མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་བཅུའི་ནང་བོད་མི་ ༣༧༠༠ ལས་སྐྱབས་བཅོལ་རག་མཁན་ ༤༠༠ ཙམ་རེད།

བོད་ཀྱི་དུས་བབ།
༢༠༡༤/༠༩/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཉེ་བའི་ལོ་ཤས་ནས་ཡུ་རོབ་ཀྱི་རྒྱལ་ཁབ་སུད་སི་དང་ཧོ་ལན་ཌི། སྦེལ་ཇམ། ཧྥ་རན་སི་སོགས་ཀྱི་ནང་སྐྱབས་བཅོལ་བའི་བཅའ་ཁྲིམས་ཐད་འགྱུར་བ་ཕྱིན་ཏེ། བོད་སྐྱབས་བཅོལ་ཞུ་མཁན་ཚོར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་སྟབས། ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་བཀྲས་མཐོང་དབང་པོ་ལགས་རྣམ་གཉིས་ལ་བཅར་འདྲི་ཞུས་ཡོད།

ཡུ་རོབ་ནང་ཁྱོན་རྒྱལ་ཁབ་ཁག་ཉེར་གྲངས་ཤིག་ཡོད་པའི་ནང་ནས་རྒྱལ་ཁབ་ཁག་ ༢༠ ཙམ་གྱི་ནང་བོད་མི་གནས་སྡོད་བྱས་ཡོད་པ་ལྟར། སུད་སིའི་ནང་བོད་མི་ཁྱོན་ ༦༠༠༠ ཙམ་དང་། སྦེལ་ཇམ་ནང་ ༣༠༠༠། ཧྥ་རན་སིའི་ནང་ ༢༠༠༠ ལྷག་དང་། དེ་བཞིན་རྒྱལ་ཁབ་གཞན་གྱི་ནང་དུའང་བརྒྱ་ཕྲག་འགའ་རེ་བྱས་ནས་གནས་སྡོད་བྱས་ཡོད་ཀྱང་། ཉེ་བའི་ལོ་ཤས་ནས་ཧོ་ལན་ཌི་དང་སྦེལ་ཇམ། སུད་སི། ཧྥ་རན་སི་སོགས་སུ་སྐྱབས་བཅོལ་བའི་བཅའ་ཁྲིམས་ཐད་འགྱུར་བ་ཕྱིན་པར་བརྟེན། བོད་མི་མང་པོར་སྐྱབས་བཅོལ་རག་མ་རག་པའི་དཀའ་ངལ་འཕྲད་བཞིན་ཡོད་པའི་ཁྲོད། དཀའ་ངལ་ཆེ་ཆུང་རིགས་ཁ་ཤས་ཡོད་པ་ལས། ཁག་ཅིག་ལ་སྐྱབས་བཅོལ་རག་མེད་ཀྱང་རྒྱལ་ཁབ་དེའི་ནང་གནས་སྐབས་རིང་སྡོད་ཆོག་པ་མ་ཟད་ལས་ཀའང་བྱེད་ཆོག་པ་དང་། ཁག་ཅིག་ལ་གནས་སྡོད་ཆོག་པའི་ཡིག་ཆ་ཡོད་ཀྱང་ལས་ཀ་བྱེད་མ་ཆོག་པ། ཁག་ཅིག་ལ་ལས་ཀ་བྱེད་མི་ཆོག་པ་མ་ཟད་རྒྱལ་ཁབ་དེའི་ནང་གནས་སྡོད་ཀྱང་མི་ཆོག་པར་ཐོབ་ཐང་གང་ཡང་མེད་པ་བཅས་ཡིན་འདུག

གནད་དོན་འདིའི་ཐད་གསར་འགོད་པས་ཡུ་རོབ་སྤྱི་འཐུས་བཀྲས་མཐོང་དབང་པོ་ལགས་སུ། ད་ལྟའི་ཆར་ཡུ་རོབ་ཁུལ་གྱི་བོད་མི་ག་ཚོད་ཅིག་ལ་ཡིག་ཆའི་ཐད་དཀའ་ངལ་འཕྲད་ཡོད་པ་དང་། ཁོང་ཚོའི་འཚོ་བའི་གནས་སྟངས་ག་འདྲ་ཡོད་དྲིས་པར་ཁོང་གིས། ཉེ་སྔོན་སུད་སིའི་ནང་ཡུ་རོབ་ཀྱི་བོད་རིགས་སྤྱི་མཐུན་ཚོགས་པ་ཚོར་ཚོགས་འདུ་བསྡུས་ཏེ། ལུང་པ་སོ་སོའི་ནང་བོད་པ་ག་ཚོད་ཡོད་མེད་དང་སྐྱབས་བཅོལ་ཞུ་མཁན་ག་ཚོད་ཡོད་མེད་གྲངས་འབོར་བསྡུ་རྒྱུའི་སྐད་ཆ་བཤད་ཀྱང་། ད་བར་གསལ་བོ་ཞིག་ཞུ་མཁན་བྱུང་མ་སོང་། དེ་བཞིན་རྒྱལ་ཁབ་གཅིག་གི་ས་གནས་ཁག་གི་མིང་ཐོ་བསྡུ་ཐབས་བྱས་ཀྱང་རེ་ཟུང་ལས་འབྱོར་མ་སོང་། སུད་སི་སྐྱབས་བཅོལ་ལས་ཁུངས་ཀྱིས་བསྡོམས་རྩིས་ལྟར་ན་ ༢༠༠༤ ནས་ ༢༠༡༤ བར་གྱི་ལོ་ ༡༠ རིང་བོད་མི་ཁྱོན་ ༣༧༠༠ བསླེབས་ཡོད་པ་དང་། དེའི་ནང་ནས་སྐྱབས་བཅོལ་རག་མཁན་ ༤༠༠ ཙམ་ལས་མེད་པ་དང་། མི་ ༡༠༠༠ ཙམ་གྱི་གནས་སྟངས་ད་དུང་ཁྲིམས་ཐོག་ན་ལྷག་འདུག དེ་ནས་མི་ ༢༠༠༠ ཞིག་གནས་སྐབས་རིང་སྡོད་ཆོག་པའི་རིགས་རེད། འདས་པའི་ལོ་ ༣ ནང་ལོ་ལྟར་སུད་སིའི་ནང་བོད་མི་ ༤༠ རེའི་ཡིག་ཆ་ནག་པོ་ཆགས་ཀྱི་ཡོད་ཀྱང་། ད་ལོར་འདས་པའི་ཟླ་བ་ ༧ ཙམ་གྱི་ནང་མི་ ༡༥༠ ལྷག་གི་ཡིག་ཆ་ནག་པོ་ཆགས་འདུག ངས་འདིར་སུད་སིའི་ནང་གི་བོད་མིའི་གྲངས་འབོར་ཞུ་དགོས་དོན། སུད་སི་ནི་བོད་པའི་ཐོག་ཉམས་མྱོང་རྒྱུན་རིང་ཤོས་ཆགས་ཡོད་སྟབས། ཡུ་རོབ་རྒྱལ་ཁབ་གཞན་པས་སུད་སིའི་བྱེད་སྟངས་ལ་བལྟ་ཡི་ཡོད་པ་དང་། ལྷག་པར་དུ་སྦེལ་ཇམ་སྐྱབས་བཅོལ་ལས་ཁུངས་ཀྱིས་སུད་སིར་ཞེ་དྲག་བལྟ་ཡི་ཡོད་པར་བརྟེན། སྔ་ཕྱི་ཙམ་མ་གཏོགས་གནས་སྟངས་དེ་སྦེལ་ཇམ་ནང་སླེབ་ཀྱི་ཡོད་པ་འདྲ། ཉེ་སྔོན་ཁོ་རང་ཚོ་ཚོགས་འདུ་ཞིག་ཀྱང་ཚོགས་ཡོད་པ་རེད་ཟེར་གྱི་འདུག ཅེས་བརྗོད་བྱུང་།

ཁོང་གིས་མུ་མཐུད་དུ། སྤྱིར་བཏང་སུད་སིའི་མངའ་སྡེ་མ་འདྲ་བ་རེར་འགྲོ་སྟངས་ལོགས་སུ་ཡོད། ཡིག་ཆ་ནག་པོ་ཆགས་པའི་བོད་མི་ ༡༥༠ ལྷག་ཡོད་པའི་ནང་། ཁག་ཅིག་ལ་ཉིན་རེར་སུད་སིའི་སྒོར་མོ་ལྔ་དྲུག་རེ་རག་གི་ཡོད་པ་དང་། ཁག་ཅིག་ལ་དེ་ཡང་མེད་པར་ཀུ་ཤུ་རེ་དང་བག་ལེབ་རེ་སྤྲད་ནས་བཞག་འདུག ཁོང་ཚོར་སྡོད་གནས་མི་འདུག་ལ། ལས་ཀ་བྱེད་པའི་ཐོབ་ཐང་ཡང་མེད་སྟབས། ཁོང་ཚོ་ཁ་ཤས་སེམས་ཁམས་བདེ་བོ་མེད་པ་ཆགས་ནས་སྨན་ཁང་དུའང་ཕྱིན་འདུག མང་པོ་ཞིག་གྲོགས་པོ་དང་སྤུན་མཆེད་སོགས་ཀྱི་ནང་སྡོད་ཀྱི་ཡོད་པ་རེད།

སྤྱིར་བཏང་ངེད་སྤྱི་འཐུས་གཉིས་ཀྱི་ངོས་ནས་ཡུ་རོབ་ནང་མ་ཡོང་ཟེར་གྱི་མེད། བོད་པ་ཡག་པོ་ཞིག་ཡོང་ན་ང་ཚོ་ཡིན་ནའང་འདོད་པ་ཡོད་རེད། འོན་ཀྱང་། ལོ་ལྔ་དྲུག་བདུན་བརྒྱད་ལ་ཡིག་ཆ་ནག་པོའི་ནང་ལྷག་ནས་རང་ཉིད་ལ་ཕན་མ་ཐོགས། མི་ལའང་ཕན་མ་ཐོགས། ནང་མི་ལའང་ཕན་མ་ཐོགས་པར་ལྷག་ན་ཆོད་མི་འདུག ཡུ་རོབ་ཏུ་ཕེབས་མཁན་ཚོས་དང་པོ་ཉམས་ཞིབ་གནང་ནས་ཕེབས་དགོས་ཀྱི་འདུག་མ་གཏོགས། ང་ཚོ་བོད་པའི་བསམ་བློ་གཏོང་སྟངས་དེ་ཕར་སླེབ་སོང་ན་ཅིག་འགྲིག་འགྲོ་བ་རེད་བསམ་པ་དེ་ནོར་འཁྲུལ་ཆེན་པོ་རེད། སུད་སིའི་ནང་ད་དུང་དཀའ་ངལ་ཆེ་བ་འཕྲད་པའི་ཉེན་ཁ་ཏན་ཏན་འདུག དེ་བཞིན་སྦེལ་ཇམ་དང་ཧོ་ལན་ཌི་སོགས་ཀྱི་ནང་དུའང་སྐྱབས་བཅོལ་བའི་ཁྲིམས་ལ་འགྱུར་བ་ཆེན་པོ་འགྲོ་བཞིན་ཡོད་པ་རེད། ཅེས་བརྗོད་བྱུང་།

ཡིག་ཆ་ནག་པོ་ཆགས་པ་ཚོ་མུ་མཐུད་རྒྱལ་ཁབ་དེའི་ནང་གནས་སྡོད་ཐུབ་པར་ཐབས་ལམ་ག་རེ་ཡོད་དྲིས་པར་ཁོང་གིས། ད་ལྟ་ཡིག་ཆ་ནག་པོ་ཆགས་པ་ཚོར་ལམ་ཀ་གཅིག་ཡོད་པ་རེད། ཁྲིམས་ཁང་གིས་ཞིབ་འཇུག་བྱས་པ་བརྒྱུད་བོད་མི་དེ་ཚོ་རྒྱ་གར་ནས་ཡོང་བའི་ཁུངས་སྐྱེལ་ཡིག་ཆ་སྤྲད་པ་ཚོར། སུད་སི་གཞུང་གིས་ག་རེ་ལབ་ཀྱི་ཡོད་པ་རེད་ཟེར་ན། རྒྱ་གར་གཞུང་ཚབ་ཏུ་སོང་ནས་ཕྱིར་ལོག་ཐབས་བྱོས། གང་ལྟར་ང་ཚོས་སྐྱབས་བཅོལ་སྤྲོད་ཀྱི་མིན་ཟེར་གྱི་ཡོད་པ་རེད། ཡིན་ནའང་། རྒྱ་གར་གཞུང་ཚབ་ཀྱིས་ཕྱིར་ལོག་པའི་ཡིག་ཆ་ཅི་ཡང་མ་སྤྲད་པ་ཡིན་ན། སུད་སིའི་ཁྲིམས་ཁང་གིས་ཡང་བསྐྱར་ཉམས་ཞིབ་བྱས་ཏེ། སྐྱབས་བཅོལ་གྱི་ཐོབ་ཐང་མ་སྤྲད་པ་ཡིན་ནའང་གནས་སྐབས་སྡོད་ཆོག་པའི་ཡིག་ཆ་ཞིག་སྤྲོད་རྒྱུ་ཡིན་ཟེར་གྱི་ཡོད་པ་རེད། འོན་ཀྱང་བརྒྱུད་རིམ་དེ་ལ་ལོ་གསུམ་བཞི་དང་ལྔ་དྲུག་དེ་འདྲ་འགོར་གྱི་ཡོད་སྟབས། མི་ཞིག་གི་མི་ཚེའི་ནང་ལོ་ལྔ་དྲུག་ཟེར་ན་དུས་ཡུན་ཐུང་ཐུང་མ་རེད། ཡུ་རོབ་ནང་སོ་སོའི་འཚོ་བ་མགོ་མ་ཐོན་བར་ནང་མི་ཕར་འཐེན་རྒྱུ་ཡོང་ཐབས་མེད་པ་དང་། དེ་བཞིན། གཞུང་གི་སྐྱོབ་གསོ་བླངས་ནས་བསྡད་ཡོད་མཁན་ཚོ་ལོ་བཅུ་དང་ཉི་ཤུར་བསྡད་ཀྱང་བཟའ་ཚང་དང་ཕྲུ་གུ་ཕར་འཐེན་པའི་ཐོབ་ཐང་ཡོད་པ་མ་རེད། ཅེས་བརྗོད་བྱུང་།

ཡང་ཁོང་གིས། བོད་མི་ཁག་ཅིག་གིས་ཞུ་གཏུག་བྱེད་རྒྱུ་ཉུང་དྲགས་ལུགས་རྗོད་ཀྱི་ཡོད་ཀྱང་། དོན་གཅོད་དང་ངེད་གཉིས་ཀྱི་ངོས་ནས་ཞུ་གཏུག་བྱས་པ་མང་མ་དྲགས་ནའང་ཉུང་དྲགས་མེད་ཀྱང་། དཀའ་ངལ་འདི་ཞུ་གཏུག་བརྒྱབ་ནས་སེལ་ཐུབ་པ་ཞིག་མ་རེད། ང་ཚོས་ངེས་པར་དུ་ཁྲིམས་ཀྱི་གནད་ཅིག་དང་ལམ་ཀ་ཞིག་འཚོལ་དགོས་ཀྱི་འདུག དོ་བདག་གི་ངོས་ནས་ག་རེ་བྱེད་དགོས་པ་རེད་ཟེར་ན། ཕར་ཕྱོགས་ཀྱི་སྤྱི་ཚོགས་ནང་འཛུལ་ཞུགས་བྱེད་ཐུབ་རྒྱུ་དེ་གལ་ཆེན་པོ་རེད་བསམ་གྱི་འདུག བོད་མི་མང་ཆེ་བ་ཞིག་བོད་པ་རང་གི་ནང་འཁོར་བསྡད་དེ་ལུང་པ་དེའི་སྐད་མ་ཤེས་དང་ལུང་པའི་མི་དང་འབྲེལ་བ་མི་འདུག ཁྲིམས་ཁང་དུ་ཕྱིན་ཡང་ཁྱེད་རང་གི་ཡིག་ཆ་ནག་པོ་རེད། ཡིན་ནའང་འདས་པའི་ནང་ཁྱེད་རང་ཡེ་ཤུ་ཚོགས་པ་དེ་འདྲའི་ནང་རོགས་པ་འདི་འདྲ་བྱས་འདུག དེར་བརྟེན། དེ་ཚོ་ཡ་རབས་བཟང་སྤྱོད་ཡིན་སྐོར་དང་། ཁྱེད་རང་གིས་ང་ཚོའི་ལུང་པའི་སྐད་ཡག་པོ་ཤེས་ཀྱི་མི་འདུག་ཀྱང་དོ་སྣང་བྱས་འདུག གང་ལྟར་ཁྱེད་རང་ལ་ལུང་པ་འདིའི་ནང་འཚོ་གནས་བྱེད་པའི་འདོད་པ་ཤུགས་ཆེན་ཡོད་པ་ཞིག་ཏུ་མཐོང་གི་འདུག་སྟབས། ང་ཚོས་ཁྱེད་རང་ལ་བསམ་བློ་གཏོང་གི་ཡིན་ཟེར་ནས་དམིགས་བསལ་གཏོང་བ་དེ་འདྲའང་མང་པོ་ཞིག་ཡོང་གི་འདུག ཅེས་བརྗོད་བྱུང་།

གསར་འགོད་པས་ཁོང་ལ་ཡུ་རོབ་ལུང་པར་བོད་མི་སྐྱབས་བཅོལ་ཞུ་མཁན་ཙོས་གྲ་སྒྲིག་བྱེད་དགོས་པ་གང་དག་ཡོད་པ་དྲིས་པར་ཁོང་གིས། སུད་སི་དང་སྦེལ་ཇམ་སོགས་ཡུ་རོབ་རྒྱལ་ཁབ་གང་འདྲ་ཞིག་གི་ནང་སྐྱབས་བཅོལ་ཞུས་པ་ཡིན་ནའང་། དང་པོ་ག་རེ་ཁུངས་སྐྱེལ་དགོས་པ་རེད་ཟེར་ན། བོད་ནས་ཡིན་པ་དེ་ཁུངས་སྐྱེལ་དགོས་པ་རེད། གཉིས་པ་རང་ཉིད་ཆབ་སྲིད་ཀྱི་ལས་འགུལ་ཞིག་གི་ནང་མཉམ་ཞུགས་བྱས་མྱོང་བ་ཁུངས་སྐྱེལ་དགོས་པ་རེད། དཔེར་ན། སོ་སོ་ཁྲིམས་ཁང་ནང་སོང་བའི་ཡིག་ཆ་དང་ཚགས་པར་ཐོག་ཐོན་པའི་གནས་ཚུལ་ལྟ་བུ་སྟོན་རྒྱུ་ཡོད་དགོས་པ་རེད། དེ་ཚོ་སྔ་ས་ནས་གྲ་སྒྲིག་བྱེད་དགོས་པ་ལས་ཕར་བསླེབས་ཚར་དུས་གཞི་ནས་བསམ་བློ་གཏོང་དགོས་ན་ཕྱི་དྲགས་པ་རེད། ཅེས་བརྗོད་བྱུང་།

གཞན་ཡང་། ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱིས། ཉེ་སྔོན་ཁོང་ཊོར་ཀེ་ནང་དཀའ་ངལ་ཆེན་པོ་འཕྲད་བཞིན་པའི་བོད་མི་ ༡༡ ལ་ཆེད་དུ་ཐུག་འཕྲད་གནང་བར་ཕྱིན་པའི་སྐོར་བརྗོད་དོན། ང་ཉེ་སྔོན་ཊོར་ཀེ་ནང་ཡོད་པའི་བོད་མི་ ༡༡ ལ་ཐུག་ཏུ་ཕྱིན་པ་ཡིན། ཁོང་ཚོ་དེར་བསླེབས་ནས་ལོ་ངོ་ ༣ འགྲོ་བཞིན་ཡོད་ཀྱང་། ལོ་ངོ་དེའི་རིང་ས་གནས་ཀྱི་བོད་མི་གཅིག་ལའང་ཐུག་མི་འདུག ད་ལྟ་ཁོང་ཚོར་ལུང་པ་དེའི་ནང་སྡོད་ཆོག་པའི་ཡིག་ཆ་རག་འདུག་ཀྱང་། ལས་ཀ་བྱེད་ཆོག་གི་མི་འདུག ལྷག་པར་དུ་ལུང་པ་དེ་ཁ་ཆེའི་ལུང་པ་ཡིན་སྟབས་ཁོང་ཚོར་དཀའ་ངལ་ཞེ་དྲག་འདུག ཁང་པ་ཆུང་ཆུང་ཞིག་གི་ནང་ཚང་མ་རུག་རུག་བྱས་ནས་བསྡད་འདུག ཚང་མ་སྐྱེས་པ་རྐྱང་རྐྱང་རེད། མ་གཞི་དཀའ་ངལ་ཡོད་དུས་མི་ཚང་མ་ཕན་ཚུན་འཆམ་པོ་ཡོད་པ་ལྟར་ཁོང་ཚོས་དཀའ་སྡུག་མཉམ་མྱོང་འདྲ་བོ་བྱེད་ཀྱིན་འདུག སྲིད་གཞུང་གིས་ཁོང་ཚོ་མི་རེར་ཟླ་བ་ལ་ཨ་སྒོར་ ༤༠ རེ་སྤྲོད་ཀྱི་ཡོད་ཀྱང་དེས་འདང་གི་མི་འདུག གང་ལྟར་ང་ཁོང་ཚོར་ཐུག་ཏུ་ཕྱིན་ནས་ཁོང་ཚོས་དཀའ་སྡུག་མང་པོ་བཤད་སོང་། ངས་ཁོང་ཚོར་དཀའ་སྡུག་གི་ཁྲོད་ནས་བློ་སྟོབས་སྐྱེད་དགོས་པའི་བསླབ་བྱ་འདྲ་བོ་བརྒྱབ་པ་ཡིན། དེ་ནས་ང་རང་གི་ངོས་ནས་དངུལ་ཕྲན་བུ་ཞིག་སྤྲད་པ་ཡིན། དེ་ལས་གང་ཡང་བྱེད་ཐུབ་ཀྱི་མི་འདུག ཅེས་བརྗོད་བྱུང་།

གྲོས་ཚོགས་ནང་ཡུ་རོབ་བོད་མིའི་དཀའ་ངལ་གླེང་སློང་མ་བྱས་པའི་བསམ་འཆར་འདོན་གྱི་ཡོད་པ་དེར། སྤྱི་འཐུས་རྣམ་གཉིས་ནས་གསལ་བཤད་གནང་རྒྱུ་ཅི་ཡོད་དྲིས་པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱིས། ཕར་ཕྱོགས་ན་དཀའ་ངལ་འཕྲད་བསྡད་ཡོད་པའི་བོད་མི་ཚོས། གྲོས་ཚོགས་ནང་ངེས་པར་དུ་ང་ཚོའི་དཀའ་ངལ་དེ་གླེང་སློང་གནང་རོགས་ཞེས་སྐུལ་མ་གནང་བ་ལྟར། ཡུ་རོབ་སྤྱི་འཐུས་དང་ཨ་རིའི་སྤྱི་འཐུས་རྣམ་པའི་ངོས་ནས་འཆར་གཞི་བཟོས་ཡོད། ཡིན་ནའང་། གྲོས་ཚོགས་ནས་ལམ་སྟོན་ཕེབས་པ་ལྟར། གྲོས་ཚོགས་ནང་ཡོངས་གྲགས་ཀྱིས་བགྲོ་གླེང་ཞེ་དྲག་གནང་བསྡད་པ་ཡིན་ན། ཁོང་ཚོ་ལ་ཕན་པ་ལས་གནོད་སྐྱེལ་བའི་ཉེན་ཁ་ཡོད་སྟབས། གྲོས་ཚོགས་ནང་ཁུལ་བཞུགས་མོལ་ཚོགས་འདུའི་སྐབས་སུ་བགྲོ་གླེང་གནང་རྒྱུ་ཡིན་ལ། སྐབས་དེར་ང་ཚོས་གནས་ཚུལ་ཁ་གསལ་བོ་བྱས་ནས་གླེང་སློང་དང་ཐབས་ལམ་ག་རེ་འཚོལ་རྒྱུ་འདུག་བགྲོ་གླེང་གནང་འཆར་ཡོད་པ་རེད། དེ་ནས་ཡིག་ཆ་རག་མཁན་ཚོའི་ནང་དུའང་དྭང་བླངས་དཔྱ་ཁྲལ་ལག་དེབ་ཐོག་དཀའ་ངལ་མང་པོ་ཞིག་བཤད་ཀྱི་ཡོད་པ་དེ་ཚོ་ཡང་ཞུ་འཆར་ཡོད། ཅེས་བརྗོད་བྱུང་།

ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་གྱི་སྔ་དྲོར་སྤྱི་འཐུས་གྲོས་ཚོགས་ནང་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གོང་གི་གནད་དོན་དེ་གྲོས་ཚོགས་ནང་གླེང་སློང་མ་གནང་བའི་རྒྱུ་མཚན་སྐོར་ཟུར་འཕྲོས་སུ་གསུངས་དོན། ཡུ་རོབ་བོད་མི་ཚོར་སྐྱབས་བཅོལ་མ་རག་པའི་གནད་དོན་དེ་སྦེལ་ཇམ་གཅིག་པུ་མིན་པར་ཊོར་ཀེ་དང་། ཨ་ཧྥེ་རུ་ཁའི་ནང་དུའང་བོད་མིའི་ཡིག་ཆ་ནག་པོ་ཆགས་པ་དང་འབྲེལ་བའི་ཐོག གྲོས་ཚོགས་དབུ་འབྱེད་གཏམ་བཤད་ནང་ཞུས་པ་དེ་གང་ཡིན་ཟེར་ན། འབྲེལ་ཡོད་སྤྱི་འཐུས་ལ་གྲོས་བསྡུར་བརྒྱུད་དྲི་བ་དེ་སྐར་རྟགས་མེད་པ་བཟོས་པ་རེད། དབུ་འབྱེད་གཏམ་བཤད་ཐོག་གི་ཚོགས་གཙོའི་སྐད་ཆ་དེར་ཕར་ཕྱོགས་ཡུ་རོབ་ནང་། ང་ཚོའི་སྐོར་གྲོས་ཚོགས་ནང་བགྲོ་གླེང་བྱེད་རྒྱུ་ཚོགས་གཙོས་བཀག་པ་རེད་ཟེར་མཁན་ཡོད་ས་རེད། དེར་བརྟེན། ཡིག་ཆ་ནག་པོ་ཆགས་མཁན་ཚོས་ཚོགས་དྲུང་ལ་འབྲེལ་བ་གནང་ཤོག ཁྱེད་རང་ཚོས་ཡིག་ཐོག་ནས་ང་ཚོའི་སྐོར་གྲོས་ཚོགས་ནང་བགྲོ་གླེང་བྱེད་དགོས་ཀྱི་འདུག་ཅེས་ལབ་པ་ཡིན་ན་ང་ཚོས་བསྐྱར་དུ་བསམ་ཞིབ་བྱ་རྒྱུ་ཡིན་ལ། གལ་སྲིད་བགྲོ་གླེང་བྱས་ཏེ་མི་མང་ལ་གནོད་པ་ཡིན་ན་འགན་ཁོ་རང་ཚོས་འཁུར་དགོས་པ་རེད། ང་ཚོས་དེར་བསམ་ཞིབ་མང་པོ་བྱས་ནས་བཀའ་སྤྱི་ལྷན་རྒྱས་ཚོགས། སྤྱི་འཐུས་རྒྱུན་ལས་ནང་གོ་བསྡུར་མང་པོ་བྱས་ཏེ་གྲོས་ཚོགས་ནང་བགྲོ་གླེང་མ་བྱས་ན་ཡག་པོ་འདུག གྲོས་ཚོགས་ནང་སླེབ་ཚར་ན་ཚང་མས་མཁྱེན་གསལ་རེད། སྤྱི་འཐུས་ཀྱིས་དྲི་བ་ཞིག་སླེབས་ན། བཀའ་ཤག་གིས་ལན་དྲང་མོ་དང་ཁ་གསལ་བོར་འདེབས་དགོས་ཆགས་ཀྱི་རེད། ལན་དེ་ལྟར་བརྒྱབ་པ་ཡིན་ན་མི་མང་ཚོར་ཡིག་ཆ་རག་པར་ཕན་གནོད་གྱི་རེད་དམ་གནོད་གྱི་རེད། དེར་བརྟེན། བཀའ་བློན་རྣམ་པ་དང་སྤྱི་འཐུས་རྣམ་པ་ཚོས་ག་རེ་གསུངས་ཀྱང་གཞན་ཀྱིས་ལག་ཆ་བྱས་ཏེ་དཔང་རྟགས་ཏུ་མ་འགྲོ་བ་ཞིག་ལ་བསམ་བློ་གཏོང་དགོས་ཞེས་ཞུས་པ་ཡིན། ཞེས་དང་།

ཚོགས་གཙོས་མུ་མཐུད་དུ། ཕར་ཕྱོགས་ཀྱི་མི་མང་གི་བདེ་སྡུག་ལ་བསམ་ཤེས་མེད་པ་མ་རེད། དངོས་ཡོད་གནས་སྟངས་ཀྱི་ཐོག་ནས་སྦེལ་ཇམ་ནང་དཀའ་ངལ་འཕྲད་བསྡད་ཡོད་པ་ཤེས་ཀྱི་ཡོད། ང་ཚོས་གཞན་དབང་སྟབས་བསྟུན་བྱེད་དགོས་ཀྱི་ཡོད་ཀྱང་ཞུ་ས་ཞིག་དགོས་པ་རེད། སྦེལ་ཇམ་ནང་ཁྲིམས་ཀྱི་འགྱུར་བ་ཆེན་པོ་ཐེབས་ཏེ་ས་ཁུལ་གཞན་དང་མ་འདྲ་བའི་དཀའ་ངལ་ཞིག་འཕྲད་ཀྱི་ཡོད་པ་རེད། ཡིན་ནའང་། ད་ལྟ་ཞུ་གཏུག་བྱེད་དུ་སོང་བ་ཡིན་ནའང་སྦེལ་ཇམ་ལ་གཞུང་ཡོད་པ་མ་རེད། གཞུང་འཛིན་མ་ཐུབ་པར་ལྷག་བསྡད་ཡོད་སྟབས་ཞུ་གཏུག་སུ་ལ་བྱེད་དུ་འགྲོ་དགོས་པ་རེད། དེ་འདྲའི་གནས་སྟངས་མང་པོ་ཞིག་ཡོད་སྟབས་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་གནང་དགོས་པ་དེ་ཚོ་པང་བསྒྲིགས་ནས་བཞག་ཡོད་ལ། སྤྱི་འཐུས་ཀྱི་ངོས་ནས་ཀྱང་དོ་སྣང་བྱེད་བཞིན་ཡོད་སྟབས། རྗེས་སུ་ཕར་ཡོང་བའི་སྐབས་སུའང་ཏན་ཏན་དེའི་སྐོར་ལ་གོ་བསྡུར་ཡོང་གི་རེད། གནས་སྟངས་དེ་འདྲ་ཞིག་གི་འོག་ནས་གྲོས་ཚོགས་ནང་གླེང་སློང་མ་བྱས་པ་རེད། ཅེས་གསུངས་སོང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

ཆུ་ཚོད་ ༡༥ སྔོན་ལ།
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

༢༠༢༦/༠༥/༡༢
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡

མཆན། 8

  1. གསེར་ས་ལེ་སྦྲམ། says:
    ལོ་ 11 སྔོན།

    བཀའ་སྤྱི་གཉིས་ཀྱིས་ངེས་པར་དུ་དཀའ་ངལ་འདི་སེལ་ཐུབ་པ་གནང་དགོས། བོད་མི་ཚང་མས་རེ་བ་རྒྱག་ས་ཞིག་ཡོད་པ་ནི་བཀའ་སྤྱི་གཉིས་མ་གཏོགས་གཞན་སུ་ཡང་མེད་ལ། འདི་འདྲའི་གནས་ཚུལ་ཛ་དྲག་གི་སྐབས་སུ་བཀའ་སྤྱི་གཉིས་ཀྱིས་ནུས་ཤུགས་ཡོད་རྒུ་འདོན་དགོས་པ་ལས་དེ་ཁོ་ཚོའི་ཁྲིམས་རེད། ཅིག་ཅིག་རེད། ཉུག་ཉུག་རེད། ང་ཚོ་ལ་ཐབས་བྱུས་ཡོད་པ་མ་རེད་ཅེས་ལབ་བསྡད་ན་གཞིས་བྱེས་བོད་མི་ཡོངས་རྫོགས་སེམས་ཕམ་དགོས་པའི་གནས་སྟངས་ཤིག་ལས་མ་འདས། ད་ལྟའི་ཆར་ཡོ་རོབ་ཙམ་རེད། མ་འོངས་པར་ནུབ་ཕྱོགས་རྒྱལ་ཁབ་ཚང་མའི་ནང་དཀའ་ངལ་འདི་འབྱུང་མི་སྲིད་པ་མིན་ལ། ལྷག་པར་དུ་རྒྱ་གར་ནང་དུའང་འབྱུང་མི་སྲིད་པ་མིན་པས་ང་ཚོས་སྔ་ས་ནས་གྲ་སྒྲིག་སྡུག་ས་དང་རེ་བ་ཡག་ས་ནས་བརྒྱགས་དགོས་པར་འདོད།

    Reply
  2. རྟ་མགྲིན། says:
    ལོ་ 11 སྔོན།

    རེ་བ་ཆེ་པོ་ཞིག་རྒྱག་འགྲོ་སོང་ཡང་ཆེ་པོ་ཞིག་བཏང་ད་ཆར་གནས་སྟངས་སྡུག་པོ་དེ་འདྲ་ཆགས་པ་སྙིང་རྗེ། ད་་དངུལ་ཕེན་ཆེ་པོ་དེ་འདྲ་ལེན་ནས་ཕར་སྐྱེལ་མཁན་དང་ཐོན་མཁན་སྤྱི་སྒེར་ཚོགས་པ་སུ་ཡིན་རུང་དེ་དག་ཞིབ་འཇུག་གནང་ནས་ཁོང་ཚོས་ངེས་པར་དུ་འགན་ཞིག་ཁྱེར་དགོས་པར་འདོད།

    Reply
  3. རྟ་མགྲིན། says:
    ལོ་ 11 སྔོན།

    རེ་བ་ཆེ་པོ་ཞིག་རྒྱག་འགྲོ་སོང་ཡང་ཆེ་པོ་ཞིག་བཏང་ད་ཆར་གནས་སྟངས་སྡུག་པོ་དེ་འདྲ་ཆགས་པ་སྙིང་རྗེ། ད་་དངུལ་ཕེན་ཆེ་པོ་དེ་འདྲ་ལེན་ནས་ཕར་སྐྱེལ་མཁན་དང་ཐོན་མཁན་སྤྱི་སྒེར་ཚོགས་པ་སུ་ཡིན་རུང་དེ་དག་ཞིབ་འཇུག་གནང་ནས་ཁོང་ཚོས་ངེས་པར་དུ་འགན་ཞིག་ཁྱེར་དགོས་པར་འདོད།

    Reply
  4. བློ་རྒྱམ། says:
    ལོ་ 11 སྔོན།

    ཡུ་རོབ་ནང་བོད་མི་ཁག་ཅིག་ལ་ཡིག་ཆ་ནག་པོ་ཆགས་ཏེ་མི་ཚེའི་འཕྲོ་བརླག་ཏུ་འགྲོ་རྒྱུའི་ཉེན་ཁ་འདུག གང་ཡིན་ཟེར་ན། ཡིག་ཆ་ནག་པོ་ཆགས་ཚར་ན་ནང་མི་ཕར་འཐེན་རྒྱུ་ཕར་ཞོགས་སོ་སོས་ལས་ཀ་བྱེད་མི་ཆོག་པ་མ་ཟད་ཕར་ནས་ཁྲིམས་མཐུན་ཐོག་ནས་སྡོད་ཀྱང་ཆོག་གི་ཡོད་པ་མ་རེད། གལ་སྲིད་ཡིག་ཆ་ནག་པོ་ཆགས་མཁན་ཚོ་ཐོག་མ་ཕར་འགྲོ་སྐབས་གཞན་ལ་དངུལ་མང་པོ་བུན་གཡར་བྱས་ཡོད་རིགས་ཡིན་ན་དཀའ་ལས་ཁག་པོ་ཆགས་ཚར་བ་རེད།
    ང་རང་གི་ཤེས་ཚོད་ལ་ཧྥ་རན་ས་དང་སུད་སིའི་ནང་གི་བོད་མི་མང་པོ་ཞིག་ལ་ཡིག་ཆ་ནག་པོ་ཆགས་ཏེ་སེམས་པ་ཐང་པོ་མེད་པ་དང་། ར་བཟི་བ་སོགས་ཀྱི་རྙོག་དྲ་མང་པོ་ལྷག་གི་འདུག ང་རང་གི་བསམ་པར་དེ་ལས་ཀྱང་ཚབ་ཆེ་བ་གཅིག་གང་རེད་ཟེར་ན། ཡིག་ཆ་ནག་པོ་ཆགས་མཁན་ཚོ་མང་པོ་པར་ག་འདྲ་ཆགས་ཡོང་ན་བསམ་པ་དེ་རེད། ཁོ་རང་ཚོ་ཡིག་ཆ་ནག་པོ་ཆགས་པའི་དབང་གིས་ལས་ཀ་ཡག་བཙོག་ཅི་རིགས་བྱེད་སྲིད་པ་རེད། དེ་བརྒྱུད་ནས་གནས་བོད་པར་མིང་ཆལ་བཟོ་བ་དང་བོད་པའི་སྤྱི་ཚོགས་དང་བོད་མི་སྐྱབས་བཅོལ་བ་ཚོ་ལ་ལྟ་སྟངས་ཡག་པོ་མེད་པའི་གནས་ཚུལ་ཚུལ་ཀྱང་མང་པོ་ཞིག་ལྷག་ཡོང་གི་རེད།

    Reply
  5. མི་རྒོད། says:
    ལོ་ 11 སྔོན།

    ࿉༄་། བོད་པ་ཚོ་འདི་ལ་ཧ་ཅང་གཟབ་དགོས་ང་ཚོ་ལྟོ་ལ་དགའ་དྲགས་ནས་བོད་ཤོར་བ་དང་། ད་ང་ཚོ་ལྟོ་ལ་དགའ་དྲགས་ནས་ཡེ་ཤུ་པ་ཆགས་ཉེན་འདུག་ལ་ད་ལྟ་ཆགས་པ་ཡང་འགའ་རེ་འདུག་བོད་དོན་ཆེད་ཚེ་སྲོག་འབུལ་རྒྱུ་མ་བྱུང་ཡང་ཅོལ་ཆུང་བསམ་བློ་གཏང་ན་ལོ་རྒྱུས་ནག་ཉེས་སྡོད་སྲིད་པ་རེད་ད་་་་་།།།།།།

    < ཕར་ཕྱོགས་ཀྱི་སྤྱི་ཚོགས་ནང་འཛུལ་ཞུགས་བྱེད་ཐུབ་རྒྱུ་དེ་གལ་ཆེན་པོ་རེད་བསམ་གྱི་འདུག བོད་མི་མང་ཆེ་བ་ཞིག་བོད་པ་རང་གི་ནང་འཁོར་བསྡད་དེ་ལུང་པ་དེའི་སྐད་མ་ཤེས་དང་ལུང་པའི་མི་དང་འབྲེལ་བ་མི་འདུག ཁྲིམས་ཁང་དུ་ཕྱིན་ཡང་ཁྱེད་རང་གི་ཡིག་ཆ་ནག་པོ་རེད། ཡིན་ནའང་འདས་པའི་ནང་ཁྱེད་རང་ཡེ་ཤུ་ཚོགས་པ་དེ་འདྲའི་ནང་རོགས་པ་འདི་འདྲ་བྱས་འདུག དེར་བརྟེན། དེ་ཚོ་ཡ་རབས་བཟང་སྤྱོད་ཡིན་སྐོར་དང་། ཁྱེད་རང་གིས་ང་ཚོའི་ལུང་པའི་སྐད་ཡག་པོ་ཤེས་ཀྱི་མི་འདུག་ཀྱང་དོ་སྣང་བྱས་འདུག གང་ལྟར་ཁྱེད་རང་ལ་ལུང་པ་འདིའི་ནང་འཚོ་གནས་བྱེད་པའི་འདོད་པ་ཤུགས་ཆེན་ཡོད་པ་ཞིག་ཏུ་མཐོང་གི་འདུག་སྟབས། ང་ཚོས་ཁྱེད་རང་ལ་བསམ་བློ་གཏོང་གི་ཡིན་ཟེར་ནས་དམིགས་བསལ་གཏོང་བ་དེ་འདྲའང་མང་པོ་ཞིག་ཡོང་གི་འདུག ཅེས་བརྗོད་བྱུང་། >

    Reply
  6. དུག་མདའ། says:
    ལོ་ 11 སྔོན།

    ,,

    Reply
  7. ཁྱམས་འཇུགས་ says:
    ལོ་ 11 སྔོན།

    རྒྱ་གར་ནང་ཁང་པ་དང།ས་ཞིང་སོགས་འགྲིག་ཐག་ཆོད་ཡོད་བཞིན་དུ་ཕར་ཕྱིན་བྱས་ཚུར་ལ་ཁོ་ཚོ་དཀའ་ངལ་བཟོ་མཁན་ནང་སྲིད་དང་སྤྱི་འཐུས་ཡིན་ཚུལ་བཤད་ཀྱི་འདུག་ཟེར་མི་སྙིགས་དེ་ཚོ་ལ་ལྟ་སྐྱོང་བྱས་ཀྱང་ཕན་ཐོན་མེད་མི་སྙིགས་དེ་ཚོ་རྒྱལ་ཁབ་སུ་འི་གད་སྙིགས་ནང་གཡུག་ན་གཡུག་བཅུག་ཕན་ཐོག་མེད།
    ོ

    Reply
  8. ཁྱམས་འཇུགས་ says:
    ལོ་ 11 སྔོན།

    རྒྱ་གར་ནང་ཁང་པ་དང།ས་ཞིང་སོགས་འགྲིག་ཐག་ཆོད་ཡོད་བཞིན་དུ་ཕར་ཕྱིན་བྱས་ཚུར་ལ་ཁོ་ཚོ་དཀའ་ངལ་བཟོ་མཁན་ནང་སྲིད་དང་སྤྱི་འཐུས་ཡིན་ཚུལ་བཤད་ཀྱི་འདུག་ཟེར་མི་སྙིགས་དེ་ཚོ་ལ་ལྟ་སྐྱོང་བྱས་ཀྱང་ཕན་ཐོན་མེད་མི་སྙིགས་དེ་ཚོ་རྒྱལ་ཁབ་སུ་འི་གད་སྙིགས་ནང་གཡུག་ན་གཡུག་བཅུག་ཕན་ཐོག་མེད།
    ོ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese