དེ་རིང་སྔ་དྲོར་པེ་ཅིན་རྒྱ་ནག་ན་གཞོན་ཚགས་པར་ཁང་གི་སྒོ་འགྲམ་དུ་མི་ ༧ གྱིས་ཞིང་སྨན་བཏུང་སྟེ་རང་ཤི་བརྒྱབ་ཡོད་འདུག
དེ་རིང་སྔ་དྲོ་པེ་ཅིན་གྱི་ཆུ་ཚོད་ ༨།༡༠ ཙམ་ལ། རྒྱ་ནག་གི་རྒྱལ་ས་པེ་ཅིན་གྱི་རྒྱ་ནག་ན་གཞོན་ཚགས་པར་ཁང་གི་སྒོ་འགྲམ་དུ། བུད་མེད་ ༢ དང་སྐྱེས་ ༥ ཡིས་ཞིང་སྨན་བཏུང་སྟེ་རང་ཤི་བརྒྱབ་ཡོད་པ་དང་། སྐར་མ་བཅུ་གྲངས་ཤིག་འགོར་རྗེས། མྱུར་སྐྱོབ་རླངས་འཁོར་གྱིས་སྨན་ཁང་དུ་བསྐྱལ་ཡོད་འདུག ཉེན་རྟོག་ཕྱོགས་ནས་རྒྱུ་རྐྱེན་གང་ཡིན་གསལ་བོ་མེད་པས་རྟོག་ཞིབ་བྱེད་བཞིན་པའི་སྒང་ཡིན་ལུགས་བརྗོད་འདུག
གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། རང་ཤི་རྒྱག་མཁན་དེ་ཚོ་རྒྱ་ནག་ཅང་སུའུ་ཞིང་ཆེན་སི་ཧོང་རྫོང་ཆིན་ཡཱང་གྲོང་ཚོ་ནས་ཡིན་པ་དང་། ཉེ་ལམ་ནས་ས་གནས་སྲིད་གཞུང་གིས་གྲོང་ཚོ་འཛུགས་སྐྲུན་ལ་ཁ་གཡར་ཏེ་མཁར་གྲོང་རྙིང་པ་རྣམས་གཏོར་བཤིག་གཏོང་བཞིན་ཡོད་པ་དང་། ཁང་ས་ལ་དཔང་ཡིག་མེད་མཁན་ཚོར་གུན་གསབ་ཉུང་ཉུང་ལས་སྤྲད་མེད་པ་མ་ཟད། གྲོང་མི་མང་པོར་སྡོད་ཁང་མེད་པར་དཀའ་ངལ་ཆེན་པོ་འཕྲད་སྟབས། རྫོང་སྲིད་གཞུང་ལ་ཁྲིམས་འགལ་གྱིས་མི་མང་གི་སྡོད་ཁང་གཏོར་བཤིག་གཏོང་བཞིན་ཡོད་པའི་ཞུ་གཏུག་ཡི་གེ་སྤྲད་ཡོད་ཀྱང་། རྫོང་སྲིད་གཞུང་གིས་བཟང་ཕྱོགས་ཀྱི་ཡ་ལན་སྤྲད་མེད་པ་མ་ཟད། ཞུ་གཏུག་ཏུ་ཕྱིན་པའི་གྲོང་མི་ཚོ་མུན་བཙོན་ཏུ་བཅུག་ཡོད་པ་དང་། འདས་ལོའི་ཕྱི་ཟླ་ ༩ ཚེས་ ༢༤ ཉིན་གྱི་སྔ་དྲོར་ཆིན་ཡཱང་གྲོང་ཚོའི་མགོ་ཁྲིད་ཚོས་གྲོང་མི་བཅུ་གྲངས་ཤིག་བཙན་གྱིས་མངག་གཏོང་ཁང་དུ་ཁྲིད་དེ་འདྲི་གཅོད་དང་གཅར་རྡུང་མནར་གཅོད་བཏང་ཡོད་འདུག
ད་རེས་རང་ཤི་རྒྱག་མཁན་གྱི་བུད་མེད་ཅིག་གི་ཁྱོ་གས། སྲིད་གཞུང་གིས་ངེད་ཚང་གི་ཁང་ས་བཙན་འཕྲོག་བྱས་སོང་སྟབས། ང་ཚོས་ཐེངས་མང་པོར་སྲིད་གཞུང་ལ་ཞུ་གཏུག་བྱས་ཀྱང་གནད་དོན་ཐག་གཅོད་བྱས་མེད་པ་དང་། ཕྱིས་སུ་ཁྲིམས་ཁང་ལ་གཏུག་བཤེར་ཡི་གེ་ཞིག་སྤྲད་ཀྱང་ཡ་ལན་སྤྲོད་ཀྱི་མི་འདུག་པས། ངའི་ཆུང་མ་འུ་ཐུག་སྟེ་དེ་ལྟར་བྱེད་དགོས་ཁེལ་བ་རེད། ཅེས་བརྗོད་འདུག ཡང་རང་ཤི་རྒྱག་མཁན་གྱི་སྐྱེས་པ་ཞིག་གི་བཟའ་ཟླས་ཁྱིམ་ཚང་གི་ཁང་པ་བཙན་འཕྲོག་བྱས་པ་མ་ཟད། གུན་གསབ་ཀྱང་ཧ་ཅང་ཉུང་ཉུང་ཞིག་མ་གཏོགས་མ་སྤྲད་སྟབས། ཁོ་མོའི་ཁྱོ་ག་རྫོང་སྲིད་གཞུང་ལ་ཞུ་གཏུག་བྱེད་དུ་ཕྱིན་སྐབས། གནད་དོན་ཐག་གཅོད་བྱ་རྒྱུ་ཕར་ཞོག་ཁོ་བོ་འཛིན་བཟུང་བྱས་ཏེ། ཁང་པ་ནག་ཁུང་ཞིག་ཏུ་བཅུག་ནས་ཟ་མ་དང་འཐུང་ཆུ་སོགས་སྤྲད་མེད་པ་མ་ཟད། གཉིད་ཀྱང་ཁུག་ཏུ་མ་བཅུག་པར་མནར་གཅོད་མང་པོ་བཏང་སྐོར་བརྗོད་འདུག
རྒྱ་གཞུང་གིས་འཛུགས་སྐྲུན་ལ་ཁ་གཡར་ཏེ་མི་མང་གི་ཁང་ས་བཙོན་འཕྲོག་བྱེད་བཞིན་ཡོད་སྟབས། ས་གནས་ཁག་གི་མི་མང་སྟོང་ཕྲག་མང་པོས་ངོ་རྒོལ་ཁྲོམ་སྐོར་གྱི་ལས་འགུལ་རིམ་པར་སྤེལ་བཞིན་ཡོད་པ་མ་ཟད། འུ་ཐུག་ཐབས་ཟད་ཀྱིས་རང་ལུས་མེར་བསྲེགས་གཏོང་བ་དང་ཞིང་སྨན་འཐུང་བ་སོགས་ཀྱི་གནད་དོན་བསྟུན་མར་བྱུང་སྟེ། འདས་ལོའི་ཕྱི་ཟླ་ ༨ ནས་ད་ལྟའི་བར་ཁྱོན་མི་གྲངས་ ༥༠ ཙམ་གྱིས་པེ་ཅིན་གྱི་དབུས་འབྲེལ་ཡོད་ལས་ཁུངས་ཁག་གི་མདུན་དུ་ངོ་རྒོལ་གྱིས་སྨན་རྫས་རིགས་བཏུང་སྟེ་རང་ཤི་བརྒྱབ་ཡོད་འདུག
གསར་འགོད་པ། པདྨ་མཚོ།