མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམངས་ཁྲོད་དུ་དཔེ་དེབ་ཀློག་པར་སྤྲོ་སྣང་སློང་རྒྱུ་གལ་ཆེན་པོ་རེད།

བོད་ཀྱི་དུས་བབ།
༢༠༡༤/༡༡/༢༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་བོད་ཀྱི་དཔེ་མཛོད་ཁང་དུ་གདང་ལ་རི་བོ་ཞེས་པའི་འབོལ་རྩོམ་དུས་དེབ་དབུ་འབྱེད་ཐོག ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས་ཀྱིས་བོད་མིའི་སྤྱི་ཚོགས་ཁྲོད་དེབ་ཀློག་གི་གོམས་གཤིས་དཀོན་པོ་ཡིན་པས་དེབ་ཀློག་གི་སྤྲོ་སྣང་སློང་ཐབས་དགོས་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩ ཐོག་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་དུ། སྐབས་དང་པོའི་གདང་ལ་རི་བོ་འགྲན་རྩོམ་གཟེངས་བསྟོད་ཀྱི་མཛད་སྒོ་ཚོགས་སོང་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས་དང་སྐུ་སྒེར་དྲུང་ཆེ་བློ་བཟང་སྦྱིན་པ་ལགས། སྤྱི་འཐུས་རྒྱུན་ལས་གངས་ལྷ་མོ་ལགས། རྩོམ་པ་པོ་རྒན་ལྷ་བཟང་ཚེ་རིང་ལགས། སཱ་ར་མཐོ་སློབ་ཀྱི་སློབ་དཔོན་ཆེན་མོ་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་ལགས། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་རྩོམ་སྒྲིག་པ་འཇུ་བསྟན་སྐྱོང་ལགས། དེ་བཞིན་སཱ་ར་མཐོ་སློབ་དང་ནོར་གླིང་མཐོ་སློབ་གཉིས་ཀྱི་དགེ་སློབ་ཁག་ཅིག་དང་། དྷ་ས་ཁུལ་གྱི་གཞོན་སྐྱེས་རྩོམ་པ་པོ་སོགས་མི་གྲངས་ ༡༠༠ མ་ཟིན་ཙམ་འདུ་འཛོམས་གནང་འདུག་པ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ལགས་ཀྱིས་གདང་ལ་རི་བོ་ཞེས་པའི་འབོལ་རྩོམ་དུས་དེབ་དབུ་འབྱེད་གནང་བ་དང་སྦྲགས། ཐེངས་འདིའི་རྩོམ་ཡིག་འགྲན་བསྡུར་ཁྲོད་ཨང་དང་པོ་ཐོབ་མཁན་སེར་བྱེས་གྲྭ་ཚང་གི་རོ་ལངས་ལགས་ལ་ཧིན་སྒོར་ ༡༠༠༠༠ དང་། ཨང་གཉིས་པ་སེར་ཤུལ་རིན་ཆེན་དོན་འགྲུབ་ལགས་དང་སཱ་ར་སློབ་མ་མཐོ་སློབ་ཀྱི་བློ་བཟང་ཆོས་འབྱོར་ལགས་གཉིས་ལ་མི་རེར་ཧིན་སྒོར་ ༧༠༠༠ ། ཨང་གསུམ་པ་སཱ་ར་མཐོ་སློབ་ཀྱི་སློབ་མ་སྙིང་མིག་ལགས་དང་འབྲི་རུ་སྐལ་བཟང་ལགས་གཉིས་ལ་མི་རེར་ཧིན་སྒོར་ ༥༠༠༠ གནང་བ་དང་། དེ་ནས་གདང་ལ་རི་བོ་དུས་དེབ་ནང་བཀོད་པའི་རྩོམ་ཡིག་ཁག་གི་རྩོམ་པ་པོ་རྣམས་ལ་རྩོམ་ཡོན་དུ་ཧིན་སྒོར་ ༡༠༠༠ རེ་བཅས་གནང་དང་འབྲེལ། རྩོམ་པ་པོ་དེ་དག་གིས་སྐར་མ་ ༣ རེའི་ནང་བོད་ཀྱི་རྩོམ་རིག་དང་འབྲེལ་བའི་མྱོང་ཚོར་སྐོར་གཏམ་བཤད་བྱས་སོང་།

མཛད་སྒོའི་ཐོག་རྩོམ་སྒྲིག་པ་འབྲོང་ངུར་བསྟན་འཛིན་ལམ་བཟང་ལགས་ཀྱིས་གདང་ལ་རི་བོ་དཔེ་ཚོགས་ཀྱི་མིང་དང་དགོས་དམིགས་སོགས་ངོ་སྤྲོད་གནང་སྐབས། གདང་ལ་རི་བོ་ཟེར་ན་བོད་ཀྱི་རི་རྒྱུད་ཆེན་པོ་བདུན་གྱི་ཡ་གྱལ་ཞིག་ཡིན་ལ། ང་ཚོས་ཚོགས་པའི་མིང་འདི་ལྟར་བདམས་དགོས་དོན་ནི། བོད་ཀྱི་སྲིད་པའི་གངས་རི་ནི་བོད་མིའི་མེས་པོའི་བླ་གནས་ཡིན་པས། ང་ཚོ་འདི་ལྟར་མི་ཡུལ་དུ་གྱར་ཡོད་ནའང་ཕ་ཡུལ་གྱི་རི་ཆུ་རླུང་གསུམ་བརྗེད་མེད་ལ། བླ་རི་འདིས་མེས་པོ་ཚོའི་བློ་གྲོས་དང་སྙིང་སྟོབས་མཚོན་ཅིང་། ལོ་རྒྱུས་རིང་ཞིང་གཏིང་ཟབ་པའི་རང་རིགས་ཀྱི་སྐད་ཡིག་དང་རིག་གཞུང་སོགས་དྲན་གསོ་སྟེར་བས་ང་ཚོའི་དཔེ་ཚོགས་ཀྱི་མིང་ལ་གདང་ལ་རི་བོ་ཞེས་བཏགས་པ་ཡིན། ཞེས་དང་།

ཡང་ཁོང་གིས། བོད་ཀྱི་ཕྱི་ལོགས་སུ་ཡོད་པའི་བོད་མིའི་ཁྲོད་བོད་ནང་དང་མི་འདྲ་བར་སྐད་ཡིག་ལ་དཀའ་ངལ་ཆེན་པོ་ཞིག་ཡོད་པར་མཐོང་གི་ཡོད། རྒྱ་བལ་འབྲུག་གསུམ་ནང་ལ་མཚོན་ན་བོད་པའི་སྤྱི་ཚོགས་ནང་དུ་དགོན་སྡེ་དང་དམིགས་བསལ་མཐོ་སློབ་ཁ་ཤས་ཕུད་པའི་སློབ་གྲྭ་བྱིངས་ལ་རང་རེའི་སྐད་ཡིག་ལ་འཛིན་པའི་ལྟ་ཚུལ་དང་། སྐད་ཡིག་གི་གནས་ཚད་ཀྱང་ཉེན་ཁ་ཧ་ཅང་ཆེ་བ་ཞིག་ཡིན་པར་མཐོང་ཕྱོགས་ཡོང་གི་འདུག དེར་བརྟེན་ང་ཚོའི་དམིགས་ཡུལ་ཡང་ཉེན་ཁ་འདི་ལས་སྐྱོབ་ཅིང་སྐད་ཡིག་དར་འཕེལ་ཡོང་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། རིམ་པ་གཉིས་ཀྱི་ཐོག་ནས་སྤྱི་ཚོགས་འདི་ལ་སྐད་ཡིག་གི་དཀའ་ངལ་མེད་པར་བཟོ་འདོད་པ་དེ་ཡིན། གཅིག་ནས་ཚད་མཐོ་རང་བཞིན་ཅན་གྱི་སྐད་ཡིག་སྟེ། སྒྱུ་རྩལ་རྩོམ་ཡིག་དང་དུས་མཐུན་རྩོམ་པ་པོ་ཚད་ལྡན་གསོ་སྐྱོང་བྱ་ཕྱིར་དེ་རིང་གི་དུས་དེབ་འདི་འདྲ་ཞིག་འདོན་སྤེལ་བྱས་ཏེ། བརྩམས་ཆོས་དང་རྩོམ་པ་པོར་སྤྱི་ཚོགས་ཐོག་རིན་ཐང་མངོན་ཕྱིར་གཟེངས་བསྟོད་དང་རྩོམ་ཡོན་དབུལ་རྒྱུའི་བྱེད་སྒོ་འདི་སྤེལ་བ་ཡིན། དུས་ཐུང་གི་མཛད་སྒོ་འདི་ཡང་གལ་འགང་ཧ་ཅང་ཆེ་བར་མཐོང་བས་སྤྱི་ཚོགས་ནང་བཟང་ཕྱོགས་ཀྱི་འགྱུར་བ་དང་ཤུགས་རྐྱེན་ཡག་པོ་ཞིག་ཐེབས་པའི་རེ་བ་དང་ཡིད་ཆེས་བཅངས་ཡོད། གཉིས་ནས་དམངས་ཁྲོད་ནས་ཁ་ཡོད་ལག་ཡོད་ཀྱི་སྐད་ཡིག་ལ་དོ་སྣང་ཡོང་བ་དང་། འཚོ་བའི་ཁྲོད་ཀྱི་སྐད་ཡིག་སྤྱོད་སྒོ་ཕུན་སུམ་ཚོགས་པ་ཡོང་ཐབས་དང་། རྩོམ་པ་པོ་དང་ཀློག་པ་པོའི་བར་དུ་འབྲེལ་མཐུད་གསེར་ཟམ་ལྟ་བུ་ཞིག་འཛུགས་ཐུབ་པར་རེ་བ་དང་འབད་རྩོན་བྱེད་ཀྱིན་ཡོད། ཕྱོགས་མཚུངས་མ་འོངས་པར་རིམ་པས་བུད་མེད་དང་བྱིས་པའི་རྩོམ་ཡིག་ཡག་པོ་ཡོང་བའི་ཆེད་དུ་དམིགས་བསལ་ལེ་ཚན་ཞིག་གྲ་སྒྲིག་བྱ་རྒྱུའི་འཆར་གཞི་ཡོད། ཅེས་བརྗོད་སོང་།

དེ་རྗེས་འཇུ་བསྟན་སྐྱོང་ལགས་ཀྱིས་བོད་ཕྱི་ནང་གི་རྩོམ་རིག་གཤིབ་བསྡུར་གྱིས་གཏམ་བཤད་གནང་སྐབས། བོད་ཕྱི་ནང་གཉིས་བསྡུར་བ་ཡིན་ན། རྩོམ་རིག་འབྲི་སྤེལ་གྱི་དུས་སྔ་ཕྱི་དང་རྗོད་བྱེད་ཚིག་གི་ཉམས་འགྱུར་སོགས་ཀྱི་ཐད་ཁྱད་པར་ཅུང་ཙམ་ཡོད་ཀྱང་བར་ཐག་ཧ་ཅང་ཆེན་པོ་མིན་ལ། བོད་ཕྱི་ནང་གི་རྩོམ་པ་པོ་ཚོ་ཕན་ཚུན་བསྡུར་བ་ཡིན་ན། རྩོམ་ཡིག་གི་བརྗོད་བྱ་འདེམས་སྟངས་དང་བསམ་བློ་གཏོང་ཕྱོགས་ཐད་བཙན་བྱོལ་ནང་གི་རྩོམ་པ་པོ་ཚོ་ཅུང་ཙམ་ཡག་པོ་ཡོད་པ་དང་། རྩོམ་རིག་གི་གཞུང་ལུགས་སོགས་ཀྱི་ཐོག་ནས་བོད་ནང་གི་རྩོམ་པ་པོ་ཚོ་ཡག་པོ་ཡོད་ལུགས་དང་། ད་ལྟའི་བར་བཙན་བྱོལ་ནང་མིང་ཐོགས་ཚད་ཚང་མ་བརྩིས་པ་ཡིན་ན་དུས་དེབ་ ༡༠༠ ཙམ་བྱུང་ཡོད་པ་དང་། དེ་རིང་དབུ་འབྱེད་བྱས་པའི་གདང་ལ་རི་བོ་དུས་བབ་ནི་ལོ་ན་ཆུང་ཤོས་དེ་ཡིན་པས། བདག་པོ་ཡག་པོ་རྒྱག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། སྤྱིར་བཏང་མི་རྟག་པ་ཡིན་པས་རིམ་གྱིས་ཤི་འགྲོ་རྒྱུ་ཡིན་ཡང་། ཆུང་དུས་ནས་འཚར་ལོངས་ཡག་པོ་བྱུང་དུ་འཇུག་དགོས་པ་དེ་གདང་ལ་རི་བོ་རྩོམ་སྒྲིག་པ་རྣམས་ཀྱི་ལས་འགན་ཡིན་སྐོར་སོགས་བརྗོད་སོང་།

རྩོམ་པ་པོ་ལྷ་བཟང་ཚེ་རིང་ལགས་ཀྱིས་བོད་ཀྱི་རྩོམ་རིག་གིས་འཛམ་གླིང་ལ་ཤུགས་རྐྱེན་ཅི་ཙམ་ཐེབས་ཀྱི་ཡོད་པའི་སྐོར་ལ། བོད་ནས་ཡོང་མཁན་ཚོ་སོ་སོའི་ཉམས་མྱོང་དངོས་བརྒྱུད་ནས་བོད་ནང་གི་གནས་ཚུལ་མང་པོ་ཤེས་ཀྱི་ཡོད་པས། དེ་ཚོ་རྟོག་དཔྱོད་རྩོམ་ཡིག་གི་ལམ་ནས་རྒྱལ་སྤྱིའི་ཐོག་སྤེལ་ཏེ་བོད་དོན་ལ་དོ་སྣང་ཡོང་བར་ནུས་པ་ཆེན་པོ་འདོན་ཐུབ་ཀྱི་ཡོད་ཀྱང་། རྟོག་དཔྱོད་རྩོམ་ཡིག་གི་ཐད་ནས་ད་ལྟའང་དུས་ཀྱི་དགོས་མཁོ་དང་མཐུན་པའི་ཚད་ལོན་གྱི་མེད་པ་དང་། དེ་བཞིན་ཚིགས་བཅད་སྙན་ངག་ལྟ་བུ་ཡིན་ན། མགོ་མཇུག་བར་གསུམ་གང་ནས་བཀླག་ཀྱང་བརྗོད་བྱའི་དོན་ངེས་ཅན་སྟོན་ཐུབ་པ་དང་། དབྱངས་དང་འགྲོགས་ནས་གཞས་ཚིག་བྱས་པ་ཡིན་ན། མི་ལ་སེམས་འགུལ་ཐེབས་པའི་སྒུལ་ཤུགས་ཆེན་པོ་ཡོད་སྐོར་སོགས་གསུངས་སོང་།

སྤྱི་འཐུས་རྒྱུན་ལས་གངས་ལྷ་མོ་ལགས་ཀྱིས་བོད་ཀྱི་བུད་མེད་རྩོམ་པ་པོ་དང་བརྩམས་ཆོས་ཀྱི་གནས་ཚད་སྐོར་ལ་གཏམ་བཤད་གནང་སྐབས། བོད་ཕྱི་ནང་གཉིས་སུ་བོད་རྒྱ་དབྱིན་གསུམ་གྱི་ཐོག་ནས་བུད་མེད་རྩོམ་པ་པོ་གང་འཚམ་འཚར་ལོངས་བྱུང་བཞིན་ཡོད་པ་དང་། ཁོང་ཚོའི་རྩོམ་ཡིག་གིས་བོད་པའི་སྤྱི་ཚོགས་ཐོག་ཤུགས་རྐྱེན་གང་ལ་གང་འཚམ་ཐེབས་ཡོད་ཀྱང་། བུད་མེད་རྩོམ་པ་པོ་ཚོའི་བརྩམས་ཆོས་ལ་དཔྱད་བརྗོད་སྤེལ་མཁན་ཧ་ཅང་ཉུང་ཉུང་ཡིན་སྐོར་དང་། མི་ཞིག་གི་མི་ཚེའི་ནང་རང་ལོ་ ༢༠ སོན་པའི་བར་སོ་སོའི་མི་ཚེའི་ནང་ངས་འདི་འདྲ་ཞིག་བྱེད་དགོས་བསམ་པ་ཞིག་གཏན་འབེབས་བྱེད་ཐུབ་དགོས་ཀྱི་ཡོད་ཀྱང་། བཙན་བྱོལ་སྤྱི་ཚོགས་ནང་རང་ལོ་བཞི་བཅུ་ལྔ་བཅུ་ལོན་ཚར་ཡང་ད་དུང་ངས་ག་རེ་བྱེད་དགོས་པ་རེད། ང་ག་རེ་བྱེད་མཁན་ཞིག་རེད་ཟེར་ནས་མི་ཚེའི་ཁ་ཕྱོགས་གཏན་འཁེལ་མེད་པ་དེ་སྐྱོན་ཆ་ཆེན་པོ་ཡིན་སྐོར་བརྗོད་སོང་།

མཇུག་ཏུ་ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས་ཀྱིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་སྟེ། དེང་སང་བཙན་བྱོལ་སྤྱི་ཚོགས་ནང་རྩོམ་འབྲི་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། དེ་བཞིན་དཔེ་དེབ་རིགས་འདོན་མཁན་ཡང་གང་ལ་གང་འཚམ་ཡོང་གི་ཡོད་པ་དེ་ཧ་ཅང་ཡག་པོ་ཡིན་ལ། རྩོམ་ཡིག་དང་དེབ་མང་པོ་བཏོན་པ་དང་སྦྲགས། ང་ཚོའི་སྤྱི་ཚོགས་ནང་ལྟ་ཀློག་བྱེད་མཁན་ཅི་ཙམ་ཡོད་མེད་ཐོག་ལའང་དཔྱད་པ་གཏོང་དགོས། བོད་མིའི་སྤྱི་ཚོགས་ཁྲོད་དཔེ་དེབ་ཀློག་མཁན་དཔེ་མི་སྲིད་པའི་དཀོན་པོ་ཡིན་པས་མང་ཁྲོད་དུ། དཔེ་དེབ་ཀློག་པའི་སྤྲོ་སྣང་བསྐྲུན་རྒྱུ་གལ་ཆེན་པོ་ཆགས་ཡོད་སྟབས། ཐོག་མར་རི་མོ་དང་འབྲེལ་བའི་བྱིས་སྒྲུང་དང་མཚར་གཏམ་སོགས་ཀྱི་ལམ་ནས་རིམ་གྱིས་དམངས་ཁྲོད་དུ་དཔེ་དེབ་ཀློག་པའི་གོམས་གཤིས་འཇགས་ཏུ་འཇུག་དགོས། དཔེ་དེབ་ཀློག་པའི་གོམས་གཤིས་མ་འཇགས་པ་ཡིན་ན་རྩོམ་ཡིག་འབྲི་བར་སྤྲོ་སྣང་ཞུགས་ཐབས་མེད་པས། མ་འོངས་པར་རྩོམ་པ་པོ་མང་དུ་གཏོང་བར་ཐོག་མར་དམངས་ཁྲོད་དུ་འབྲི་ཀློག་ལ་སྤྲོ་སྣང་སློང་བའི་ནུས་པ་འདོན་དགོས་སྐོར་སོགས་གསུངས་སོང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༢༢ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 3

  1. ཤོག་ཁྲ་མ་ says:
    ལོ་ 12 སྔོན།

    དམངས་ཁྲོད་ལ་བོད་པའི་དཔེ་དེབ་ཀློག་མཁན་དཀོན་དུ་དཀོན་དུ་འགྲོ་བཞིན་པ་འདི་ནི་ཧ་ཅང་གི་ཡ་ང་བའི་གནས་སུ་འགྱུར་བཞིན་འདུག ཉེ་ཆར་བོད་པའི་དགོན་སྡེ་ཞིག་ནང་ལ་དཔེ་མཛོད་ཁང་གཅིག་ནང་ལ་ཕྱིན་པ་ཡིན། དེར་ངས་དཔེ་མཛོད་དོ་དམ་པར་དྲིས་པས་ཁོང་གིས་གསུང་དོན། དེབ་ཀློག་མཁན་ཕལ་ཆེར་ཡོད་མ་རེད་གསུངས་བྱུང་། ང་དཔེ་མཛོད་ཁང་དེར་ག་དུས་ཕྱིན་ནས་དཔེ་དེབ་ཀློག་མཁན་ཐེངས་གཅིག་ཀྱང་མཐོང་མ་བྱུང་། དཔེ་མཛོད་དོ་དམ་ཁོང་དཔེ་མཛོད་དོ་དམ་པ་ནས་དཔེ་མཛོད་ཁང་སྲུང་མཁན་ལྟ་བུར་གྱུར་ཉེན་འདུག དེ་འདྲ་ཡིན་དུས་ང་ཚོས་མང་ཚོགས་ནང་ལ་དཔེ་དེབ་ཀློག་པར་སྐུལ་དེད་ཐབས་ལམ་མང་པོས་བྱེད་དགོས། དཔེར་ན་ཆུང་ཚགས་ལ་ང་ཚོས་མཛད་སྒོ་ཁག་ལ་ཚིག་ལྷུག་དང་། ཚིག་བཅད་སྙན་ངག་ཁག་དུས་ཚོད་ངེས་གཏན་གྱིས་སྒྲོག་སྦྱང་རྩོམ་པ་པོ་རང་གིས་བྱེད་དུ་འཇུག་པ་སོགས་དང་། རྩོམ་པ་པོ་ལ་ཆེ་མཐོང་ཆེན་པོ་དགོས་པ་སོགས་ཀྱིས་རྩོམ་པ་པོ་དང་། ཀློག་པ་པོར་དོ་སྣང་ཤུགས་ཆེ་རུ་གཏོང་དགོས་ཤིག་མངོན་བཞིན་འདུག

    Reply
  2. dhemik69 says:
    ལོ་ 12 སྔོན།

    བོད་ཀྱི་དཔེ་དེབ་ལ་ཀློག་པ་པོའི་སྤྲོ་སྣང་སྐྲུན་པར་ངས་རང་ངོས་ནས་འབད་བརྩོན་བྱེད་བཞིན་ཡོད་པས་མི་རིང་བར་ཀློག་པ་པོར་སྐུར་མོ་འབུལ་རྒྱུའི་རེ་བ་དང་། རྩོལ་བ་བྱོས་བཞིན་ཡོད། འདི་གང་ཡིན་ད་ལྟ་དུས་ལ་མི་འབབ་རྗེས་སུ་མཁྱེན་གྱི་རེད། འདི་བཞིན་དཔེ་དེབ་རྩོམ་པ་པོ་ཚོས་ཡང་རང་རང་གི་འབྲི་རྩལ་ངོམ་རྒྱུ་དང་། གཞན་རྩོམ་ལ་དགག་པ་རྒྱོབ་གང་ཐུབ་ལ་གཅིག་པུ་མ་ཡིན་པར་ཀློག་པ་པོ་ལ་ལེགས་སྐྱེས་དང་། སྐུར་མོ་འབུལ་གང་ཐུབ་ལ་ཡང་དོ་སྣང་དགོས་པ་ཡིན། དགོན་སྡེ་ཁག་དང་། མཐི་སློབ་ཁག་ཕུད་པས་གཞན་སློབ་ཁག་ཚོའི་དབར་ལ་དོ་སྣང་དམན་པོ་ཡོད་པ་དང་། བོད་ཡིག་གི་གནས་ཚད་ཐ་ཞན་དུ་གྱུར་ཡོད་པ་དང་། འགྱུར་གྱི་ཡོད་པའི་རྒྱུ་མཚན་ལ་མནོ་བསམ་མ་བཏང་བར། སྐྱོན་ཆ་མ་ཎི་བཞིན་བཟླས་བརྗོད་བྱས་པས་ཅི་ལ་ཕན།

    Reply
  3. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    རང་རེའི་སྤྱི་ཚོགས་འཕྲོད་དགེ་བཤེས་མང་པོ་བར་ལྡིང་ཆགས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese