ཉེ་ལམ་ཨ་རིར་ཡོད་པའི་རྒྱ་ནག་གི་ཕྱི་སྐྱོད་སློབ་མའི་ཐོངས་མཆན་དུས་ཡུན་འཕར་འགྱངས་བྱས་པའི་ཐད་རྒྱ་ནག་ནང་གླེང་སློང་སྣ་ཚོགས་ཤིག་འབྱུང་བཞིན་ཡོད་འདུག
ཉེ་ལམ་པེ་ཅིན་དུ་ཨེ་ཤ་ཡའི་དཔལ་འབྱོར་གླེང་སྟེགས་ཚོགས་འདུ་བསྡུས་པ་དང་བསྟུན་ཏེ། ཨ་རིའི་སྲིད་འཛིན་ཨོ་བྷ་མ་རྒྱ་ནག་ཏུ་བསྐྱོད་དེ། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་མཉམ་དུ། རྒྱ་ནག་ནས་ཨ་རིར་ཕྱི་སྐྱོད་བྱེད་པའི་སློབ་མའི་ཐོངས་མཆན་དུས་ཡུན་ལོ་ ༡ ནས་ལོ་ ༥ དང་། ཡུལ་སྐོར་སྤྲོ་འཆམ་པ་དང་ཚོང་པའི་ཐོངས་མཆན་ལོ་ ༡ ནས་ལོ་ ༡༠ ལ་བསྲིང་ཡོད་འདུག་ལ། ཨ་རྒྱའི་བར་གྱི་ཕྱི་སྐྱོད་སྲིད་བྱུས་གསར་པ་དེ་ཕྱི་ཟླ་ ༡༡ ཚེས་ ༡༢ ཉིན་ནས་ལག་བསྟར་བྱ་རྒྱུ་བྱས་ཡོད་འདུག
གནས་ཚུལ་ནང་བཀོད་དོན། ༢༠༡༣ ལོར་ཕྱི་རྒྱལ་ཁག་ཏུ་སློབ་སྦྱོང་བྱེད་བཞིན་པའི་རྒྱ་ནག་གི་སློབ་ཕྲུག་ ༤༡༣༩༠༠ ལྷག་ཡོད་པའི་ནང་ཨ་རིར་སློབ་མ་ ༢༣༥༥༩༧ ཙམ་ཡོད་པ་དང་། དེས་རྒྱ་ནག་གི་ཕྱི་སྐྱོད་ལོ་མ་ཡོངས་ཀྱི་རྒྱ་ཆ་ ༥༧ ཙམ་ཟིན་ཡོད་འདུག དེའི་ཁྲོད་མཐོ་འབྲིང་སློབ་མ་ཁྲི་ ༣ ཙམ་ཡོད་འདུག
རྒྱ་ནག་གི་ཕྱི་སྐྱོད་སློབ་མའི་སྐོར་ལ། རྒྱ་ནག་གི་ཆབ་སྲིད་པ་དང་ཉམས་ཞིབ་པ་ཚོའི་ཁྲོད་གླེང་ཕྱོགས་གསར་པ་ཞིག་ཡོང་གི་ཡོད་པ་ནི། རྒྱ་ནག་གི་སློབ་མ་ཕོན་ཆེན་པོས་ཕྱི་རྒྱལ་དུ་སློབ་སྦྱོང་བྱས་ཏེ་ཕྱིར་ལོག་ཚེ་རྒྱ་ནག་གི་ཤེས་ཡོན་ལམ་ལུགས་གཞན་དབང་འོག་བཅོས་བསྒྱུར་ཐེབས་སྲིད་པ་དང་། རྒྱ་ནག་གི་སློབ་གྲྭ་མང་པོ་ཞིག་ཏུ་སློབ་འཇུག་བྱེད་མཁན་མེད་པའི་དཀའ་ངལ་འཕྲད་བཞིན་ཡོད་པའི་ཁར་ད་དུང་རྒྱ་ནག་ནང་གི་སློབ་གྲྭའི་སྤུས་ཚད་ཀྱང་སྔར་ལས་ཇེ་ཞན་དུ་འགྲོ་རྒྱུ་ཡིན་པ། དེ་བཞིན། ཕྱི་སྐྱོད་སློབ་མ་གཅིག་གི་ད་ལྟའི་ལོ་རེའི་འགྲོ་སོང་རྒྱ་སྒོར་ཁྲི་ ༢༥ ཙམ་ཡིན་སྟབས། ཕྱི་སྐྱོད་སློབ་མ་ཡོངས་ཀྱི་ལོ་གཅིག་གི་འགྲོ་གྲོན་རྒྱ་སྒོར་དུང་ཕྱུར་ ༨༠༠ ལྷག་ཆགས་ཀྱི་ཡོད་སྟབས། རྒྱ་ནག་གི་མ་དངུལ་ཕོན་ཆེན་པོ་ཕྱི་རྒྱལ་དུ་ཤོར་གྱིན་ཡོད་པ་སོགས་ལ་སེམས་འཁྲལ་གསར་པ་ཞིག་འབྱུང་བཞིན་ཡོད་འདུག