མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱ་གར་གཞུང་གི་སྐྱབས་བཅོལ་བོད་མི་ཚོར་མཐུན་སྦྱོར་གནང་ཕྱོགས་ཀྱི་སྲིད་བྱུས་གསར་པ།

བོད་ཀྱི་དུས་བབ།
༢༠༡༤/༡༢/༢༤
Share on FacebookShare on TwitterShare on EmailShare on Whatsapp

ད་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༠ ཉིན་རྒྱ་གར་དབུས་གཞུང་ནང་སྲིད་ལས་ཁུངས་ཀྱིས་རྒྱ་གར་ནང་གི་སྐྱབས་བཅོལ་བོད་མིར་མཐུན་སྦྱོར་གནང་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ “ Tibetan Rehabilitation Policy 2014” ཞེས་པ་ཞིག་གཏན་འབེབས་གནང་སྟེ། སྐྱབས་བཅོལ་བོད་མིའི་སྡོད་ཡུལ་མངའ་སྡེ་ཁག་དང་བོད་མིའི་སྒྲིག་འཛུགས། དེ་བཞིན་བོད་པའི་ས་གནས་མགོ་འཛིན་ཁག་ལ་བཏང་ཡོད་སྟབས། འདི་གའི་གསར་འགོད་པས་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ལ་བཅར་འདྲི་ཞུས་ཡོད།

དྲི་བ། ཟླ་སྔོན་མའི་ནང་རྒྱ་གར་གཞུང་གིས་བོད་མིར་མཐུན་སྦྱོར་ཞུ་ཕྱོགས་ཀྱི་སྲིད་བྱུས་ཡིག་ཆ་ཞིག་གཏན་འབེབས་གནང་ཡོད་པའི་སྐོར་ངོ་སྤྲོད་ཅིག་གནང་རོགས།

ལན། ད་ལྟའི་བར་ང་ཚོ་རྒྱ་གར་ནང་སྐྱབས་བཅོལ་ལ་བསླེབས་ནས་ལོ་ལྔ་བཅུ་ལྷག་ཕྱིན་པའི་རིང་ཧང་སངས་དགོས་པའི་གནས་སྟངས་ཡག་པ་མང་པོ་བྱུང་ཡོད་ལ། མཚམས་རེར་ང་ཚོས་དཀའ་ངལ་ལ་གདོང་ལེན་བྱེད་དགོས་པའང་བྱུང་ཡོད། ད་ལྟའི་འཛམ་གླིང་སྤྱི་ཡོངས་ཀྱི་གནས་སྟངས་ལ་བལྟས་ཡོང་ན་ང་ཚོའི་གནས་སྟངས་དེ་བཟང་ཕྱོགས་ཤིག་ཡིན་པར་ངོས་འཛིན་བྱེད་ཆོག་གི་རེད། མིའི་མི་ཚེ་ཞིག་ལ་ཆ་བཞག་ན་ལོ་ཚོད་ལ་དཔག་པའི་དཀའ་ངལ་རིམ་པ་བཞིན་ཡོང་གི་ཡོད་པ་ལྟར། ང་ཚོའི་སྐྱབས་བཅོལ་སྤྱི་ཚོགས་ལའང་དུས་ཚོད་དང་ཁོར་ཡུག་ལ་དཔག་པའི་དཀའ་ངལ་མང་པོ་ཞིག་ཡོང་གི་ཡོད། དེའི་ཐོག་ལ་༧གོང་ས་མཆོག་གི་དགོངས་གཞི་དང་ལམ་སྟོན་ཁག་སྙིང་ལ་བཅིངས་ཏེ་ང་ཚོས་ལས་ཀ་བྱེད་ཀྱིན་ཡོད། ང་ཚོའི་ནང་སྲིད་ལ་ཐད་ཀར་འབྲེལ་བ་ཡོད་པ། སྐུ་མདུན་གྱིས་གྲ་སྒྲིག་སྡུག་ས་དང་རེ་བ་བཟང་ས་ནས་བྱེད་དགོས་ཞེས་བཀའ་གནང་བ་ལྟར། ང་ཚོའི་རེ་བ་བྱེད་ས་བོད་ཀྱི་བདེན་མཐའ་མྱུར་དུ་སེལ་ནས་སོ་སོའི་རྒྱལ་ཁབ་བོད་དུ་ལོག་ཐུབ་པ་དང་། གལ་ཏེ་བཙན་བྱོལ་ནང་རྒྱུན་རིང་པོར་ལྷག་ཚེ་གནས་སྟངས་ལ་དཔག་པའི་གྲ་སྒྲིག་བྱས་ཏེ་གོམ་པ་སྤོ་དགོས་ཀྱི་ཡོད་པ་དེ་རེད།

རྒྱ་གར་གཞུང་གིས་གནང་བའི་སྲིད་བྱུས་དེའི་བྱུང་རིམ་བཤད་དགོས་ན་རིང་པོ་ཞེ་དྲག་རེད། སྙིང་བསྡུས་བཤད་ན། དང་པོ་ང་ཚོས་དཀའ་ངལ་ཁག་ཅིག་སེལ་ཆེད་རྒྱ་གར་ནང་སྲིད་ལས་ཁུངས་ལ་ཕྱིན་པ་རེད། ཐོག་མ་ང་ཚོས་འགྲོ་ས་དང་བཤད་སྟངས་མ་ཤེས་པར་དངངས་སྐྲག་མང་པོ་བྱུང་སོང་། གང་ལྟར། གཞུང་འབྲེལ་བརྒྱུད་ལམ་གསལ་པོ་ཞིག་དགོས་པ་གལ་ཆེན་པོར་མཐོང་སོང་། ད་ལན་༧རྒྱལ་བ་ཡིད་བཞིན་ནོར་བུའི་ཐུགས་རྗེ་བཀའ་དྲན་དང་། ལས་ཀ་བྱེད་མཁན་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེ་དང་དྲུང་འཕར། འབྲེལ་ཡོད་ལས་བྱེད། དེ་བཞིན་ལྡི་ལི་དོན་གཅོད་བསྟན་པ་ཚེ་རིང་ལགས་གཙོས་ལས་བྱེད་རྣམ་པས་འབད་བརྩོན་གནང་བར་བརྟེན་ཏེ། རྒྱ་གར་དབུས་གཞུང་ནས་བོད་པ་སྐྱབས་བཅོལ་བ་ཚོར་མཐུན་སྦྱོར་གནང་ཕྱོགས་ཀྱི་སྲིད་བྱུས་ཁ་གསལ་བོ་དེ་ང་ཚོར་གནང་བ་ཞིག་ཆགས་ཡོད།

དྲི་བ། གོང་དུ་སྐུ་ངོ་མཆོག་གིས་ཐོག་མ་ང་ཚོ་སྐྱབས་བཅོལ་བོད་མི་ཚོའི་དཀའ་ངལ་མང་པོ་ཞིག་ལ་བརྟེན་ཏེ་རྒྱ་གར་གཞུང་ལ་རེ་སྐུལ་ཞུས་པ་རེད་གསུངས་སོང་། སྐུ་ངོ་མཆོག་གི་སྐྱབས་བཅོལ་བོད་མིའི་དཀའ་ངལ་གཙོ་བོ་གང་དག་ལ་ངོས་འཛིན་གནང་གི་ཡོད་དམ།

ལན། དཔེར་ཆ་བཞག་ན། དང་པོ་གཞིས་ཆགས་ཁག་ལ་ས་ཐོ་ལག་འཛིན་གྱི་དཀའ་ངལ་ཡོད་པ་རེད། བཀའ་ཤག་སྐབས་སྔོན་མའི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཐུགས་འཁུར་ཆེན་པོ་བཞེས་ཏེ། ས་ཐོ་ལག་འཛིན་ཐོག་ཤུགས་རྒྱག་དགོས། གཞུང་གི་བུན་གཡར་གྱི་ཡིག་ཆ་དེ་འདྲ་སླར་གསོ་བྱེད་ཐུབ་དགོས་ཞེས་ལམ་སྟོན་སྔ་རྗེས་གནང་ཡོད། དེ་དག་ཐོག་ལ་ང་ཚོས་ནུས་པ་བསྒྲིལ་བ་ཡིན་ཞུས་ན་མ་ཆོག་པ་མེད། གང་ཡིན་ཟེར་ན། ང་དང་པོ་བཀའ་བློན་ནང་སླེབ་སྐབས་གྲོས་ཚོགས་ནང་ཞུས་པ་ཡིན། ང་ཚོར་གསར་པ་མང་པོ་བྱེད་རྒྱུ་མེད། སྔར་འགྲོ་བཞིན་པའི་ལས་ཀ་དུས་ཚོད་དང་དངུལ་མང་པོ་བཏང་ཚར་བ་དེ་དག་ལ་མཇུག་སྣོན་བྱས་ཏེ། རིག་པ་གསར་བ་གཏོང་རྒྱུ་ཡོད་མེད་ལ་ལྟ་རྒྱུ་ཡིན་ཟེར་ནས་ཞུས་ཡོད། དཔེར་ན། ཨོ་རུ་ས་གཞིས་ཆགས་ཀྱི་ས་ཞིང་ཐད་དཀའ་ངལ་བྱུང་བ་ཚང་མས་མཁྱེན་གསལ་རེད། གཞིས་ཆགས་ཁག་ལ་ས་ཐོ་ལག་འཛིན་ཡིག་ཆ་ཡག་པོ་མེད་ན། དཀའ་ངལ་དེ་འདྲ་འབྱུང་སྲིད་ས་རེད་བསམ་ནས་དངངས་སྐྲག་བྱུང་བ་རེད།

གཉིས་པ། གཞིས་ཆགས་ཀྱི་ས་ཁང་སྒྲིག་གཞི་དང་འབྲེལ་བའི་ཐོག་ནས་ཁ་མཆུ་ཞིག་བྱུང་བ་རེད། སྐབས་དེར་ང་ཚོར་དོ་སྣང་ག་རེ་བྱུང་སོང་ཟེར་ན། གལ་ཏེ་མ་འོངས་པའི་ལོ་ཉི་ཤུ་སུམ་ཅུའི་རྗེས་གནས་སྟངས་འགྱུར་བ་ཕྱིན་ཏེ། བོད་པ་ཞིག་གིས་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པའི་ས་ཁང་སྒྲིག་གཞིའི་ཐོག་ལ་ང་འགྲོ་འདོད་མེད་ལབ་ནས་རྒྱ་གར་ཁྲིམས་ཁང་ལ་ཕྱིན་པ་ཡིན་ན། ང་ཚོའི་སྒྲིག་གཞིར་ནུས་པ་གང་ཡང་མེད། ང་ཚོའི་སྒྲིག་གཞི་དེར་མི་མང་གིས་གུས་བརྩི་བྱས་པ་རེད་མ་གཏོགས་ཁྲིམས་ཀྱི་ནུས་པ་མི་འདུག བོད་མིའི་སྒྲིག་འཛུགས་ཡིན་ན་རེད། ས་གནས་མགོ་འཛིན་ཡིན་ན་རེད། བུན་གཡར་ཡོད་པའི་ཆ་རྐྱེན་ནང་དུའང་གང་ཡང་གསལ་མི་འདུག དེ་དག་གལ་ཆེན་པོར་མཐོང་སོང་། འདི་གཞིས་ཆགས་སྲ་བརྟན་གཅིག་པུ་མ་རེད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་གནས་ཐུབ་མིན་ང་རང་ཚོའི་མི་མང་གི་བརྩི་མཐོང་ཆེ་མཐོང་གནས་ཐུབ་མིན་དེ་རེད། ད་ལྟ་༸གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་ང་ཚོར་དཀའ་ངལ་མེད། མ་འོངས་པར་མུ་མཐུད་གནས་དགོས་ན། དྷ་རམ་ས་ལ་ཙམ་མ་རེད་ས་གནས་མགོ་འཛིན་ཡོད་ས་ཡོངས་རྫོགས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ནུས་པ་དེ་གནས་དགོས་པ་རེད། དེ་ས་ཁང་སྒྲིག་གཞིའི་ནང་ཕྱིན་ན་བུན་གཡར་དག་ལ་འགྱུར་བ་ཞིག་མ་ཕྱིན་བར་འགྲོ་ས་མི་འདུག

དེ་ནས་ང་ཚོས་དངོས་ཡོད་གནས་ཚུལ་ལ་བལྟས་ན། བོད་མིའི་ཆོས་དང་རིག་གཞུང་ཐོག་གཞིས་ཆགས་ཁག་དང་དགོན་སྡེ་ཁག་ནས་ནུས་པ་ཆེན་པོ་ཐོན་ཡོད་ཀྱང་། གཞིས་ཆགས་ཁ་ཤས་ལ་མཚོན་ན་ས་ཆ་བེད་སྤྱོད་གཏོང་ཕྱོགས་དེ་ཏག་ཏག་བསྡད་ཡོད་པ་མ་རེད། རྒྱ་གར་གཞུང་གིས་བོད་པ་ཚོར་སོ་ནམ་ཞིང་ལས་ཆེད་སྤྲད་པ་རེད། མ་འོངས་པར་གནས་ཚུལ་དེ་འདྲ་ཡོང་མི་སྲིད་པ་མ་རེད། དེ་བཞིན། གཞིས་ཆགས་ནང་གི་མི་ལ་འགྱུར་བ་ཕྱིན་ཚར་བ་རེད། མག་པ་མནའ་མ་དེ་འདྲའི་མིང་ཐོག་ལ་ས་ཆ་མིང་བསྒྱུར་བྱེད་ཐུབ་ཀྱི་ཡོད་པ་མ་རེད། དེ་འདྲའི་དཀའ་ངལ་ཞུ་མཁན་བྱུང་སོང་། དེ་ལ་སྒྲིག་གཞི་འགྱུར་བ་བཏང་བ་གཅིག་པུས་ཕན་གྱི་མི་འདུག དེར་བརྟེན། ད་རེབ་ཀྱི་སྲིད་བྱུས་དེ་གཞིས་ཆགས་ཁག་གི་ས་ཆ་དང་འབྲེལ་བ་ཡོད་པའི་ཐོག་ལ། མ་འོངས་པར་བོད་མིའི་སྒྲིག་འཛུགས་ཀྱི་དེབ་སྐྱེལ་ཡོད་པའི་ཚོགས་པ། (His Holiness The Dalai Lama’s Central Tibetan Relief Committee)ལ་བོགས་མར་གཏོང་དགོས་ཀྱི་ཡོད་པ་དང་། འོན་ཀྱང་མི་མང་རེ་རེར་ད་ལྟ་ཡོད་བཞིན་པའི་ས་ཐོ་ལག་འཛིན་ལའང་མ་འགལ་བའི་ཐོག་ནས་མུ་མཐུད་གནས་དགོས་པ་གསལ་ཡོད་པ་རེད།

དེ་ནས་ས་ཆ་བེད་སྤྱོད་གཏོང་ཕྱོགས་དེའང་སོ་ནམ་ཞིང་ལས་ཆེད་དུ་བེད་སྤྱོད་གཏོང་བ་དང་། མི་སྡོད་སར་བེད་སྤྱོད་གཏོང་བ། ཡང་ན་ཤེས་ཡོན་ཐོག་ནས་སློབ་གྲྭ་དང་དགོན་སྡེ། རིག་གཞུང་། ལྷག་པར་དུ་མི་མང་རང་ཁ་རང་གསོ་ཡོང་ཆེད་ཚོང་ལས་ཐོག་ནས་བེད་སྤྱོད་ག་འདྲ་གཏོང་བ་དེ་ཡང་ང་ཚོས་འདི་ནས་ཐག་གཅོད་བྱེད་ཆོག་གི་ཡོད་པ་གསལ་བོར་འཁོད་ཡོད་པ་རེད། གསུམ་པ། མིང་བསྒྱུར་བྱས་རིགས་ཀྱིས་ཀྱང་ལོ་ལྟར་ས་གནས་མགོ་འཛིན་ལ་ཐོ་སྤྲོད་དགོས་པ་རེད།

གཞིས་ཆགས་ཁག་གི་ཁོངས་སུ་མ་ཚུད་པའི་གནས་ཚུལ་ཁ་ཤས་ཡོད་པ་རེད། དཔེར་ན། ལྡི་ལི་བསམ་ཡས་གླིང་དང་། དྷ་རམ་ས་ལ། སིམ་ལ། མཱ་ན་ལེ་སོགས་ཡོད་པ་དེ་དག་དབྱིན་ཡིག་ཐོག་ཁྲིམས་འགལ་གནས་སྡོད་ (Irregular Settlement)ཞེས་པ་དེ་ཆགས་ཡོད་པ་རེད། རྒྱ་གར་གཞུང་གིས་ས་འདི་ཡིན་ཞེས་གནང་ཡོད་པ་མ་རེད། སྔོན་ཆད་དཀའ་ངལ་འཕྲད་སྐབས་དབུས་ནས་རྒྱབ་སྐྱོར་ཡག་པོ་གནང་སོང་། མངའ་སྡེ་གཞུང་གིས་ཁྲིམས་ཁང་གི་ཐག་གཅོད་ལྟར་འགྲོ་དགོས་པ་ལས་ཐབས་གཞན་མེད་གསུང་སྐབས། དབུས་གཞུང་ནས་བཀའ་ཡོང་སྟེ་བོད་མི་ཚོ་གནས་སྡོད་བྱེད་ས་དེ་དག་རང་འཇགས་གནས་དགོས། གནས་ཚུལ་འདི་རྒྱ་གར་གྱི་ཕྱི་སྲིད་དང་འབྲེལ་བ་ཡོད་ཅེས་ཡིག་ཐོག་ནས་བཀའ་གནང་པ་རེད། ད་རེབ་ཀྱི་སྲིད་བྱུས་དེའི་ཐོག་ནས་ཁ་ཇེ་གསལ་དུ་སོང་སྟེ། ས་ཆ་དེ་དག་ཐོག་ནས་ཕྱིར་འཕུད་བྱས་པ་དང་ཁྲིམས་ཁང་དུ་ཁ་མཆུ་ལྷག་ཡོད་པ་དེ་འདྲ་ཡོད་ན། བོད་མི་ཁོ་རང་ཚོར་ས་ཆ་གང་ཡོད་པ་དེ་རང་འཇགས་སྤྲོད་དགོས་ཞེས་འཁོད་ཡོད་པ་རེད།

གསུམ་པ། ད་རེབ་ཀྱི་སྲིད་བྱུས་དེའི་ནང་བོད་མི་ཚོར་རྒྱ་གར་དབུས་གཞུང་གི་སྤྱི་ཚོགས་བདེ་དོན་དང་འབྲེལ་བའི་ལས་འཆར་ཡོངས་རྫོགས་ནང་ཆ་ཤས་ལེན་ཆོག་གི་ཡོད་ཅེས་ཁ་གསལ་བྱུང་ཡོད་པ་རེད། ཡིན་ནའང་མངའ་སྡེ་གཞུང་རེ་རེ་ནས་ལག་བསྟར་གནང་བའི་སྐབས་ལ་ཁྱད་པར་འགྲོ་སྲིད་པ་རེད། གཅིག་པ་ཡོང་རྒྱུར་ང་ཚོས་རེ་བ་བྱ་ཁག་པོ་རེད། གཙོ་བོ་ས་གནས་མགོ་འཛིན་དང་ས་གནས་མི་མང་གི་ངོས་ནས་འབད་བརྩོན་བྱེད་དགོས་པ་གལ་ཆེ་ཤོས་རེད། སྲིད་བྱུས་འདིའི་ནང་སྐྱབས་བཅོལ་ལག་དེབ་ (R.C)ཡོད་མཁན་དག་ལ་ཞེས་ལབ་ཡོད་པ་རེད། གསར་འབྱོར་རྙིང་འབྱོར་གྱི་སྐད་ཆ་ཡོད་པ་མ་རེད།

དྲི་བ། ད་རེབ་ཀྱི་སྲིད་བྱུས་དེའི་ནང་སྔོན་མ་མེད་པའི་ཐོབ་ཐང་གསར་བ་གང་དག་ཡོད།

ལན། ས་ཆ་དང་འབྲེལ་བ་ཡོད་པ་དེ་ཚང་མ་གསར་བ་རེད། གཉིས་པ། རྒྱ་གར་དབུས་གཞུང་དང་མངའ་སྡེ་གཞུང་གཉིས་ཀྱིས་མི་མང་སྐྱོ་བོའི་རིགས་ལ་རོགས་སྐྱོར་ལས་འཆར་མང་པོ་ཡོད་པ་རེད། དཔེར་ན། མ་ཧ་མ་གྷན་དྷི་ལས་འཆར་ (Matma Gandhi Yojna) དང་། ར་ཇེབ་གྷན་དྷི་ལས་འཆར་ (Rajiv Gandhi Yojna)ཟེར་བ་སོགས་ཚང་མ་སྐྱབས་བཅོལ་བོད་མི་ཚོར་སྤྲོད་ཆོག་ཟེར་བ་དེ་གསར་པ་རེད། ད་སྔ་ང་ཚོར་དེ་དག་ཐོབ་ཡོད་པ་མ་རེད། མ་ཧ་མ་གྷན་དྷི་རྒྱལ་ཡོངས་གྲོང་གསེབ་ལས་ཀ་སྤྲོད་པའི་ལས་འཆར་ (Matma Gandhi National Rural Employment Guarantee Scheme) ཟེར་བ་དེ་སྤྱིར་བཏང་རྒྱ་གར་ཡུལ་མིའི་ཁེ་ཕན་ཆེད་དུ་བསྐྲུན་པ་ཞིག་རེད། དེ་ལས་གཙོ་བོ་རྒྱ་གར་ནང་སྤྱི་མང་འཚོ་སྣོན་ཟས་འབྲུ་བགོ་སྟངས་འོག་ཟས་འབྲུ་ལག་འཁྱེར་ཟེར་བ་དེ་རེད། དེ་སྔོན་ཆད་སྤྲད་ཡོད་ས་མེད་ས་གཉིས་ཀ་འདུག ཧ་ལམ་རྒྱ་ཆ་ ༥༠ ཙམ་ལས་རག་མི་འདུག སྔོན་མ་སྤྲད་མེད་ས་དག་ལ་ད་རེབ་སྲིད་བྱུས་འདི་བརྒྱུད་ནས་རག་ཐུབ་ལ་འབད་བརྩོན་བྱེད་བཞིན་ཡོད།

དེ་ནས་ཚོང་པ་ཞིག་ལ་མཚོན་ན། ཚོང་ཆུང་ཙག་རིགས་རྒྱག་མཁན་ལ་དཀའ་ངལ་ཡོད་པ་མ་རེད། ང་ཚོས་ཁྲལ་གང་ལ་གང་འཚམ་སྤྲོད་ཀྱིན་ཡོད་པ་རེད། ཡིན་ནའང་དངོས་གནས་ཚོང་ཆེན་པོ་རྒྱག་པ། དཔེར་ན། དེང་གི་ཁྲོམ་རྭའི་ཚོང་ལས་ཆེན་པོ་(Multinational companies)དང་། བོད་པ་ཚོས་ཚོང་ལས་ཁེ་ལས་མཉམ་སྡེ་ (Company)དེ་འདྲ་འཛུགས་པར་ཕྱི་རྒྱལ་མི་རིགས་ཡིན་ན་ཆ་རྐྱེན་འདི་དང་དེ་འཁྱེར་ཡོང་དགོས་ལབ་དུས་བོད་པ་ཚོར་ཡིག་ཆ་སྟོན་རྒྱུ་ཡོད་པ་མ་རེད། དེ་ཡང་ད་རེབ་ཁ་གསལ་པོ་བཟོས་ཡོད་པ་རེད།

འབྲས་ལྗོངས་ལྟ་བུར་མཚོན་ན། འབྲས་ལྗོངས་ནས་ཚོང་ལས་ལག་འཁྱེར་ (Trade license) རག་ཐུབ་ཀྱི་མེད། དེ་བཞིན། གླ་གཏོང་རླངས་འཁོར་གྱི་ལག་འཁྱེར་རག་གི་ཡོད་པ་མ་རེད། ད་རེབ་གནང་ཐུབ་ཀྱི་ཡོད་པ་ཁ་གསལ་ཡོད་པ་རེད། ཡིན་ནའང་ཁེ་ཕན་དེ་དག་ལེན་ཐུབ་དང་མ་ཐུབ་བོད་མི་སོ་སོར་རག་ལས་ཡོད་པ་རེད། དེའི་ཆེད་དུ་ཉེ་ལམ་ཚེས་ ༡༧ ཉིན་ལྡི་ལིར་ས་གནས་མགོ་འཛིན་ཚོར་ཟབ་སྦྱོང་ཞིག་སྤྲད་པ་རེད།

རྒྱ་གར་གཞུང་གི་ལས་འཆར་ཚང་མའི་ནང་བོད་པ་སྐྱབས་བཅོལ་ལག་འཁྱེར་ཡོད་མཁན་ཚོ་ཞུགས་ཆོག་ཅེས་ཁ་གསལ་པོ་ཡོད་པ་རེད། དཔེ་མཚོན་ཁ་ཤས་གསལ་པོར་ཞུས་ཡོད་པ་རེད། (Pradhanmantri Jan Dhan Yojna or Prime Minister’s People Money Scheme) ཟེར་བ་འདི་གལ་ཆེ་ཤོས་ཤིག་རེད། དཔེར་ན། མི་ཞིག་ལ་དངུལ་གཅིག་ཀྱང་མེད་ནའང་དངུལ་ཁང་དུ་དངུལ་འཛིན་ (Bank Account) སྒོ་ཕྱེ་ཆོག་གི་ཡོད་པ་དང་། དེ་ངེས་པར་དུ་ཕྱེ་དགོས་པ་རྒྱ་གར་གཞུང་གིས་གཏན་འབེབས་གནང་ཡོད་པ་རེད། དེ་ག་རེ་རེད་ཟེར་ན། གནས་སྟངས་སྐྱོ་པོ་ཡིན་པའི་མི་མང་ཚོར་དངུལ་ཁང་དེ་བརྒྱུད་ནས་གཞུང་གིས་མི་མང་ལ་རོགས་དངུལ་གནང་གི་ཡོད་པ་རེད། 1 སྔོན་མ་བོད་རིགས་གཞོན་སྐྱེས་དེ་འདྲས་སྐྱབས་བཅོལ་ལག་འཁྱེར་ཐོག་ནས་གནམ་གྲུའི་ནང་ལས་ཀ་བྱེད་པར་གོ་སྐབས་སྤྲད་མ་སོང་ཟེར་བ་དང་། སོའི་སྨན་པའི་སློབ་སྦྱོང་ཚང་མ་བྱས་ཚར་ནས་རྒྱ་གར་དབུས་སོའི་སྨན་ཞབས་ལྷན་ཚོགས་ཀྱིས་དེབ་སྐྱེལ་བྱས་མ་སོང་བ་དེ་འདྲ་ཡོང་གི་འདུག དེ་རིགས་ད་རེབ་ཀྱི་སྲིད་བྱུས་འདི་བརྒྱུད་ནས་དཀའ་ངལ་སེལ་ཡོད་པ་རེད། ཡིན་ནའང་སོ་སོས་དཀའ་ལས་མ་བརྒྱབ་རག་ཡོང་བ་དེ་འདྲ་ཞིག་མ་རེད།

དྲི་བ། རྒྱ་གར་མངའ་སྡེ་སོ་སོར་འགྲོ་སྟངས་མ་འདྲ་བ་ཡོད་སྟབས་སྲིད་བྱུས་གསར་པ་འདི་ལག་བསྟར་བྱེད་སྟངས་ཐོག་དཀའ་རྙོག་འབྱུང་སྲིད་དམ།

ལན། སྲིད་བྱུས་འདི་གཏན་འབེབས་གནང་སྐབས་བོད་མིའི་གཞིས་ཆགས་དང་བོད་རིགས་མང་པོ་ཡོད་པའི་ས་གནས་ཁག་བཅུ་གྲངས་དང་། དེ་བཞིན་རྒྱ་གར་དབུས་ལས་ཁུངས་ཁག་ལ་གོ་བསྡུར་ཞུས་པ་རེད། མངའ་སྡེ་ཚང་མར་གོ་བསྡུར་ཞུ་ཐུབ་ཡོད་པ་མ་རེད། དེར་ང་རང་ལ་བློ་འཚབ་ཅིག་བྱུང་། གང་ཡིན་ཟེར་ན། དེའི་ནང་མ་ཚུད་པའི་མངའ་སྡེ་དེ་འདྲར་ག་རེ་ཡོང་ན་བསམ་སོང་། ཁོ་ཚོས་དེ་འདྲ་མ་རེད། མངའ་སྡེའི་འབྲེལ་ཡོད་ཚོར་ཐུག་ན་འགྲིགས་རེད་གསུངས་སོང་། སྲིད་བྱུས་འདི་ས་གནས་ཁག་ཏུ་མར་བཏང་ཡོང་དུས་མངའ་སྡེ་གཅིག་གིས་ཀྱང་དགག་པ་བརྒྱབ་མེད། ནུབ་བྷན་གྷལ་མངའ་སྡེ་ (West Bengal) ལྟ་བུ་ཡིན་ན་བཀའ་ཁྱབ་འདི་ལ་རྒྱབ་སྐྱོར་གནང་མཁན་དང་པོ་ཆགས་ཡོད། ཟླ་སྔོན་མའི་ཚེས་ ༡༧ ཉིན་ཚོགས་འདུ་འཚོགས་སྐབས་མངའ་སྡེའི་ ༡༠ སྐད་བཏང་བ་ལས་ ༧ ཕེབས་ཐུབ་འདུག གཅིག་བྷན་གྷིལ་རེད། ཁོ་རང་ཚོས་རྒྱབ་སྐྱོར་ཡོད་པ་བསྟན་ཡོད་དུས་དེ་ལ་སེམས་འཚབ་མེད། གཞན་གཅིག་ཇཱ་མུ་རེད། དེ་ལ་འོས་བསྡུ་འགྲོ་བཞིན་པར་འཁེལ་འདུག ཚོགས་འདུའི་སྐབས་མངའ་སྡེ་གཞུང་གི་ཚོགས་བཅར་པ་ཚོར་སྲིད་བྱུས་དེའི་ཐོག་དོགས་འདྲི་དང་བགྲོ་གླེང་མང་པོ་མི་འདུག

དྲི་བ། ད་ལོར་རྒྱ་གར་དབུས་སྨན་ཞབས་ལྷན་ཚོགས་ཀྱིས་ ༡༩༥༠ ནས་ ༡༩༨༧ ལོའི་བར་རྒྱ་གར་ནང་སྐྱེས་པའི་བོད་རིགས་སྨན་ཞབས་ཚོས་ལས་ཀ་བྱེད་ཆོག་པ་བཀའ་འཁྲོལ་ཡོད་ཀྱང་། ༡༩༨༧ ལོའི་རྗེས་སུ་སྐྱེས་པ་ཚོར་ཁ་གསལ་མེད་སྟབས། ད་རེབ་ཀྱི་སྲིད་བྱུས་འདི་བརྒྱུད་ནས་དཀའ་ངལ་དེ་སེལ་ཐུབ་ཡོད་དམ།

ལན། ངས་སྲིད་བྱུས་འདིའི་ཐོག་ནས་སྨན་ཞབས་ལས་ཀ་བྱེད་ཆོག་གི་ཡོད་པར་ངོས་འཛིན་བྱེད་ཀྱིན་ཡོད། གང་ཡིན་ཟེར་ན། ད་ལོ་དཀའ་ངལ་འཕྲད་སྐབས་ལྡི་ལི་དོན་གཅོད་སྐུ་ངོ་བསྟན་པ་ལགས་དང་ང་ཚོ་རྒྱ་གར་ལས་ཁུངས་ལ་བཅར་སྐབས། ༡༩༥༠ ནས་ ༡༩༨༧ ཞེས་ལོ་ཚད་ཅིག་བཀོད་ཡོད་པ་དེས་ང་ཚོ་མགོ་རྙོག་བཟོ་བཞིན་འདུག་ཅེས་ཞུས་པ་ཡིན། སྐབས་དེར་དཀའ་ལས་རྒྱག་མཁན་གཙོ་བོ་སྐུ་ངོ་བསྟན་པ་ལགས་རེད། ཡིན་ནའང་སྐབས་དེར་དཀའ་ངལ་ཡོངས་རྫོགས་སེལ་ཐུབ་ཡོད་པ་མ་རེད། ད་རེབ་ཀྱི་སྲིད་བྱུས་འདི་བརྒྱུད་ནས་དཀའ་ངལ་ཚང་མ་སེལ་ཐུབ་ཡོད་པར་ངོས་འཛིན་བྱེད་ཀྱིན་ཡོད། སྲིད་བྱུས་འདིའི་ནང་སྨན་ཞབས་ཞེས་ཁ་གསལ་པོར་བཀོད་ཡོད་པ་རེད། ཡིག་ཆ་འདི་འཁྱེར་ནས་རྒྱ་གར་དབུས་སྨན་ཞབས་ལྷན་ཚོགས་ནང་ཕྱིན་ཏེ་དཀའ་ངལ་སེལ་ཡོད་ཅེས་ཞུ་དགོས་པ་རེད། སྲིད་བྱུས་འདི་ལག་ཆ་ལྟ་བུ་རེད། ལག་ཆ་དེ་བེད་སྤྱོད་གཏོང་ཐུབ་དང་མ་ཐུབ་དེ་ང་ཚོར་རག་ལས་ཡོད། ལག་ཆ་ཡོད་པ་ཙམ་གྱིས་ཚང་མ་རག་འགྲོ་བ་ཞིག་མ་རེད་འབད་བརྩོན་བྱས་ཏེ་བེད་སྤྱོད་གཏོང་ཐུབ་དགོས་པ་རེད།

དྲི་བ། སྲིད་བྱུས་དེའི་ནང་བོད་མི་ཚོས་རྒྱ་གར་མི་སེར་གྱི་ཐོབ་ཐང་ལག་འཁྱེར་དང་། འོས་བསྡུའི་ལག་འཁྱེར། ཨ་ཌར་ལག་འཁྱེར་བཟོས་ཆོག་གི་ཡོད་མེད་སྐོར་ལ་ཁ་གསལ་ལམ་སྟོན་ག་རེ་གནང་ཡོད་དམ།

ལན། དྲི་བ་འདི་རྙོག་གྲ་ཞིག་རེད། ས་གང་དུ་ཕྱིན་ཡང་འདི་མཉམ་བསྲེས་བྱས་ཏེ་ཡོང་གི་འདུག ཁ་སང་ངས་ཚོགས་འདུའི་སྐབས་སུའང་ཞུས་པ་ཡིན། རྒྱ་གར་གྱི་མི་སེར་ལག་འཁྱེར་དང་འོས་བསྡུའི་ལག་འཁྱེར་དེ་ང་ཚོ་དང་འབྲེལ་བ་མེད། ང་ཚོས་དེའི་སྔོན་ནས་ལས་ཀ་མགོ་བཙུགས་ཚར་བ་རེད། ཅེས་ཞུས་ཡོད། ང་ཚོས་བོད་མི་ཚོས་རྒྱ་གར་མི་སེར་བཟོས་ན་བསམ་པ་མེད་ལ། མ་བཟོས་ན་བསམ་པའང་མེད། དེ་ག་རེ་རེད་ཟེར་ན། སྐྱབས་བཅོལ་ལག་དེབ་ཡོད་མཁན་བོད་པ་སྐྱབས་བཅོལ་བ་ཞིག་ཡིན་ན། དེར་དཀའ་ངལ་ག་རེ་ཡོད་ན་སེལ་ཐུབ་བྱ་རྒྱུ་དེ་ང་ཚོའི་ལས་འགན་རེད། ང་ཚོས་འབྲེལ་བ་བྱེད་ས་དེ་རྒྱ་གར་གཞིས་ཆགས་སྡེ་ཚན་རེད། མི་སེར་ཐོབ་ཐང་གི་སྡེ་ཚན་དང་འབྲེལ་བ་མེད། སྲིད་བྱུས་འདིའི་ཐད་ཚོགས་འདུ་མང་པོ་ཚོགས་པ་རེད། རྒྱ་གར་ནང་སྲིད་བློན་ཆེན་དང་དྲུང་ཆེ་དབུ་བཞུགས་ཐོག་ནས་ཀྱང་ཚོགས་རྒྱུ་བྱུང་། རྒྱ་གར་གྱི་མི་སེར་ཐོབ་ཐང་དང་འོས་བསྡུ་ལག་འཁྱེར་སོགས་ཀྱི་ཐད་ཚིག་གཅིག་ཀྱང་བྱུང་མ་སོང་། ང་ཚོས་ཕར་གླེང་སློང་བྱེད་པར་འབད་བརྩོན་ཡང་བྱས་མེད། གང་ཡིན་ཟེར་ན་བཀའ་ཤག་གིས་དེ་སྔོན་ནས་མི་སེར་ཐོབ་ཐང་ལག་འཁྱེར་དང་འོས་བསྡུ་ལག་འཁྱེར་ལེན་དང་མི་ལེན་སྒེར་སོ་སོས་ཐག་གཅོད་བྱེད་དགོས་པ་ཞིག་རེད་ཅེས་ལངས་ཕྱོགས་གསལ་བོ་གསུངས་ཡོད་པ་རེད།

དྲི་བ། སྲིད་བྱུས་འདིས་བོད་མིའི་གཞིས་ཆགས་ཁག་ཏུ་ས་ཁང་དང་ས་ཞིང་ཉོ་ཚོང་དང་། བོད་མི་སྒེར་བ་ཚོས་རྒྱ་གར་གྱི་གྲོང་ཁྱེར་ཁག་ཏུ་ས་ཆ་ཉོ་བ་དང་ཁང་པ་གསར་རྒྱག་ཆོག་མིན་ལ་འབྲེལ་བ་ཡོད་དམ།

ལན། དེ་ཚོ་རྦད་དེ་ཁ་ཁ་རེད། རྒྱ་གར་ནང་མི་སྒེར་ཞིག་གིས་ས་ཆ་ཉོས་ན། རྒྱ་གར་དབུས་གཞུང་དངུལ་ཁང་ (Reverse Bank Of India)གི་བཀའ་འཁྲོལ་ཞུ་དགོས་ཀྱི་ཡོད། ཡིན་ནའང་དེབ་སྐྱེལ་ཡོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དེ་འདྲ་ཡིན་ན་བཀའ་འཁྲོལ་ཞུ་དགོས་པ་མ་རེད། གང་ཡིན་ཟེར་ན། དེབ་སྐྱེལ་ཚོགས་པ་ཞིག་ཡིན་ན་རྒྱ་གར་སྤྱི་ཚོགས་དེབ་སྐྱེལ་བཅའ་ཁྲིམས་ ༡༨༦༠ (Indian Societies Registration Act 1860 )ཀྱི་དགོངས་དོན་ལྟར། རྒྱ་གར་གྱི་ཁྲིམས་མཐུན་མི་སེར་ཞིག་དང་ངོ་བོ་གཅིག་པ་འདྲ་བོ་ཆགས་ཀྱི་ཡོད་པ་རེད། དེ་བོད་པར་གཅིག་པ་རེད་མ་གཏོགས་ཁྲིམས་ཁ་ཁ་ཡོད་པ་མ་རེད། དྷ་རམ་ས་ལ་ལྟ་བུར་མཚོན་ན། ཧི་མ་ཅཱལ་མངའ་སྡེ་རེད། རྩ་ཁྲིམས་མངའ་སྡེ་ཡོངས་ལ་ཁྱབ་ཀྱི་ཡོད་པ་རེད། ཡིན་ནའང་ཧི་མ་ཅཱལ་མངའ་སྡེ་ལ་ ༡༡༨ ཟེར་བའི་ཁྲིམས་དམིགས་བསལ་ཞིག་ཡོད་སྟབས། ཧི་མ་འཅལ་གཞུང་གི་བཀའ་འཁྲོལ་ཞུ་དགོས་ཀྱི་ཡོད་པ་རེད། དེ་རྒྱ་གར་དང་བོད་མི་གཅིག་མཚུངས་རེད། ང་ཚོ་ནང་སྲིད་ལས་ཁུངས་རེད། ང་ཚོ་ལ་སྐྱབས་བཅོལ་བོད་མིའི་བདེ་སྡུག་ལ་ལྟ་བའི་ལས་འགན་ཡོད་པ་རེད། དེ་ལས་གཞན་སྐྱབས་བཅོལ་ལག་འཁྱེར་གྱི་ཐོག་ནས་ས་ཆ་དང་ཁང་པ་ཉོ་ཆོག་དང་མ་ཆོག་ཐོག་ང་ཚོས་འབད་བརྩོན་བྱས་ཡོད་པ་མ་རེད། གང་ཡིན་ཟེར་ན། ང་ཚོས་དོན་ཚན་ ༡༥ ཅན་ཞིག་རྒྱ་གར་གཞུང་ལ་ཞུས་པ་རེད། དེ་གཞིར་བཟུང་ང་ཚོར་སྲིད་བྱུས་གསར་པ་ཞིག་གཏན་འབེབས་གནང་བ་རེད།

གསར་འགོད་པ། ལྷ་སྐྱབས་རྒྱལ།

མཆན། 1

  1. གངས་ལྡོམ། says:
    ལོ་ 8 སྔོན།

    ༼ ཚོང་པ་ཞིག་ལ་མཚོན་ན། ཚོང་ཆུང་ཙག་རིགས་རྒྱག་མཁན་ལ་དཀའ་ངལ་ཡོད་པ་མ་རེད། ༽ ཟེར་གི་འདུག

    དྲ་གྲོགས་ཚོས་བལྟས་ན། རྡ་རམ་ས་ལའི་ཚོང་ཆུང་ཙག་རིགས་རྒྱག་མཁན་རྣམས་ལ་དཀའ་ངལ་འདུག་གམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist