དེ་རིང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་རྒྱ་ནག་པེ་ཅིན་དུ་ཚོགས་བཞིན་པའི་ཨེ་ཤ་ཡའི་དཔལ་འབྱོར་གླེང་སྟེགས་སྟེང་ཞུགས་ཏེ་རྒྱ་ནག་གཙོས་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་འབྲེལ་ལམ་སྐོར་ལ་གཏམ་བཤད་སྤེལ་འདུག
དེ་རིང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་རྒྱ་ནག་ཏུ་ཕེབས་ཏེ་པེ་ཅིན་དུ་ཚོགས་བཞིན་པའི་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་དཔལ་འབྱོར་མཉམ་ལས་གླེང་སྟེགས་ཞེས་པའི་ཐོག་ཞུགས་ཏེ། ཨ་རི་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་འབྲེལ་ལམ་སྐོར་ལ་གཏམ་བཤད་སྤེལ་ཡོད་པ་དང་། དགོང་དྲོར་རྒྱ་ནག་གི་སྲིད་འཛིན་དང་ཚོགས་འདུར་ཕེབས་པའི་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་རྒྱལ་ཁབ་ ༢༡ གི་མགོ་ཁྲིད་ལྷན་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་འབྲེལ་ལམ་ཇེ་བཟང་དུ་གཏོང་ཕྱོགས་སྐོར་ལ་གྲོས་མོལ་བྱེད་བཞིན་ཡོད་འདུག སང་ཉིན་སྲིད་འཛིན་ཞི་ཅིན་ཕིན་དང་ཐུག་འཕྲད་ཀྱིས་ལྷོ་དང་ཤར་རྒྱ་ནག་རྒྱ་མཚོའི་བདག་དབང་གནད་དོན་དང་། རྒྱལ་ཁབ་གཉིས་བར་གྱི་ཚོང་འབྲེལ། དེ་བཞིན་དྲ་རྒྱའི་བདེ་འཇགས་བཅས་ཀྱི་ཐོག་གྲོས་མོལ་བྱ་རྒྱུ་ཡིན་འདུག
ཨོ་བྷ་མའི་ཨེ་ཤ་ཡ་རྒྱལ་སྲུང་སློབ་སྟོན་པ་ཨི་ཝེན་ (Evan Medeiros) ལགས་ཀྱིས། “ སྲིད་འཛིན་གྱི་གཟིགས་སྐོར་འདི་བརྒྱུད་དེ་ཨ་རི་དང་རྒྱ་ནག་གི་འབྲེལ་ལམ་གོང་འཕེལ་ཐད་ནུས་པ་ཆེན་པོ་འཐོན་ཐུབ་པ་མ་ཟད། འབྲེལ་གཏུགས་འདི་བརྒྱུད་དེ་མ་འོངས་པར་རྒྱལ་ཁབ་གཉིས་ཀྱིས་མངའ་ཁུལ་དང་རྒྱལ་སྤྱིའི་ཐོག་མཉམ་ལས་ཤུགས་ཆེ་རུ་བཏང་སྟེ་དེ་སྔའི་མི་མཐུན་པའི་ཆ་རྣམས་སེལ་ཐུབ་པའི་ཡིད་ཆེས་ཡོད།”ཅེས་བརྗོད་འདུག
དེ་རིང་གི་ཚོགས་འདུའི་སྟེང་སྲིད་འཛིན་ཨོ་བྷ་མས། ཨ་རིས་ཐབས་ཇུས་ནུས་པ་འཕེལ་རྒྱས་གཏོང་ཐབས་ལ་ཤུགས་སྣོན་རྒྱག་གི་ཡོད་པ་དང་། རྒྱ་ནག་གིས་ཀྱང་རྒྱལ་སྤྱིའི་ཐོག་རྒྱ་ནག་གི་ནུས་སྟོབས་འཕེལ་རྒྱས་གཏོང་ཐབས་ལ་འབད་བརྩོན་བྱས་ཏེ་ཨེ་ཤ་ཡའི་མངའ་ཁུལ་གྱི་རྒྱལ་ཁབ་ཁག་འབྲེལ་ལམ་ཇེ་བཟང་དུ་བཏང་ཐུབ་བྱེད་ཀྱིན་ཡོད་ཅེས་སོགས་བརྗོད་འདུག
སྲིད་དོན་དབྱེ་ཞིབ་པ་ཚོས། ཟླ་འདིའི་ཚེས་ ༤ ཉིན་ཨ་རི་རྒྱལ་ཡོངས་ནང་ལོ་གཉིས་རེའི་མཚམས་ཀྱི་བར་མའི་འོས་བསྡུ་བྱས་པ་བརྒྱུད་གྲོས་ཚོགས་གོང་མར་འཐུས་མི་ ༡༠༠ ཡོད་པ་ལས་སྤྱི་མཐུན་ཚོགས་པར་འཐུས་མི་ ༤༥ ཡོད་པའི་ཁར་བསྐྱར་དུ་ཞབས་སྟེགས་ ༧ མང་བ་ཐོབ་སྟེ། སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཆེན་པོ་ཐོབ་ཡོད་སྟབས། ཨོ་བྷ་མས་མ་འོངས་པའི་སྲིད་འཛིན་གྱི་ལས་ཡུན་ལོ་གཉིས་རིང་ཨེ་ཤ་ཡའི་མངའ་ཁུལ་གྱི་རྒྱལ་ཁབ་ཁག་དང་འབྲེལ་ལམ་ཡག་ཏུ་གཏོང་ཆེད། རྒྱ་ནག་གཙོས་རྒྱལ་ཁབ་ཁག་གསུམ་ནང་གཟིགས་སྐོར་མགོ་འཛུགས་བྱས་པ་ཞིག་ཡིན་སྐོར་བརྗོད་འདུག
ཟླ་འདིའི་ཚེས་ ༨ ཉིན་ཞི་ཅིན་ཕིན་གྱིས་པེ་ཅིན་ནང་ཚོགས་པའི་ཨེ་ཤ་ཡའི་ཞི་བདེ་རྒྱ་མཚོ་མངའ་ཁུལ་གྱི་ཁེ་ལས་འགན་འཛིན་གྱི་ཚོགས་འདུའི་དབུ་འབྱེད་གཏམ་བཤད་སྤེལ་སྐབས། “ཁུལ་གཅིག་ལམ་གཅིག” དེ་ཨེ་ཤ་ཡ་འཕེལ་རྒྱས་ཡོང་བའི་གཤོག་ཟུང་གི་ཁྲག་རྩ་རེད་ཅེས་ནན་བཤད་དང་འབྲེལ་ཏེ། གྲོས་མགོ་ལྔ་བཏོན་ཡོད་པ་ནི། གཅིག ཨེ་ཤེ་ཡའི་རྒྱལ་ཁབ་ཁག་ཕྱོགས་གཙོ་བོར་བརྩིས་ཏེ་སྔོན་ལ་ཨེ་ཤ་ཡ་ཕན་ཚུན་མཐུད་འབྲེལ་ཡོང་བ་བྱེད་དགོས། ཨེ་ཤ་ཡ་ནས་བྱུང་བ་དང་། ཨེ་ཤ་ཡར་བརྟེན་པ་ཞིག་ཡིན་པས་ཨེ་ཤ་ཡར་ཕན་ཐོགས་བསྐྲུན་དགོས། རྒྱ་ནག་གིས་ཕན་ཚུན་མཐུད་འབྲེལ་བྱས་པ་བརྒྱུད་ཨེ་ཤ་ཡའི་ཁྱིམ་མཚེས་རྒྱལ་ཁབ་ལ་སྤྱི་པའི་ཐོན་རྫས་དེ་བས་མང་བ་མཁོ་འདོན་བྱེད་འདོད་ཡོད་སྟབས། ཚང་མ་རྒྱ་ནག་གི་འཕེལ་རྒྱས་ཀྱི་མེ་འཁོར་ནང་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། གཉིས། དཔལ་འབྱོར་བར་འཁྱམས་རྒྱབ་རྟེན་དུ་བྱས་ཏེ་ཨེ་ཤ་ཡ་ཕན་ཚུན་མཐུད་འབྲེལ་གྱི་གཞི་རྩའི་སྒྲོམ་གཞི་འཛུགས་དགོས། དེ་ནི་རྒྱལ་ཁབ་ཁག་གི་དགོས་མཁོར་ལྟ་རྟོག་དང་སྐམ་མཚོའི་ཁ་ཕྱོགས་ཆེན་པོ་གཉིས་སྤྱི་འདོམས་བྱས་ཚེ་ཁྱབ་རྒྱ་ཆེ་བ་དང་བསྟུན་མཁས་ཆེ་བ། ཁྱབ་འགྱེད་ཀྱི་ནུས་པ་ཆེན་པོ་ལྡན་ཡོད། གསུམ། འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་ཚད་བརྒལ་བྱེད་སར་བྱས་ཏེ། ཨེ་ཤ་ཡ་ཕན་ཚུན་མཐུད་འབྲེལ་ལ་གྲུབ་འབྲས་སྔ་ཙམ་ཐོབ་པ་བྱེད་པ་དང་རྒྱ་ནག་དང་ཁྱིམ་མཚེས་རྒྱལ་ཁབ་ཀྱི་ལྕགས་ལམ་དང་གཞུང་ལམ་རྣམ་གྲངས་སྔོན་ལ་བཀོད་སྒྲིག་བྱེད་དགོས། བཞི། མ་དངུལ་མཉམ་འདྲེས་ཀྱི་སྟེགས་བུ་འཛུགས་རྒྱུ་དམ་འཛིན་བྱེད་སར་བརྩིས་ཏེ་ཨེ་ཤ་ཡ་ཕན་ཚུན་མཐུད་འབྲེལ་གྱི་དཀའ་གནད་སེལ་དགོས། རྒྱ་ནག་གིས་ཨ་སྒོར་དུང་ཕྱུར་ ༤༠༠ བཏང་ནས་དར་གོས་ལམ་བུའི་ཐེབས་རྩ་འཛུགས་རྒྱུ་ཁྱབ་བསྒྲགས་བྱ་རྒྱུ་ཡིན། ལྔ། སྤྱི་ཚོགས་ཀྱི་རིག་གནས་སྤེལ་རེས་བྱས་ནས་ཨེ་ཤ་ཡའི་ཕན་ཚུན་མཐུད་འབྲེལ་གྱི་སྤྱི་ཚོགས་གཞི་རྩ་བརྟན་དུ་གཏོང་དགོས། འབྱུང་འགྱུར་ལོ་ལྔའི་རིང་རྒྱ་ནག་གིས་མཐའ་འཁོར་རྒྱལ་ཁབ་ལ་ཕན་ཚུན་མཐུད་འབྲེལ་བྱེད་མཁན་མི་ཁྲི་གཉིས་གསོ་སྐྱོང་བྱ་རྒྱུ་བཅས་ཡིན། ཞེས་སོགས་སོགས་བརྗོད་ཡོད་འདུག