སྟག་གཟིག་ཝ་སྲམ་སོགས་ནི་རྒྱ་ནག་གི་རིམ་པ་དང་པོ་དང་གཉིས་པའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་གྲས་ཡིན་སྟབས། བོད་པ་ལ་ལས་དེ་དག་གི་པགས་རིགས་རྒྱན་གོས་བྱེད་པ་དེར་རྒྱ་ནག་གཞུང་གི་སྣང་བར་ཡང་འགྲོ་གི་མེད་ཟེར།
ཟླ་འདིའི་ཚེས་ ༡༦ ཉིན་ནས་བཟུང་ལྷ་སར། བོད་རང་སྐྱོང་ལྗོངས་ཟེར་བའི་སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ ཐེངས་གསུམ་པ་དེ་འཚོགས་མགོ་བཙུགས་ཡོད་ཅིང་། ཚོགས་འདུ་དེར་ཞུགས་པའི་བོད་རིགས་ཚོགས་མི་མང་པོ་ཞིག་གིས་སྟག་གཟིག་དང་ཝ་སྲམ་སོགས་ཀྱི་པགས་རིགས་རྒྱན་གོས་གྱོན་ཡོད་པར། རྒྱ་ནག་ནང་ཁུལ་གྱི་སྤྱི་ཚོགས་བརྒྱུད་ལམ་ཁག་དང་། རྒྱ་ནག་ཕྱི་ལོགས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གླེང་སློང་དང་། གནས་ཚུལ་དེ་དང་འབྲེལ་བའི་དཔར་མང་པོ་བརྒྱུད་འགོད། དེ་བཞིན། རྒྱན་གོས་དེ་དག་གྱོན་མཁན་ཚོའི་མགོར་གཅན་གཟན་རི་དྭགས་སོགས་དུད་འགྲོའི་མགོ་འཇོག་པ་སོགས་ཟུར་ཟ་སྣ་ཚོགས་བྱེད་བཞིན་འདུག
ཚེས་ ༢༠ ཉིན་རྒྱ་ནག་གཞུང་འབྲེལ་དྲ་ཚིགས་ཁག་ཅིག་དང་ཀྲུང་གོའི་བོད་ལྗོངས་དྲ་བ་ཟེར་བ་སོགས་སུ་ཡང་གོང་གི་གནས་ཚུལ་དེ་དག་ལུང་འདྲེན་གྱི་རྣམ་པའི་ཐོག་ནས། རྒྱལ་ཁབ་ཀྱི་སྲིད་གྲོས་འཐུས་མི་ཚོས་རྒྱ་ནག་གི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་དག་གི་པགས་པ་གྱོན་ན་འགྲིག་གི་ཡོད་མེད་དང་། མི་རེ་ཟུང་གིས་ཁྲིམས་འགལ་གྱི་ཅ་དངོས་དེ་དག་ཁྱིམ་དུ་ཉར་ནའང་ནག་ཉེས་ལ་བརྩི་བ་དང་། འགའ་རེས་ལུས་ལ་གྱོན་དེ་སྲིད་གཞུང་གི་ཚོགས་འདུའི་སྟེང་ཞུགས་ཀྱང་། ཉེན་རྟོག་པ་དང་སྲོག་ཆགས་སྲུང་སྐྱོབ་སྡེ་ཁག་གིས་འགོག་སྲུང་དང་རྩད་གཅོད་སོགས་བྱེད་ཀྱིན་མེད་དོན་གང་ཡིན། ཟེར་བ་སོགས་ཀྱི་གནས་ཚུལ་སྣ་ཚོགས་བཀོད་འདུག
ཡང་རྒྱ་ནག་གཞུང་འབྲེལ་གསར་འགྱུར་ནང་འདི་འདྲ་ཞིག་ཀྱང་བཀོད་འདུག “ད་ལོ་ཁམས་ཀྱི་གཉེན་སྟོན་མང་པོ་རུ་གསེར་དངུལ་གཡུ་བྱུར་སོགས་རིན་པོ་ཆེ་དང་སྟག་གཟིག་སྲམ་སོགས་ཀྱི་པགས་པ་རྒྱན་དུ་འདོགས་པ་དང་གོས་སུ་གྱོན་པའི་སྣང་ཚུལ་མང་པོ་མཐོང་རྒྱུ་འདུག་སྟབས། འདིས་རང་རྒྱལ་གྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་ལས་དོན་ཐད་ད་རུང་མི་འདང་བའི་ཆ་མང་པོ་ཡོད་པ་མཚོན། ལྷག་པར་དུ་ཏང་ཡོན་ནས་མགོ་འཁྲིད་དེ་གཅན་གཟན་གྱི་པགས་པ་གྱོན་པ་ནི་བོད་ལྗོངས་ཚོགས་ཆེན་གཉིས་ཀྱི་དགོངས་པ་དང་འགལ་བ་ཞིག་རེད། རང་རྒྱལ་ལོ་རྒྱུས་སུ་བོད་མི་རིགས་ཀྱིས་གོས་སུ་རི་དྭགས་ཀྱི་པགས་པ་གྱོན་པ་རེད་ཅེས་བཤད་ཡོད་རུང་། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ནི་འཕེལ་རྒྱས་ཕྱིན་ཡོད་པ་མ་ཡིན་ནམ། ད་རུང་ངན་པ་རྣམས་དོར་མ་ཐུབ་ཅིང་བཟང་པོ་ཡང་ལེན་མ་ཐུབ་པའི་ཚོད་དུ་གནས་པ་ནི་ཅི་འདྲིའི་ངོ་གནོང་དགོས་པ་ཞིག་རེད་ཨང་། འདི་འདྲ་བ་ནི་ཏག་ཏག་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་འཕེལ་རྒྱས་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་གྱི་གེགས་སུ་འགྲོ་བས། རང་སྐྱོང་ལྗོངས་དང་རྒྱལ་ཁབ་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་སྡེ་ཁག་དང་ཁོར་སྲུང་ཚན་པ་བཅས་ནས་ངེས་པར་དོ་སྣང་བྱེད་དགོས།” ཞེས་རིས་སྐྱེས་སྲོག་ཆགས་ཀྱི་པགས་རིགས་རྒྱན་གོས་བྱེད་པར་འདོད་པ་མེད་པ་དང་། སྤྱི་ཚོགས་བརྒྱུད་ལམ་ཁག་གི་གནས་ཚུལ་ལ་དོ་སྣང་བྱེད་ཀྱི་ཡོད་པའི་ཚུལ་བརྗོད་འདུག
འདིའི་སྐོར་ལ་བསམ་ཚུལ་བཤད་མཁན་རེ་འགས། སྟག་གཟིག་ཝ་སྲམ་སོགས་ཀྱི་པགས་པ་རྒྱན་གོས་བྱེད་པ་ནི། ཁོར་ཡུག་སྲུང་སྐྱོབ་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་སོགས་ལྷ་ཆོས་མི་ཆོས་གཉིས་ཀར་འགལ་ཡོད་པ་དང་། རྒྱ་ནག་གི་ཁྲིམས་ལུགས་དང་རྒྱལ་སྤྱིའི་ཁྲིམས་ལུགས་སོགས་ལའང་འགལ་ཡོད་པ་མ་ཟད། ནག་ཉེས་ཆེན་པོ་ཡོད་པའི་ཉེས་ཁྲིམས་ཀྱི་ཁོངས་སུ་གཏོགས་ཀྱང་རྒྱ་ནག་གཞུང་གིས་བཀག་སྡོམ་དང་གྱོད་ཞིབ་བྱེད་ཀྱི་མེད་པ་ནི་ཡ་མཚན་ཡིན་ཞིང་། ས་གནས་ཁ་ཤས་ནང་སྲིད་གཞུང་གི་ལས་བྱེད་ཚོས་ཆེད་དུ་མང་ཚོགས་ལ་བཀའ་ཁྱབ་བཏང་སྟེ། བོད་མི་རིགས་ཀྱི་རིག་གཞུང་དང་ས་གནས་མང་ཚོགས་ཀྱི་ཁྱད་ཆོས་ཟེར་བའི་མིང་ཐོག་ནས་སྟག་གཟིག་ཝ་སྲམ་དང་། གསེར་དངུལ་གཡུ་བྱུར་གྱི་རྒྱན་ཆ་འགྲན་བསྡུར་བྱེད་པར་སྐུལ་སློང་བྱེད་ཀྱིན་ཡོད་སྐོར་ཀྱང་བརྗོད་འདུག
ཉེ་ལམ་པོད་ཕྲན་དྲ་བའི་སྟེང་། བོད་པའི་གླུ་མ་རིག་འཛིན་སྒྲོལ་མ་ལགས་ཀྱིས་ “རི་སྐྱེས་སྲོག་ཆགས་ནི་རང་རྒྱལ་གྱི་སྐྱེ་ཁམས་ཤེས་ཡོན་གྱི་ལྟེ་བའི་རིན་ཐང་ཡིན་པ་དང་། ཆུ་སྲམ་དང་གཟིག ཝ་མོ་སོགས་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་དང་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་ཡིན་པས། སྐྱེ་ཁམས་མ་ལག་སྙོམས་སྒྲིག་བྱེད་པར་མེད་དུ་མི་རུང་བའི་ཡན་ལག་ཡིན། ཏང་ཡོན་ཡིན་པའི་མི་དམངས་འཐུས་མི་རྣམས་ཀྱིས་མགོ་བཟུང་ནས་གཅན་གཟན་གྱི་པགས་པ་ཉོ་འཚོང་བྱེད་པས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་བཏོན་པའི་སྐྱེ་ཁམས་དཔལ་ཡོན་གྱི་རིན་ཐང་ལྟ་བ་གང་དུ་ཡོད། བོད་མི་ཕལ་ཆེ་བས་སྔ་མོ་ནས་རི་དྭགས་ཀྱི་པགས་པ་གོས་སུ་མི་གྱོན་པའི་འབོད་སྐུལ་དང་ལག་ལེན་བྱས་ཡོད” ཅེས་བྲིས་འདུག་པ། སྤྱི་ཚོགས་དྲ་ལམ་ཁག་ཏུ་བརྒྱུད་འགོད་བྱས་འདུག
ཕྱི་ལོ་ ༢༠༠༦ ལོར་༧གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་མཆོད་རྟེན་ཆེན་མོ་རུ། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༠ པ་བསྩལ་སྐབས། བོད་ནང་གི་བོད་མི་ཚོས་སྟག་གཟིག་ཝ་སྲམ་སོགས་ཀྱི་པགས་པའི་རྒྱན་གོས་བྱེད་པ་དང་། གསེར་དངུལ་གཡུ་བྱུར་གྱི་རྒྱན་ཆས་ཚད་ལས་བརྒལ་བ་གྱོན་འདོག་བྱེད་ཀྱིན་ཡོད་པ་དེ་དག་ནི་ལྐུག་རྟགས་དང་། མི་རིགས་གཞན་ལ་ངོ་ཚ་དགོས་པའི་བྱབ་ཆུང་ཀླད་མེད་ཀྱི་བྱ་སྤྱོད་ཅིག་ཡིན་སྐོར་ནན་གྱིས་གསུངས་རྗེས། བོད་མདོ་དབུས་ཁམས་གསུམ་ནང་མ་སྐུལ་དང་བླངས་ཐོག་སྟག་གཟིག་ཝ་སྲམ་གྱི་རྒྱན་གོས་རིགས་མེར་བསྲེགས་གཏོང་བའི་ལས་འགུལ་གྱི་ཚ་རླབས་ཞིག་འཕྱུར་ཡོད་པ་དང་། སྐབས་དེ་ནས་བཟུང་བོད་ནང་དུ་ལོ་གསར་སོགས་དབྱར་དགུན་གྱི་སྟོན་མོ་དང་མཛད་སྒོ་གང་དུའང་སྟག་གཟིག་ཝ་སྲམ་གྱི་པགས་རིགས་རྒྱན་ཆས་སྤྲས་མཁན་ཧ་ལམ་མཐོང་དཀོན་པའི་གནས་སྟངས་ཆགས་ཡོད་ཀྱང་། འདས་པའི་ལོ་ཤས་གོང་ནས་སླར་ཡང་བོད་ནང་གི་ས་ཁུལ་རེ་ཟུང་ནང་སྟག་གཟིག་ཝ་སྲམ་གྱི་རྒྱས་ཆས་གྱོན་མཁན་རེ་གཉིས་མཐོང་རྒྱུ་ཡོད་པ་དང་། སྤྱི་ཚོགས་བརྒྱུད་ལམ་ཁག་ཏུའང་དེ་དག་གི་དཔར་བརྒྱུད་འགོད་བྱས་ཏེ་སྐྱོན་བརྗོད་དང་ཚིག་མཚོན་སྣ་ཚོགས་འདེབས་བཞིན་འདུག
ཕྱི་ལོ་ ༢༠༠༦ ཟླ་ ༡ པོའི་ཚེས་ ༩ ཉིན་༧གོང་ས་མཆོག་གིས་བོད་ནང་ལ་ཆེད་དམིགས་ཀྱིས་གསུང་བཤད་གནང་དོན། དེང་སྐབས་བོད་ནང་གི་མི་བྱབ་ཆུང་ཁ་ཤས་ནས་སྟག་ལྤགས་དང་གཟིག་ལྤགས། སྲམ་ལྤགས་སོགས་ཀྱི་མཐའ་རྒྱན་ཅན་གྱི་རྒྱན་གོས་ལ་རྒྱས་སྤྲོས་བྱེད་མཁན་ཡོད། མ་གཞི་བོད་མིའི་སྤྱི་ཚོགས་ནང་དགྲ་ལྷ་དང་། སྲུང་མ་སོགས་ཀྱི་ལྷ་ཆས་ནང་དུ་རྫིག་ཉམས་ཡིན་ཁུལ་གྱིས་སྟག་ལྤགས་དང་གཟིག་ལྤགས་སོགས་པགས་རིགས་རྒྱན་སྤྲོས་ཅན་གྱི་ལྷ་གོས་བཟོས་ཡོད་པ་ཁག་ནས་མིག་ལྟོས་ངན་པ་ཆགས་ཡོད་སྲིད། དེ་དག་ལ་བརྟེན་ཏེ་མིས་ཀྱང་རྫིག་ཉམས་འདོན་ཆེད་རྒྱས་སྤྲོས་ཅན་གྱི་ལགས་རིགས་གྱིན་གྱི་ཡོད། ནང་དུ་ཡོན་ཏན་གང་ཡང་མེད་པར་ཕྱིའི་གོས་གཅན་གཟན་པགས་རིགས་གྱོན་ནས་རྫིག་ཉམས་འདོན་ཁུལ་བྱས་ན་དངོས་དོན་ཐོག་ངོ་ཚ་བའི་རང་བཞིན་རེད། ཧ་ཅང་ཐབས་སྐྱོ་བོའི་གནས་ཚུལ་རེད། ཡང་རིགས་ཁ་ཤས་ནས་ལག་པའི་མཛུབ་མོ་མང་ཆེ་བར་གསེར་གྱི་མཛུབ་རྒྱན་གཉིས་གསུམ་གྱོན་ནས་རྒྱུ་ངོམ་དང་རྒྱས་སྤྲོས་བྱེད་མཁན་ཡོད། ཐ་ན་ལག་པས་སྤགས་ཤིག་གཡོ་སྦྱོར་བྱེད་དགོས་ཀྱང་འགུལ་ཐབས་མེད་པའི་མཛུབ་རྒྱན་གྱོན་མཁན་འདུག ཚིག་ཁེབས་དེ་འདྲ་གྱོན་མཁན་ཚོས་སྤགས་ཇི་ལྟར་བྱས་ཏེ་གཡོ་སྦྱོར་བྱེད་ཀྱི་ཡོད་དམ་སྙམ་པ་དྲན་གྱི་འདུག
བར་སྐབས་བོད་མིའི་ནང་ནག་ཚོང་རྒྱག་མཁན་དང་། གཅན་གཟན་གྱི་པགས་རིགས་ཉོ་ཚོང་བྱས་པ་སོགས་ཀྱི་མཚན་ཤས་ཀྱི་བློ་ཕམ་གནས་ཚུལ་མང་དུ་འགྲོ་བཞིན་འདུག དེ་དག་ནི་བོད་ནང་གཅན་གཟན་པགས་རིགས་འགྲོ་རྒྱུག་ཆེན་པོའི་གནས་ཚུལ་ཆགས་པས་ཡིན། ཡང་བོད་མིས་འཁྲུག་པ་རྒྱག་པ་དང་། མི་གསོད་པ་སོགས་ཀྱི་ཚུལ་མིན་བྱ་སྤྱོད་སྐོར་དེང་སྐབས་དྲིལ་བསྒྲགས་བྱེད་མཁན་མང་དུ་འགྲོ་བཞིན་འདུག དེ་དག་ཧ་ཅང་ཐབས་སྐྱོ་བོ་དང་བོད་མིའི་ཞབས་འདྲེན་ཡིན། དངོས་གནས་བྱས་ན་བོད་མིའི་གཞི་རྩའི་ཤེས་བྱ་ཡོན་ཏན་ཇེ་ལེགས་སུ་ཕྱིན་ཡོད་པ་དང་། དཔལ་འབྱོར་ལོངས་སྤྱོད་ཀྱང་བཟང་དུ་ཕྱིན་ཡོད་སྟབས་དོམ་དམ་འདོད་རྔམས་ཆུང་དུ་འགྲོ་དགོས་ཀྱང་། གནས་སྟངས་ཇེ་བཟང་དུ་འགྲོ་རྒྱུའི་ཚབ་ཏུ་སྡུག་ཏུ་ཕྱིན་ན་འབྱུང་འགྱུར་གྱི་གནས་སྟངས་ཅི་འདྲ་ཞིག་ཆགས་རྒྱུ་ཡིན་ནམ།
ངོས་རང་མི་སྒེར་པ་ཞིག་རེད། ཧ་ལས་དགོས་དོན་གང་ཡང་མེད། འོན་ཀྱང་ངོས་ནས་བོད་སྤྱི་པའི་འགན་ཞིག་འཁྱེར་ཡོད། ལོ་ན་རྒས་འགྲོ་བའི་སྐབས་སུ་ད་དུང་བོད་མིའི་བཟང་སྤྱོད་དང་། མཚན་མཐོང་ལ་རྒྱ་ཞན་དུ་ཕྱིན་ན་ངོས་རང་བསྡད་ཀྱང་མ་བསྡད་ཀྱང་ཁྱད་པར་མི་འདུག་སྙམ་པ་སྐབས་རེར་དྲན་གྱི་འདུག ད་ལྟའི་བར་དུ་ཕྱོགས་ཚང་མར་རེ་བ་བརྒྱབ་སྟེ་སྟོབས་ཤུགས་བསྒྲིལ་ན་བསྟན་སྲིད་སྤྱི་ལ་ཕན་པ་ཡོང་གི་རེད་བསམ་པའི་རེ་བ་བརྒྱབ། ཡིད་ཆེས་བྱས། སྨོན་ལམ་ཚུན་བརྒྱབ་ནས་འབད་བརྩོན་བྱེད་ཀྱིན་ཡོད། འོན་ཀྱང་། བོད་མིའི་གཤིས་ཀ་དང་སྤྱོད་པ། མཚན་མཐོང་བཅས་ཞན་དུ་འགྲོ་བའི་གནས་ཚུལ་ཡོང་སྐབས་ངོས་ལ་སྐྱེས་བ་ཕྱི་མ་གང་དུ་འགྲོ་བ་གདེང་མེད་ཀྱང་ཕན་ཐོགས་མེད་ན་བསྡད་ཀྱང་དོན་ཆེ་བ་མེད་སྙམ། ཡུས་བཤད་པ་གང་ཡང་མིན། སྐབས་རེར་འདི་འདྲ་དྲན་གྱི་འདུག
ད་རེས་འདི་ཕྱོགས་བོད་གཞིས་ནས་རང་རིགས་མང་པོ་ཞིག་འབྱོར་ཡོད་སྟབས། དེ་རིང་ཆེད་མངགས་ནན་བཤད་བྱེད་རྒྱུར། བོད་མི་ཚོས་དགོས་མེད་ཀྱི་རྒྱས་ཆར་དང་དོད་དང་། རྒྱས་སྤྲོས་བྱེད་པ། སེམས་ཅན་གྱི་པགས་རིགས་ནས་རྒྱས་གོས་བཟོ་བ་དེ་རིགས་ནི་ལྐུག་རྟགས་ཀྱི་ངོ་ཚ་བའི་གནས་ཡིན། རྒྱན་ཆ་ངོ་མ་ནི་རང་རང་བསམ་བློའི་ནང་ཆོས་དང་ཤེས་ཡོན་གྱི་ཡོན་ཏན་ཡོད་ན་དོན་དམ་གྱི་རྒྱན་ཆ་ཡིན། རང་སེམས་ཞི་ཞིང་དུལ་བ་བྱུང་ན་རྒྱན་ཆ་ཡིན། ནང་བསམ་བློའི་ནང་ཆོས་དང་འཇིག་རྟེན་གྱི་ཤེས་བྱ་གང་ཡང་མེད་པར་གསེར་དངུལ་གཡུ་བྱུར་དང་། གཅན་གཟན་པགས་རིགས་ཀྱི་རྒྱན་ཆ་མཆོར་པོ་གྱོན་ནས་ལྷ་ཕེབས་གྲབས་ཡོད་ན་ནི་ཕེབས་ཆོག དེ་མིན་བྱབ་ཆུང་གི་ལས་ཡིན། མདོ་དོན་བོད་འབངས་ཚང་མས་བྱབ་ཆུང་གི་ལས་དུས་ནམ་ཡང་བྱེད་རྒྱུ་མེད།
གོང་གསལ་ཚུལ་མིན་གྱི་གནས་ཚུལ་དེ་དག་ནི་བོད་མིའི་ཞབས་འདྲེན་དང་ངོ་ཚ་དགོས་པའི་གནས་རེད། ཚང་མས་གཟབ་གཟབ་བྱེད་དགོས་ཀྱི་འདུག ཁྱེད་རང་ཚོས་ངོས་ནས་བཤད་པའི་བརྡ་ལན་ཁག་བོད་ནང་གསལ་བོར་འཁྱོལ་ཐུབ་པ་བྱེད་དགོས། ཤེས་སོང་ངམ། བོད་ནང་རྒྱས་སྤྲོས་ཅན་གྱི་རྒྱན་ཆར་དང་དོད་བྱེད་པ་དང་། ལྷག་པར་དུ་གཅན་གཟན་པགས་རིགས་ཀྱི་རྒྱན་གོས་བཟོས་ཏེ་བྱབ་ཆུང་གི་བྱ་སྤྱོད་གནས་ཚུལ་དེས་བོད་མི་སྤྱིའི་ཐོག་མཚན་ཤས་དང་། ༧རྒྱལ་བ་རིན་པོ་ཆེ་ངོ་ཚ་ནས་བཞུགས་འདུག་ཅེས་བརྗོད་དགོས། ང་ཚོས་གནས་ཚུལ་གསལ་བོ་མཐོང་དགོས་པ་ཞིག་ལ་སྐབས་རེར་བོད་སྡོད་རྒྱའི་ས་གནས་དབང་འཛིན་པའི་ལས་བྱེད་བྱབ་ཆུང་དེ་འདྲས་ཆེད་མངགས་ངན་སེམས་འཁོགས་བཅངས་བྱས་ཏེ། བོད་མི་ཚོས་རྒྱན་གོས་མཆོར་པོ་གྱོན་རྒྱུ་མེད་ན་མ་གཏོགས་གྱོན་དགོས་ཞེས་ངན་སྐུལ་བྱས། རང་རིགས་ཀླད་ཆུང་ཚོས་ཀྱང་རེད་སྙམ་ནས་གསེར་དངུལ་གཡུ་བྱུར་དང་། སྤོ་ཤེལ། གཅན་གཟན་པགས་རིགས་སོགས་རྒྱས་གོས་མཆོར་པོ་གྱོན་ནས་ངོམ་སྟོན་བྱེད་ཀྱིན་མེད་དམ་སྙམ། ངོས་ནས་བོད་ནས་ཐོན་པའི་བརྙན་པར་དེ་འདྲ་ཁ་ཤས་མཐོང་བྱུང་། དེ་དག་ལ་རང་མདོག་རང་གིས་བསྟན་པ་ལས་དགེ་མཚན་གང་ཡང་མཐོང་ཐོས་མ་བྱུང་། གནས་ཚུལ་དེ་རིགས་ལ་བོད་འབངས་ཚང་མས་གཟབ་ནན་བྱེད་དགོས་ཀྱི་འདུག གོ་སོང་ངམ། ཞེས་སོགས་ནན་གྱིས་གསུངས་ཡོད།
གསར་འགོད་པ། དོན་འགྲུབ་བཀྲ་ཤིས།
གོང་དུ་ཡོད་པའི་ཅན་གཟན་གྱི་ལྤག་པ་གྱོན་མཁན་གྱི་མི་དེ་དག་ལ་བལྟ་བ་ཙམ་གྱི་གད་མོ་ཤོར་གྱི་འདུག
འཕྲུལ་ཆས་ལ་མཛེས་རྒྱན་སྤྲས་པ་འདྲ་པོ་འདུག
དངོས་གནས་ཆེད་རྗེས་ལུད་ཐེབས་པ་ཞིག་རེད་འདུག
འོན་ཀྱང་ཕྲན་གྱི་བསམ་ལོར་དེ་ལྟ་བུའི་མི་གྲངས་ནི་བོད་མིའི་ཁྲོད་ཆེད་ཉུང་ཉུང་ཞིག་རེད་བསམ་གྱི་འདུག
འཛམ་གླིང་གང་སར་ཐམས་ཅད་འགྲིག་པ་ཧ་ཅང་དཀོན་པོ་རེད།
མ་འགྲིག་པ་དེ་དཚོ་བཟོ་བཅོས་བྱེད་རྒྱུ་ང་ཚོའི་ལས་འགན་རེད།
སྒང་གི་གསར་འགྱུར་ནང་གི་པར་དང་པོ་དང་གཉིས་པ་གསུམ་པ་དག་ད་ལོ་ངོ་དེབ་དང་སྐར་འཕྲིན་ནང་གི་འགྲོ་རྒྱུག་ཆེ་ཤོས་དང་གླེང་སློང་མང་ཤོས། སྐྱོན་བརྗོད་དང་ཁ་རྡུང་རྒོལ་ཤོས་དག་རེད།
པར་དང་པོ། བོད་རང་སྐྱོང་ལྗོངས་ཀྱི་ཚོགས་འདུའི་སྟེང་གི་ས་གནས་ཁག་གི་བོད་པའི་འཐུས་མི་ཚོ་རེད།
པར་གཉིས་པ། ད་ལོའི་སྤྱི་ཟླ་བརྒྱད་པ་དགུ་བ་ཞིག་ལ་ཁམས་ཆབ་མདོའི་དགོན་པ་ཞིག་གི་ནང་རེད།
པར་གསུམ་པ། སྤྱི་ལོ་ ༢༠༠༦ ལོར་ཨ་མདོ་རྔ་བ་ཕྱོགས་ནས་སྟག་གཟིག་གི་རྒྱན་གོས་མེར་སྲེག་བཏང་བ།
པར་བཞི་བ། ད་ལོའི་སྤྱི་ཟླ་བདུན་པ་བརྒྱད་པ་ཞིག་ལ་ནག་ཆུ་ས་ཁུལ་ཞིག་གི་དབྱར་སྐྱིད་གཏོང་སྐབས་རེད།
པར་ལྔ་བ། སྤྱི་ལོ་ ༢༠༠༦ ལོར་ལི་ཐང་ཕྱོགས་ནས་སྟག་གཟིག་གི་རྒྱན་གོས་མེར་སྲེག་བཏང་བ།
པར་དེ་དག་ལ་འགྲེལ་བཤད་དང་བསམ་ཚུལ།
པར་དང་པོ་དེ་སྲིད་གཞུང་གི་རྒྱུག་ཁྱི་ཨབ་ཕྲུག་དེ་ཚོས་སྲིད་གཞུང་གི་ངོ་སྲུང་ཆེད་རེད། སྟག་གཟིག་གི་པག་སྲམ་གྱོན་ན་གཅིག་ནས་ཏཱ་ལའི་བླ་མ་དང་ཁ་བྲལ་བའི་ཕྱོགས་གཏོགས་མིན་པ་དང་དེ་ཚོར་ངོ་རྒོལ་ཡོད་པ་མཚོན་པ། གཉིས་ནས་གུང་ཁྲན་ཏང་དང་རྒྱལ་ཁབ་ལ་དགའ་བ་དང་། སྤྱི་ཚོགས་འཚོ་བར་བདེ་སྐྱིད་ལྡན་པ་དང་འབྱོར་ཕྱུག་ཆེ་བ་མཚོན་ཐབས་བྱེད་ཀྱིན་ཡོད་པ་རེད།
པར་གཉིས་པ་དེ་ད་ལོ་ངོ་དེབ་སོགས་སུ་ཐོན་སྐབས་བཤད་སྟངས་འདྲ་མི་འདྲ་འདུག ཁ་ཤས་ཀྱིས་རྒྱ་ནག་གཞུང་གི་ལྐོག་ཇུས་འོག་དོལ་རྒྱལ་ལ་འབྲེལ་བ་ཡོད་མཁན་ཚོས་ཆེད་དུ་༧རྒྱལ་བ་རིན་པོ་ཆེ་ལ་ངོ་རྒོལ་བྱེད་ཀྱིན་ཡོད་པ་རེད་ཟེར་མཁན་ཡང་འདུག ཡང་ཁ་ཤས་ཀྱིས་ད་ལྟའང་བོད་ཕྱི་ནང་བར་གོ་བརྡ་གསལ་བོ་མ་འཕྲོད་ཀྱི་མེད་པ་ས་ཆ་ཁུག་དཀྱོག་དེ་འདྲ་ཡོད་པ་རེད། ཡུན་ནན་ས་ཁུལ་དང་གོང་པོ་ས་ཁུལ། ད་དུང་ཁམས་ཕྱོགས་སུ་ཕྱི་ཕྱོགས་ལ་འབྲེལ་བ་ཁྱོན་ནས་བྱེད་ཐུབ་ཀྱི་མེད་པའི་ས་ཁུལ་དེ་འདྲ་ལྷག་བསྡད་ཡོད་པ་རེད། དེ་ཚོའི་སྤྱི་ཚགོས་དང་དགོན་པ་ཚོའི་ནང་༧གོང་ས་མཆོག་དང་ཕྱི་ལོག་གི་གནས་ཚུལ་མང་པོ་ཞིག་མ་གོ་བར་དེ་འདྲ་བྱེད་ཀྱི་ཡོད་པ་རེད་ཟེར་མཁན་ཡང་འདུག
པར་གསུམ་པ་དེ་སྤྱི་ལོ་༢༠༠༦ ལོར་ཨ་མདོའི་རྔ་བ་ས་ཁུལ་དུ་སྟག་གཟིག་པགས་རིགས་ཀྱི་རྒྱན་གོས་རིགས་མེར་སྲེག་གཏོང་གི་ཡོད་པ་དེ་རེད། སྤྱིར་བཏང་སྐབས་དེར་ཆོལ་ཁ་གསུམ་ནང་སྟག་གཟིག་གི་པགས་རིགས་མེར་སྲེག་གི་ལས་འགུལ་ཤུགས་ཆེན་པོ་བྱུང་ཡོད་ནའང་ཨ་མདོ་རྔ་བ་སོགས་སུ་ཚོང་པ་ཆེན་པོ་ཚོས་སྣེ་འཁྲིད་ནས་མ་རྩ་ཕོན་ཆེན་པོའི་རྒྱན་གོས་མེར་སྲེག་བཏང་བའི་གནས་ཚུལ་ཐོན་ཡོད།
པར་བཞི་བ་དེ་ད་ལོའི་ཟླ་བ་དྲུག་པ་བདུན་པའི་ནང་ནག་ཆུ་ས་ཁུལ་གྱི་དབྱར་སྐྱིད་ཅིག་གི་སྐབས་སུ་བྱུང་བ་ཞིག་རེད། ཁ་ཤས་ཀྱིས་སོག་རྫོང་རེད་ཟེར་བ་ཞིག་ཀྱང་གོ་སོང་། གང་ལྟར་རྒྱ་ནག་གི་བཀོལ་བྱུས་འོག་ས་གནས་བོད་རིགས་མི་མང་ཚོ་གཡོ་འོག་ཏུ་ཚུད་དེ་རྫོང་གི་སྟོན་མོ་དང་ས་ཁུལ་གྱི་སྟོན་མོ་དེ་འདྲའི་ཐོག་རྒྱ་གཞུང་གིས་མང་ཚོགས་ལ་ཆེད་དུ་སྟག་གཟིག་གི་པགས་རིགས་གྱོན་དུ་བཅུག་པ་དང་། ས་གནས་མང་ཚོགས་སློབ་སྦྱོང་དང་ཕྱི་ཕྱོགས་ཀྱི་གནས་ཚུལ་མ་གོ་མཁན་བྱབ་ཆུང་འགའ་ཞིག་གིས་ཀྱང་ལས་དོན་དེར་འབད་བསྒྲུབ་བྱས་པ་ཞིག་ཡིན་ཚོད་འདུག
པར་ལྔ་བ་དེ་ནི་༢༠༠༦ལོའི་ལོ་མཇུག་ཙམ་ལ་ཁམས་ལི་ཐང་ས་ཁུལ་ནས་སྟག་གཟིག་གི་པགས་པའི་རྒྱན་གོས་རིགས་མེར་སྲེག་བཏང་བ་དེ་ཡིན་པ་འདྲ། གང་ཡིན་ཟེར་ན་སྐབས་དེར་ང་རང་ཡང་དེའི་སྐོར་གྱི་གནས་ཚུལ་ཐོག་ལས་ཀ་བྱས་མྱོང་མཁན་ཞིག་ཡིན། གསལ་བོ་ཞིག་ཞུ་ཐུབ་མ་སོང་ནའང་སྐབས་དེར་བསྡུ་གསོག་བྱས་པའི་པར་མང་པོ་ཞིག་ལ་འགྲེལ་བཤད་དང་བཅས་ཉར་ཡོད་པས་དེ་དག་ལ་ཞིབ་འཇུག་བྱས་པ་ཡིན།
དུས་ཐོག་ཆར་བ་ལྟ་བུའི་གསར་འགྱུར་ཞིག་སྤེལ་འདུག དྲ་གྲོགས་ཚོས་བཀའ་སློབ་དེ་བོད་ནང་ལ་གཏོང་རོགས
འདི་རྒྱན་གོས་མ་རེད་ཆབ་སྲིད་རེད། རང་མདོག་བསྟན་པ་རེད།
དེང་སང་བོད་མི་ཚོར་རི་སྐྱེས་སྲོག་དང་། རྟ་ནོར་ལུག་གི་ཤ་ཟོས་པགས་གོན་ཙམ་གྱིས་མ་ཚིམས་པར། ཉ་འབུ་སྲིན་སོགས་ཀྱི་ཤ་ཟའང་བ་དང་། དེའི་ཤིན་པགས་བེད་སྤྱོད་སོགས་ལའང་གོམས་བཞིན་ཡོད།
གནས་ཚུལ་འདི་ཙམ་མ་རེད་བསམ་གྱི་འདུག ང་ནམ་རྒྱུན་རྒྱ་ནག་གི་བརྒྱུད་ལམ་ཁག་ལྟ་ཀློག་བྱེད་མཁན་ཞིག་ཡིན། རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་གུ་ཇེ་ཡངས་སུ་འགྲོ་བཞིན་ཡོད་པའི་རྣམ་པ་ཞིག་འདུག དྲ་གྲོགས་གཞན་དག་ལ་དེ་འདྲའི་ཚོར་བ་བྱུང་སོང་ངམ།
་་་་་་་་་་ ད་ལོ་ཁམས་ཀྱི་གཉེན་སྟོན་མང་པོ་རུ་གསེར་དངུལ་གཡུ་བྱུར་སོགས་རིན་པོ་ཆེ་དང་སྟག་གཟིག་སྲམ་སོགས་ཀྱི་པགས་པ་རྒྱན་དུ་འདོགས་པ་དང་གོས་སུ་གྱོན་པའི་སྣང་ཚུལ་མང་པོ་མཐོང་རྒྱུ་འདུག་སྟབས།
འདིས་རང་རྒྱལ་གྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་ལས་དོན་ཐད་ད་རུང་མི་འདང་བའི་ཆ་མང་པོ་ཡོད་པ་མཚོན།
ལྷག་པར་དུ་ཏང་ཡོན་ནས་མགོ་འཁྲིད་དེ་གཅན་གཟན་གྱི་པགས་པ་གྱོན་པ་ནི་བོད་ལྗོངས་ཚོགས་ཆེན་གཉིས་ཀྱི་དགོངས་པ་དང་འགལ་བ་ཞིག་རེད། ་་་་་་་་་་་