙོ་བོ་གང་ཡིན་དྲིས་པར། ད་ལྟའི་ཆར་ང་ཚོར་ཚོགས་པ་དང་ལས་ཁུངས་ཀྱི་དེབ་སྐྱེལ་སོགས་ཅི་ཡང་མེད། ལས་ཀ་དེའི་སྐོར་ད་ལྟ་འགྲོ་བཞིན་པའི་སྒང་ཡིན། ད་ཆར་ང་ཚོ་སྐད་འཕྲིན་དུ་ཚོགས་པ་བཙུགས་ཏེ་སྦྲགས་སྐད་བཤད་པ་ཡིན་ན་རྒྱ་གར་ནང་ཡོད་མཁན་ལ་ཧིན་སྒོར་ ༡༠ དང་། ཨ་རི་བ་ཚོར་ཨ་སྒོར་ ༡ ། ཡུ་རོབ་ནང་ཡུ་སྒོར་ ༡ བཅས་ཀྱི་ཆད་པ་གཅོད་པ་སོགས་ལས་འགུལ་ སྤེལ་གྱི་ཡོད་ལ། མ་འོངས་པར་ཚོགས་མི་མང་དུ་གཏོང་འཆར་ཡོད། དཀའ་ངལ་གཙོ་བོ་དཔལ་འབྱོར་གྱི་དཀའ་ངལ་རེད། གཉིས་པ། ཚོགས་མིའི་དུས་ཚོད་དང་ཆ་རྐྱེན་གྱི་ཐོག་ནས་མ་འདང་བའི་དཀའ་ངལ་འདུག ཅེས་བརྗོད་བྱུང་།
༈བོད་ཀྱི་སྐད་ཡིག་གསོད་མཁན་དང་ཤི ་རྐྱེན་གཙོ་བོ་ནི་རྒྱ་ནག་བཙན་འཛུལ་བའི་སྐད་ཡིན་པ་དེ་ལ་གདོང་ལེན་ཁག་པོ་རེད་གཅིག་ནི་བོད་མི་གནས་ཡུལ་ཡུལ་གྲུ་ཁག་གི་སྐད་ཡིག་དང་འཛམ་གླིང་སྤྱི་ཡེ་སྐད་ཡིག་སྟེ་དབྱིན་རེད་ དང་པོ་དེས་དབང་ཡོད་ཀྱི་གསོད་ཀྱི་ཡོད་གཉིས་པ་དེ་ཚོ་འོག་ནས་བོད་པ་རང་ཉིད་ལ་སོ་སོ་ལ་འཚོ་གནས་ཐུབ་པའི་ཇོན་ཐང་མེད་ན་སྐད་ཡིག་ཤི་རྒྱུ་ཉག་ཅིག་རེད་མ་གཏོགས་གནས་ཐུབ་པའི་ཐབ་མེད་དོ་
་