མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་ངོ་ ༢༥ གོང་གི་བཀའ་སློབ་ཅིག

བོད་ཀྱི་དུས་བབ།
༢༠༡༤/༡༢/༡༢
Share on FacebookShare on TwitterShare on EmailShare on Whatsapp

                   ཕྱི་ལོ་ ༡༩༨༩ ཟླ་ ༡༢ ཚེས་ ༡༠ ཉིན་༧གོང་ས་མཆོག་ལ་ནོར་ཝེ་རྒྱལ་ས་ཨོ་སི་ལོ་རུ་འཛམ་གླིང་ནོ་བྷེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་གནང་རྗེས། ཟླ་དེའི་ཕྱི་ཚེས་ ༡༩ ཉིན་བཞུགས་སྒར་དུ་བོད་གཞུང་དམངས་ཡོངས་ཀྱིས་དགའ་སྟོན་གྱི་མཛད་སྒོ་ཞིག་ཚོགས་པའི་སྟེང་། སྐུ་མགྲོན་གཙོ་བོར་སྐབས་དེའི་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་བྷིར་བྷ་དྷར་སིང་མཆོག་དང་འཕྲོད་བསྟེན་བློན་ཆེན། ཞིང་ལས་བློན་ཆེན་གཞོན་པ། སྤྱི་ཚོགས་ཡར་རྒྱས་བློན་ཆེན་གཞོན་པ། དེ་བཞིན་གྲོས་ཚོགས་འཐུས་མི། འབྲས་ལྗོངས་ཆོས་དོན་ལས་ཁུངས་ཀྱི་སྐུ་ཚབ་ཟུང་འབྲེལ་དྲུང་ཆེ་སྐུ་ཞབས་ཨེན་རྡོ་རྗེ། བོད་མི་སེར་སྐྱ་མི་མང་བཅས་འཛོམས་པའི་སྟེང་༧གོང་ས་མཆོག་གིས་མི་མང་ལ་བཀའ་སློབ་བསྩལ་བ་བསྡུ་སྒྲིག་བྱས།________________

དེ་རིང་འདིར་ཕེབས་པའི་ང་ཚོ་ལོ་ཉེར་དགུ་ལྷག་ཙམ་སྡོད་སའི་མངའ་སྡེའི་བློན་ཆེན་དང་། ཕྱག་རོགས་གཞན་རྣམ་པ། དེ་བཞིན། ས་ཁུལ་ཁག་ནས་འཛོམས་པའི་གངས་ཅན་ལྗོངས་ཀྱི་བོད་མི་སེར་སྐྱ་ཚང་མ་ལ། ང་རང་བོད་གངས་ཅན་ལྗོངས་ཀྱི་ཤཱཀྱའི་དགེ་སློང་སྟོན་པ་བཅོམ་ལྡན་འདས་ཀྱི་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་སྙིང་པོ་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ་ལ་ཤེས་ནས་དད་པ་ཐོབ་པའི་སྒོ་ནས་གང་ཐུབ་ཉམས་ལེན་བྱེད་མཁན་ཞིག་དང་། སོ་སོའི་ལས་དང་སྨོན་ལམ་གྱིས་འབྲེལ་བའི་ཐོག་ནས་བོད་ཀྱི་བསྟན་སྲིད་སྐྱེ་འགྲོའི་བདེ་སྐྱིད་དང་བཅས་པའི་ཁུར་འཁྲི་པ་ཞིག་གིས་དུས་ཚོས་ཉག་ཕྲ་ཞིང་། དངོས་གནས་གངས་ཅན་ལྗོངས་ཀྱི་མི་རིགས་རིག་གཞུང་དང་བཅས་པ་རྩ་བརླག་ཏུ་འགྲོ་བའི་ཉེན་ཁའི་དུས་ཚོད་འདིར་ད་བར་གང་ཐུབ་བསྒྲུབས་ཡོད།

ང་རང་ཚོ་ཐེག་པ་ཆེན་པོའི་ཆོས་ཉམས་ལེན་བྱེད་མཁན་གྱིས་ཞོགས་པ་མིག་གདངས་པ་དང་སེམས་ཅན་ཐམས་ཅད་ཅེས་བརྗོད་ཀྱིན་ཡོད། དེ་གཞིར་བཟུང་བྱས་ནས་སེམས་ཅན་ཐམས་ཅད་ཅེས་བརྗོད་དགོས་ཀྱང་། སྔོན་ལ་ང་རང་ཚོར་ཁ་ཡོད་ལག་ཡོད་ཀྱི་འབྲེལ་བ་ཡོད་པའི་འཛམ་གླིང་ཧྲིལ་པོ་འདིའི་སྒང་གི་སེམས་ཅན་སྤྱི་དང་། ཡང་སྒོས་འགྲོ་བ་མིའི་རིགས་ལ་གང་ཐུབ་ཀྱི་ཕན་པ་བསྒྲུབ་ཐུབ་པ་ཞིག་མ་བྱུང་ན། དངོས་གནས་ཆོས་ནས་བཤད་པའི་སྨོན་ལམ་རྒྱག་རྒྱུ་དང་འདུན་པ་སྤྱང་རྒྱུ་འདི་ངོ་ཐོག་ལག་ལེན་འགེལ་བའི་གོ་སྐབས་མེད་ན་ནི་དེ་ག་རང་རེད། སྨོན་ལམ་རྒྱག་རྒྱུ་མ་གཏོགས་བྱེད་རྒྱུ་གང་ཡང་མེད། གོ་སྐབས་ཡོད་ན་ཁ་ནི་སྨོན་ལམ་བརྒྱབ་པ་ལས། ལག་ལེན་འགེལ་རྒྱུ་འདི་དངོས་གནས་ཆོས་ཉམས་ལེན་བྱེད་རྒྱུའི་དགོས་དོན་སྙིང་པོ་ཡིན་སྟབས། གང་ཐུབ་ཅི་ཐུབ་ཀྱིས་མི་ལ་ཁ་ཕན་ཚིག་ཕན་གྱི་ཕན་ཐོགས་བསྒྲུབ་དགོས་པ་རེད། དེ་འདྲ་བྱེད་མཁན་ཞིག་ལ་དེ་རིང་འདིར་ཞི་བདེའི་བྱ་དགའ་ཐོབ་པ་རེད། ང་སྒེར་གྱི་ངོས་ལ་དམིགས་བསལ་ཁྱད་དུ་འཕགས་པའི་ཁྱད་ཆོས་གང་ཡང་ཡོད་པ་མ་རེད། རྒྱ་གར་འཕགས་པའི་ཡུལ་གྱི་སྟོན་པ་འཀའ་དྲིན་ཅན་དང་། དེ་བཞིན་སྟོན་པའི་རྗེས་འབྲང་མཁས་གྲུབ་སྐྱེས་མཆོག་མང་པོ་ཞིག་གི་བསླབ་བྱ་བཟང་པོ་ཡོད་པ་དེ་ལ་སོ་སོས་གནད་འགག་དང་རྒྱུ་མཚན་ཞིག་འདུག་བསམས་ཏེ་ཡིད་ཆེས་དང་མོས་པ་ཐོབ་པའི་ཐོག་ནས་ཉམས་ལེན་བྱེད་ཀྱི་ཡོད།

རྒྱ་གར་འཕགས་པའི་ཡུལ་ལ་གནའ་སྔ་མོ་ནས་འཚེ་མེད་ཞི་བའི་ལམ་ཞེས་པའི་ལྟ་བ་བཟང་པོ་ཞིག་ཡོད་པ་དེ་དུས་རབས་ཉི་ཤུ་པ་འདིའི་ནང་རང་དབང་རང་བཙན་རྩོད་ལེན་བྱེད་པའི་ཆབ་སྲིད་འཐབ་རྩོད་ནང་ཉམས་སུ་བླངས་ཏེ། ལྟ་བ་དེ་ཆབ་སྲིད་ཐོག་བེད་སྤྱོད་བྱེད་མཁན་རྒྱ་གར་འཕགས་པའི་ཡུལ་གྱི་སྐྱེས་མཆོག་མཧཱཏ་མ་གྷན་དྷི་ཞེས་དེང་དུས་ཀྱི་ཤེས་ཡོན་ཆ་ཚང་ཡོད་པའི་ཐོག་ལ་རྒྱ་གར་ལ་གནའ་སྔ་མོ་ནས་ཡོད་པའི་ལྟ་བ་བཟང་པོ་དང་། སྤྱོད་པ་བཟང་པོ་དེ་ཟུང་དུ་འབྲེལ་བའི་ཐོག་ནས་རྒྱ་གར་གྱི་རང་དབང་བསྒྲུབས་པ་རེད། དེ་ནི་གཟི་བརྗིད་དང་རླབས་ཆེན་ཞིག་དང་། ངོ་མཚར་སྐྱེ་འོས་པ་ཞིག་རེད། ང་རང་ཆུང་ཆུང་སྐབས་ནས་གྷན་དྷིའི་འཚེ་མེ་ཞི་བའི་ལམ་ཞེས་པ་འདིར་མོས་པ་ཡོད། དེ་འདྲའི་ཐོག་ནས་གྷན་དྷིའི་ཕྱག་ལེན་དང་། ཁོང་གི་གནང་སྟངས་ལ་གང་ཐུབ་ཅི་ཐུབ་ཀྱིས་མིག་དཔེ་ལྟ་བཞིན་ཡོད། དེ་འདྲའི་གནས་ཚུལ་དང་ཤུགས་རྐྱེན་འོག་ནས་ཐབས་ཤེས་གང་འདུག་བལྟས་ཏེ་ཕན་སེམས་དང་། གཞན་ཕན་བྱེད་པ་དེ་ཙམ་ཉམས་ལེན་བྱེད་ཀྱི་ཡོད་མ་གཏོགས། དེ་ལས་ལྷག་པའི་ཁྱད་དུ་འཕགས་པ་གང་ཡང་མེད།

སྤྱིར་ང་རང་ཚོ་ལས་དང་སྨོན་ལམ་གྱིས་འབྲེལ་ཡོད་པ་དང་། ཡང་སྒོས་དད་པ་དང་དམ་ཚིག་གི་མདུད་རྒྱ་ནམ་ཡང་གཡོ་བ་མེད་པའི་བོད་གངས་ཅན་ལྗོངས་ཀྱི་བོད་མི་གཞིས་འཁོད་ཚོ་ཡིན་ན་འདྲ་ལ། བྱེས་འཁོད་ཚོ་ཡིན་ནའང་འདྲ། གང་ལྟར་ཚང་མས་ང་ལ་ཡིད་ཆེས་བློས་འགེལ་བྱས་ཏེ་དགའ་པོ་བྱེད་པ་དང་། ང་རང་ཚོར་དཀའ་ངལ་ཡོད་ཀྱང་འཚེ་མེད་ཞི་བའི་ལམ་ལ་འགྲོ་དགོས་ཞེས་འབོད་སྐུལ་བྱས་པ་འདི་ཚང་མས་དང་ལེན་བྱས་ཏེ་གང་ཐུབ་ཀྱིས་འཚེ་མེད་ཞི་བའི་ལམ་གྱི་དྲང་བདེན་འཐབ་རྩོད་འདི་སྲོག་དང་བསྡོས་ནས་ལག་ལེན་བྱེད་ཀྱིན་ཡོད། དེ་འདྲའི་རྐྱེན་འཛོམས་པའི་ཐོག་ནས་དེ་རིང་ཞི་བདེའི་བྱ་དགའ་ཐོབ་པ་རེད་མ་གཏོགས། ང་མི་གཅིག་གཞན་དང་མི་འདྲ་བའི་རྣམ་དཔྱོད་ཡོད་པས་ངོ་མཚར་ཆེ་ཡས་གང་ཡང་མེད།

དེ་ཡང་རྩ་བ་བཟང་དང་ངན་གྱི་ཆོས་གང་ཡིན་ཡང་། རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པའི་ཐོག་ནས་ཡོང་དགོས་པ་ཆོས་ཉིད་རེད། ད་རེས་ཀྱི་གནས་ཚུལ་འདི་རྣམས་ཀྱང་ང་རང་ཚོ་སྐྱ་སེར་མཆོག་དམན་མང་པོ་ཙམ་མ་ཡིན་པར། བོད་པའི་གྲོགས་པོ་མང་པོ་ཞིག་གི་ཐོག་ནས་དངོས་གནས་བོད་པའི་གཤིས་ཀ་འདི་འཇམ་པོ་དང་། ཡག་པོ། དངོས་གནས་ངོ་མཚར་སྐྱེ་འོས་པ་ཞིག་འདུག་ཅེས་དེ་འདྲའི་ཐོག་ནས་བོད་པར་བསྔགས་བརྗོད་བྱས། བོད་པར་མཐོང་བྱས་ཏེ་དེ་འདྲའི་གནས་ཚུལ་ཐོག་ནས་ཤུགས་རྐྱེན་ཏན་ཏན་ཐེབས་ཡོད། གང་ལྟར་རྐྱེན་མང་པོ་ཞིག་ཚོགས་པའི་སྟེང་ནས་ད་རེས་འཛམ་གླིང་ཐོག་མི་ཚོས་དོ་སྣང་ཆེན་པོ་བྱེད་པའི་ཞི་བདེའི་གཟེངས་རྟགས་འདི་ཐོབ་པ་རེད། དེའི་ཐོག་ལ་ས་ཁུལ་མང་པོར་ཡོད་པའི་བོད་པ་ཚོ་དང་། དེ་བཞིན་ངའི་ངོ་ཤེས་པའི་གྲོགས་པོ་མང་པོས་ཀྱང་ཧ་ཅང་དགའ་པོ་བྱས་ཏེ་རྟེན་འབྲེལ་བྱས་པ་དང་། ཚང་མས་དགའ་སྤྲོའི་ཉིན་མོ་ཞིག་ལ་ངོས་འཛིན་བྱས་ཏེ་མ་སྐུལ་དང་བླངས་ཐོག་ནས་དགའ་དགའ་སྐྱིད་སྐྱིད་དང་། སྤྲོ་སེམས་འཁོལ་བའི་རྣམ་འགྱུར་བསྟན་པ་རེད། ཁྱེད་རང་ཚོ་ཚང་མས་འདི་འདྲའི་སེམས་ཁུར་བྱས་པ་དང་། དད་པ་དམ་ཚིག་གཡོ་བ་མེད་པ་ཡོད་དུས་ང་རང་ཡང་ཤིན་ཏུ་དགའ་པོ་བྱུང་བས་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

འཛམ་གླིང་འདི་སྤྱིར་བཏང་སྒྱུ་མའི་གྲོང་ཁྱེར་འདྲ་པོ་ཡིན། སྒྱུ་མའི་གྲོང་ཁྱེར་གྱི་ནང་ལ་བཟང་དང་ངན་གྱི་སྒྱུ་མའི་ལྟད་མོ་ཅི་ཡང་འཆར་གྱི་ཡོད་པ་རེད། དེ་ཐམས་ཅད་རྟེན་འབྲེལ་ཚོགས་པའི་ཐོག་ནས་ཆགས་ཡོད་པ་རེད། རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པའི་ཐོག་ནས་བཟང་དང་ངན་གྱི་སྒྱུ་མའི་སྣང་ངོ་ཅི་ཡང་འཆར་ཡོང་བ་ཡིན་དུས། ང་རང་ཚོ་ཚང་མས་འབྲས་བུ་བཟང་པོ་འདོད་ན་རྒྱུ་བཟང་པོ་ལ་བསླབ་དགོས། རྒྱུ་ལ་དོ་སྣང་གང་ཡང་མ་བྱས་པར་འབྲས་བུ་བཟང་པོ་ཞིག་འདོད་ན་ནོ་འཁྲུལ་རེད། རྒྱུ་འབྲས་རྟེན་འབྲེལ་མི་བསླུ་བ་རེད། དེ་འདྲ་ཡིན་དུས་ཇི་ཙམ་འབྲས་བུ་བཟང་པོ་འདོད་པ་ལྟར། དེ་ཙམ་གྱིས་རྒྱུ་བཟང་པོ་ལ་བསླབ་དགོས། རྒྱུ་བཟང་པོ་ཞེས་པ་འདི་ཕྱི་ནས་དངོས་པོ་བསྒྲུབ་རྒྱུ་དེ་རྒྱུ་རྐྱེན་གཅིག་ཡིན་ཡང་། རྒྱུ་རྐྱེན་གཙོ་བོ་དེ་ནང་ནས་བསྒྲུབ་དགོས། དེ་འདྲ་ཡིན་དུས་ངས་རྟག་ཏུ་བཤད་པ་ལྟར་ཕན་སེམས་དང་། བཟང་པོའི་ཡོན་ཏན་ཞེས་པ་འདི་བདེ་སྐྱིད་ཀྱི་རྩ་བ་དང་སྙིང་སྟོབས་ཀྱི་རྩ་བ་ཡིན། མ་འོངས་པར་ཡར་རྒྱས་འགྲོ་བའི་གཞི་མ་བཟང་པོའི་ཡོན་ཏན་ཞེས་པ་འདི་དཀོན་པོ་ཆགས་ཡོད།

ང་རང་ཚོས་འཚེ་མེད་ཞི་བའི་ལམ་ལ་བསླབ་རྒྱུ་འདི་ཡང་གཞི་རྩ་དྲང་བདེན་ཞིག་ཡོད་ན་འཚེ་མེད་ཞི་བའི་ལམ་ལ་འགྲོ་ཐུབ། གཞི་རྩ་དྲང་བདེན་མེད་ན་འཚེ་མེད་ཞི་བའི་ལམ་ལ་འགྲོ་མི་ཐུབ། དྲང་བདེན་ཡོང་བ་ལ་ཡ་རབས་ཀུན་སྤྱོད་ཀྱི་ཐོག་ནས་དྲང་བདེན་བསྒྲུབ་དགོས། དྲང་བདེན་གྱི་རྒྱབ་རྩ་ཡོད་པའི་ཐོག་ལ་ཐབས་ལམ་དེ་ཡང་ཡ་རབས་སྤྱོད་བཟང་གི་ཐོག་ནས་སྒྲུབ་ཀྱི་ཡོད་ན། དངོས་གནས་གཟི་བརྗིད་ཡོད་ལ། དེའི་ནུས་པའང་ཁྱད་དུ་མངོན་ཐུབ་པ་ཡོང་གི་རེད། བདེན་པ་ཡོད་ཀྱང་བྱེད་ཐབས་ཡག་པོ་མ་བྱུང་ན་གནས་ཚུལ་ཐ་དད་རེད། ཚང་མས་འཚེ་མེད་ཞི་བའི་ལམ་ཞེས་བརྗོད་པའི་རྩ་བ་དེ་བཟང་པོའི་སེམས་ཀྱི་ཡོན་ཏན་ལ་ཐུག་གི་ཡོད། བཟང་པོའི་སེམས་ཀྱི་ཡོན་ཏན་ཞིག་ཡོད་ན། བློ་འཚབ་ངང་ཐུང་བྱེད་དགོས་དོན་མེད། དེ་ལ་རྒྱུ་མཚན་ཞིག་དང་། སྙིང་སྟོབས་སྐྱེ་བའི་རྒྱུ་ཞིག་ཡོད་པ་ཡིན་དུས་དེའི་ཐོག་ནས་ཞུམ་པ་མེད་པའི་སྙིང་སྟོབས་ཀྱིས་རྒྱུན་བསྲིངས་ནས་དཀའ་ངལ་ལ་གདོང་ལེན་བྱེད་ཐུབ་པ་ཞིག་ཡོང་གི་རེད། རྩ་བའི་རྩ་བ་ཐུག་ས་སེམས་ཀྱི་བཟང་པོའི་ཡོན་ཏན་འདི་ཡིན། དེར་བརྟེན་ཚང་མས་གང་ཐུབ་ཀྱིས་ཕན་པའི་བསམ་པ་ཞེས་པ་འདི་ནོར་བུ་དགོས་འདོད་ཀུན་འབྱུང་ཞེས་འཇིག་རྟེན་གྱི་དཔེ་ལ་ཡོད་པ་བཞིན་དངོས་གནས་རང་གཞན་འདི་ཕྱི་གནས་སྐབས་མཐར་ཐུག་གང་གི་གནས་སྐབས་ལ་ཡིན་ཡང་ལེགས་ཚོགས་མཐའ་དག་སྟེར་བའི་རྒྱུ་མཐར་ཐུག་པ་དེ་སེམས་བཟང་པོ་བྱ་རྒྱུ་དེ་ཆགས་ཡོད།

ཉེ་ཆར་ཞི་བདེའི་བྱ་དགའ་རག་རྒྱུ་གཏན་འཁེལ་བའི་རྗེས་ལ་ངས་འདི་འདྲ་བཤད་ཀྱིན་ཡོད། ང་ལ་ཞི་བདེའི་བྱ་དགའ་རག་པ་འདི་ང་ནང་པ་སངས་རྒྱས་པའི་དགེ་སློང་ཞིག་ཡར་མཐོ་གང་མཐོ་རུ་འགྲོ་རྒྱུ་དང་། མར་དམའ་རུ་འགྲོ་རྒྱུ་ཞིག་ཡོད་པ་མ་རེད། ང་མི་དེ་ག་རང་ལ་བསྡད་ཡོད། རྒྱུད་ལ་ས་ལམ་གྱི་རྟོགས་པའི་ཡོན་ཏན་ཞིག་སྐྱེས་པ་ཡིན་ན། དངོས་གནས་སོ་སྐྱེའི་ས་ལས་རིང་དུ་འཕགས་པའི་ཁྱད་ཆོས་ཤིག་ཐོབ་ཀྱི་ཡོད་པ་རེད། དེ་འདྲ་མེད་ཕྱིན་ང་མི་ཕལ་པ་རང་ལ་བསྡད་པ་ལས་གཞན་གང་ཡང་མེད། ཡིན་ནའང་དགའ་པོ་བྱེད་པའི་རྒྱུ་མཚན་གང་འདུག་ཅེ་ན། ངས་བྱམས་པ་དང་སྙིང་རྗེ་དང་། འཚེ་བ་མི་བྱེད་པ་ཞེས་པ་འདི་ཅི་ཐུབ་ཐུབ་ཀྱིས་ཉམས་ལེན་བྱས། ཅི་ཐུབ་ཐུབ་ཀྱིས་མི་ལ་བཤད་ཀྱིན་ཡོད་པ་འདི་དེ་རིང་འཛམ་གླིང་སྤྱི་ཐོག་ནས་ངོས་འཛིན་བྱེད་པ་ཞིག་ཆགས་ཡོང་བ་ཡིན་དུས། འདིས་འཛམ་གླིང་འདིའི་སྒང་ལ་བྱམས་དང་སྙིང་རྗེ་དང་། འཚེ་མེད་ཞི་བའི་ལམ་ཞེས་པ་འདི་ལ་མཐོང་ཆེ་རུ་འགྲོ་རྒྱུ་དང་། སེམས་ཅན་མཐའ་དག་གི་རྒྱུད་ལ་སེམས་བཟང་པོའི་ས་བོན་ཞིག་དག་པའི་རྒྱུད་ལ་ཡོད་ཡོད་པ་རེད། དེ་འདྲ་ཡིན་དུས་སེམས་ཅན་ཚང་མའི་རྒྱུད་ལ་རང་ཆས་སུ་ཡོད་པའི་བྱམས་པ་དང་སྙིང་རྗེ་དེ་གོང་ནས་གོང་དུ་འཕེལ་ཐུབ་པ་ཞིག་དང་། དེ་ལ་རིན་ཐང་ཆེ་རུ་འགྲོ་དུས་མིས་དོ་སྣང་གསར་པ་སླེབས་ཏེ། དེའི་ཐོག་ནས་ཕན་ཐོགས་ཏན་ཏན་ཡོང་གི་རེད་བསམ་གྱི་འདུག རྒྱུ་མཚན་དེ་ལ་བརྟེན་ནས་དམིགས་བསལ་དགའ་པོ་ཡོད་ཅེས་བཤད་རྒྱུ་བྱུང་ལ། དྲན་ཡང་དེ་ག་དྲན་བྱུང་། དེ་འདྲ་ཡིན་དུས་སྔོན་ལ་ང་རང་ཚོས་མི་གཞན་དག་ཚོའི་ཐོག་ནས་བྱམས་པ་དང་སྙིང་རྗེ་ཞེས་པ་འདིར་ཡོན་ཏན་དུ་བལྟས་ནས་ཉམས་ལེན་བྱེད་པ་ཞིག་ཡོང་བའི་རེ་བ་རྒྱག་པའི་སྔོན་ལ་བོད་མི་རང་ཉིད་ཀྱི་ཐོག་ནས་ག་ཚོད་ཐུབ་ཐུབ་ཀྱི་བཟང་པོའི་ཡོན་ཏན་ཞེས་པ་འདི་ལ་འཕྲལ་ཕུགས་ཀྱི་དགེ་མཚན་ཆེན་པོ་ཡོད་པ་ཞིག་ངོས་ཟིན་པའི་ཐོག་ནས་ལག་ལེན་འགེལ་རྒྱུ་གལ་ཆེན་པོ་ཡིན། འདི་གཞིར་བཞག་གིས་ཐབས་ཤེས་ཡ་རབས་བཟང་པོའི་སྤྱོད་པ་དང་མ་བྲལ་བའི་ཐོག་ནས་ཐབས་ཤེས་སྤྱོད་ཐུབ་པ་ཞིག་བྱུང་ན། གཟི་བརྗིད་དང་ངོ་མཚར་སྐྱེ་ཐུབ་པ་ཞིག་ཆགས་ཀྱི་རེད། དེར་བརྟེན་ཚང་མས་ཧུར་ཐག་བྱེད་དགོས།

ཤྭཀྱའི་དགེ་སློང་བསྟན་འཛིན་རྒྱ་མཚོ་ལོ་ལྔ་བཅུ་ང་ལྔ་བརྒལ་འགྲོ་བཞིན་ཡོད། ལོ་བརྒྱ་ལྷག་ཙམ་ཞིག་བསྡད་པ་ཡིན་ན་ཡང་ཕལ་ཆེར་མི་ཚེའི་ཕྱེད་ཀ་རྫོགས་ཚར་བའི་བཟོ་རེད། ད་ཕན་མི་ཚེའི་ཕྱེད་ཀ་ལྷག་ཙམ་གྱི་རིང་ལ་ག་ཚོད་ཐུབ་ཐུབ་ཀྱི་གཞན་ཕན་བསྒྲུབས་པ་ཡིན། ང་རང་ལ་དཔག་པས་ཞེ་དྲག་སྒྲུབ་ཐུབ་པ་མེད་ཀྱང་། ཕྲན་བུ་བསྒྲུབས་ཡོད། ད་དུང་ཡང་ང་གསོན་པའི་རིང་ལ་ཕན་བདེ་བསྒྲུབ་རྒྱུ་མ་གཏོགས་མི་ཚེའི་དགོས་པ་དང་། སྲོག་གི་སྙིང་པོ་གཞན་ཞིག་ཡོད་པ་མ་རེད། སྤྱོད་འཇུག་ནས་གསུངས་པ་བཞིན། ཇི་སྲིད་ནམ་མཁའ་གནས་པ་དང་། འགྲོ་བ་ཇི་སྲིད་གནས་གྱུར་པ། དེ་སྲིད་བདག་ནི་གནས་གྱུར་ནས། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག ཅེས་པའི་སྨོན་ལམ་རྒྱག་གི་ཡོད་ལ། སྨོན་ལམ་བརྒྱབ་པ་ལྟར་ལག་ལེན་ཐོག་ལ་གང་ཐུབ་བཀལ་གྱི་ཡོད། མ་ཤི་གསོན་པའི་རིང་ལ་ཕྱིན་ཆད་ཀྱང་གང་ཐུབ་སྤྱི་སྒོས་ལས་དང་སྨོན་ལམ་གྱི་འབྲེལ་བ་ཡོད་པའི་སེམས་ཅན་སུ་ལའང་ཕན་ཐོགས་བྱེད་ཀྱི་རེད། ཚང་མ་ད་ལྟ་ལྟར་བློ་བདེ་པོ་གྱིས། ༸རྒྱལ་བ་རིན་པོ་ཆེའི་ཚེ་ལ་ཆ་བཞག་ན་ངས་རྟག་པར་བཤད་པ་བཞིན་གཟུགས་པོའི་གནས་སྟངས་ཀྱི་བབ་དང་། དེ་བཞིན་བསམ་བློའི་གནས་སྟངས་བཅས་ཕྱི་ནང་གང་གི་ཆ་ནས་ཀྱང་ལོ་དགུ་བཅུ་གོ་གྲངས་དང་། གཅིག་བྱས་ན་ལོ་བརྒྱ་ཟིན་མ་ཟིན་ཞིག་སྡོད་རྒྱུའི་རེ་བ་རྒྱག་གི་ཡོད་ལ། བསྡད་ཐུབ་མདོག་ཁ་པོ་རེད། ཚང་མས་བློ་བདེ་པོའི་ངང་ཧུར་ཐག་བྱེད་དགོས། ཧུར་ཐག་རྦད་ཐག་བྱེད་རྒྱུ་ཟེར་བ་འདི་ཚིག་བཟང་པོ་བེད་སྤྱོད་རྒྱུ་ཞིག་དང་། ངོ་གདོང་ལ་སྤྲེལ་ལད་འཁྲབ་ནས་ཚིག་འདྲ་ཆགས་པོ་བཤད་དེ་ལ་དག་རྒྱུ་ཡོད་པ་མ་རེད། མི་སུ་ཡིན་ཡང་གནས་ཚུལ་གང་འདྲ་གང་འདྲ་ཡོད་མེད་རྣ་བ་གཉིས་ཡོད་སྟབས་གོ་ཡང་གོ་གི་རེད་ལ། མིག་གཉིས་ཡོད་སྟབས་མཐོང་ཡང་མཐོང་གི་རེད། དེ་འདྲ་ཡིན་དུས་མདུན་ལ་ངོ་དགའ་སྤྲེལ་ལད་ཀྱི་སྐད་ཆ་བཤད་ནས་ལ་དག་རྒྱུ་ཞིག་ཡོད་པ་མ་རེད། ངས་རྟག་པར་མངོན་ལྐོག་མཚུངས་པ་བྱེད་དགོས་བཤད་པ་འདི་གལ་ཆེན་པོ་རེད། དེ་ཚང་མའི་སེམས་ལ་ཡག་པོ་བཅངས། ད་ལྟར་ཕན་ཆད་ཚང་མས་འགངས་ཆེ་སའི་ཐོག་ལ་ཧུར་ཐག་བྱས་པ་རེད། ད་དུང་ཡང་ཚང་མས་ཧུར་ཐག་བྱེད་རོགས་ཟེར་རྒྱུ་ཡིན།

ད་རེས་ཞི་བདེའི་བྱ་དགའི་དངུལ་གང་ལ་གང་འཚམས་ཤིག་ཡོང་གི་འདུག དེ་དག་ཁ་སང་གནས་ཚུལ་ཐོག་མ་ཐོས་པ་དང་། ངས་བྱམས་བརྩེ་ཞེས་པ་འདི་ལ་སྣང་ཆེན་པོ་བརྩིས་ཏེ་དེ་འདྲའི་ཐོག་ནས་དོ་སྣང་བྱས་པར་དེ་རིང་མིས་དོ་སྣང་སླེབས་པ་ཞིག་ཆགས་ནས་ད་རེས་བྱ་དགའ་རག་པ་ཡིན་དུས། དངུལ་འདི་ཡང་དེ་འདྲའི་ཐོག་ཕན་པ་ཞིག་བྱུང་ན་ཡག་པོ་རེད་སྙམ་བྱུང་། དེང་སང་འཛམ་གླིང་ཐོག་ང་ཚོ་བོད་པར་ཆ་བཞག་ན་བཙན་བྱོལ་བ་ཆགས་ཏེ་དཀའ་ངལ་ཆེན་པོ་ཡོད། ཡིན་ནའང་ལྟོས་ས་ལྟོས་འཇོག་གིས་འཛམ་གླིང་ཐོག་ང་ཚོ་ལས་སྐྱོ་བའི་མི། དཔེར་ན། ཨ་ཧྥི་རི་ཀའི་ནང་མི་ལྟོགས་ཤི་ཐེབས་ཀྱི་ཡོད་པ་ཕོན་ཆེན་པོ་ཡོང་གི་འདུག ཁོང་ཚོ་མི་གཅིག་པ་ཡིན་པ་དང་། བདེ་བ་འདོད་ཅིང་འཆི་འདོད་མེད་པ་གཅིག་པ་རེད། ཁོང་ཚོར་ལྟོགས་ཤིའི་དཀའ་ངལ་ཆེན་པོ་ཡོད་སྟབས་དེ་ལ་ང་རང་གི་སེམས་ཁྱད་ཀྱི་སྐྱོབ་གསོའི་ཞལ་འདེབས་ཕྲན་བུ་རྒྱག་ཐུབ་ན་བསམ་པ་ལྟར་ཞལ་འདེབས་འབུལ་རྒྱུ་དང་། དེ་ནས་རྒྱ་གར་འཕགས་པའི་ཡུལ་ང་ཚོར་བཀའ་དྲིན་ཤིན་ཏུ་ཆེན་པོ་རེད། རྒྱ་གར་ནང་མཛེ་ནད་ཀྱིས་མནར་བའི་ནད་པ་ཕོན་ཆེན་པོ་འདུག སྔོན་མ་ངོས་ཨོ་རི་སར་སྐྱོད་སྐབས་དེ་གར་ངོ་ཤེས་པ་མི་ཡག་པོ་ཞིག་ཡོད་པ་ཁོང་གིས་མགོ་ཁྲིད་པའི་མཛེ་ནད་ལ་ལྟ་རྟོག་བྱེད་མཁན་ཚོགས་པ་ཞིག་འདུག དེ་ལ་སྔོན་མ་ཡང་སྒོར་མོ་ཁྲི་ཁ་ཤས་ཞལ་འདེབས་ཕུལ་བ་ཡིན། ད་རེས་ཀྱང་དངུལ་གང་འཚམས་ཤིག་མཛེ་ནད་ལ་ལྟ་རྟོག་བྱེད་མཁན་ཚོགས་པ་དེ་ཚོར་ཞལ་འདེབས་འབུལ་ཐུབ་ན་བསམ་པ་ཡོད། དེ་ནས་དམིགས་ཡུལ་གཅིག་ལ་འཛམ་གླིང་འདིའི་སྒང་གི་དོན་དམ་པའི་ཞི་བདེ་ཡོང་བའི་དོན་ལ་དོ་སྣང་དང་འབད་བརྩོན་བྱེད་མཁན་གྱི་ཚོགས་པ་སྟེ་གཙོ་ཆེ་ཤོས་སློབ་སྦྱོང་གི་ཐབས་ལམ་ཐོག་ནས་ཞི་བདེ་བསྒྲུབ་མཁན་ཚོགས་པ་དེ་འདྲ་ཁ་ཤས་ཡོང་གི་ཡོད་པ་དེ་ཚོར་ཞལ་འདེབས་ཕྲན་བུ་འབུལ་ཐུབ་ན་བསམ་པ་ཡོད། དེ་ནས་ང་ཚོ་བོད་མི་བཙན་བྱོལ་ལ་ཡོད་པ་ཚོར་དཀའ་ངལ་མང་པོ་ཡོད་ཀྱང་། ད་རེས་ཀྱི་འདི་དག་ཞི་བདེ་དང་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད་པ་ཡིན་སྟབས། ཤེས་ཡོན་ཐད་ནས་ང་རང་ཚོའི་རིག་གཞུང་བརྟན་བཟུང་བྱེས་ཡས་ཀྱི་ཞི་བདེ་དང་འབྲེལ་བ་ཡོད་པའི་གནས་ཚུལ་དེ་འདྲའི་ཐོག་ལ་ཕྲན་བུ་བཏང་ན་བསམ་པ་ཡོད། དེ་ནས་དངུལ་གང་འཚམས་ཤིག་མ་རྩར་བཞག་སྟེ་མུ་མཐུད་ལོ་ལྟར་འཛམ་བུ་གླིང་འདིའི་སྒང་ལ་བྱམས་དང་སྙིང་རྗེའི་ཉམས་ལེན་གྱིས་ཞབས་འདེགས་སྒྲུབ་མཁན་དེ་འདྲའི་ཐོག་ལ་མཐུན་རྐྱེན་ཕྲན་བུ་སྦྱར་ཆེད་ཚོགས་པ་ཞིག་བཙུགས་ནས་དེ་ལ་མ་དངུལ་བཞགས་ན་བསམ་པ་ཡོད། བསམ་ཚུལ་དེ་འདྲ་ཡིན། ཚང་མས་ཧུར་ཐག་རྦད་ཐག་བྱེད་རྒྱུ་གལ་ཆེན་པོ་རེད། ཐུགས་རྗེ་ཆེ།།

འབྲེལ་ཡོད་གསར་འགྱུར།

LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད། 

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese