ཉིན་འདི་འགར་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། འདས་ལོར་བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་ལྗོངས་ཡོངས་ཀྱི་ཏང་ཡོན་ལས་བྱེད་དག་ལ་ཞིབ་བཤེར་བྱས་ཏེ། ཆབ་སྲིད་དང་འགལ་བའི་ནག་ཉེས་ཚབས་ཆེན་ཡོད་པའི་ཉེས་མིང་འོག་ཏང་ཡོན་ལས་བྱེད་ ༡༥ ལ་ཉེས་ཆད་བཅད་ཡོད་སྐོར་འཁོད་འདུག
ཟླ་འདིའི་ཚེས་ ༢༧ ཉིན་བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ལས་དོན་ཁང་གི་རྒྱུན་ལས་དང་དྲུང་ཆེ་ཝང་ཀང་ (Wang Gang) གིས་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཐོག “འདས་ལོར་བོད་རང་སྐྱོང་ལྗོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་ཏང་ཡོན་ལས་བྱེད་ཁྲོད་བོད་རང་བཙན་ཚོགས་ཁག་ལ་འབྲེལ་བ་བྱས་པ་དང་། ཏཱ་ལའི་བླ་མའི་ཤོག་ཁག་སོགས་ལ་གསང་བའི་གནས་ཚུལ་མཁོ་སྤྲོད་བྱས་པ། རྒྱལ་ཁབ་ཀྱི་བརྟན་ལྷིང་དང་བདེ་འཇགས་ལ་གནོད་པའི་ཁྲིམས་འགལ་བྱ་སྤྱོད་སྤེལ་མཁན་ཚོར་རོགས་དངུལ་སྤྲད་པ་བཅས་ཀྱི་དོགས་གཞིའི་འོག་ཞིབ་བཤེར་བྱས་ཏེ། ཏང་ཡོན་ལས་བྱེད་ ༡༥ ཡི་ནག་ཉེས་ར་འཕྲོད་དེ་ཉེས་ཆད་བཅད་ཡོད་”ཅེས་བརྗོད་འདུག
གནས་ཚུལ་འདིའི་ཐད་ཨ་རིའི་རྒྱལ་ས་ཝ་ཤིང་ཌོན་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འབྲེལ་ལམ་འགན་འཛིན་སཱན་ཌར་སེ་ (Kate Saunders) ཡིས་རྒྱ་གར་དུས་བབ་ཐོག་བརྗོད་དོན། “ད་ཐེངས་རྒྱ་ནག་གཞུང་གིས་ཏང་ཡོན་ལས་བྱེད་ ༡༥ ལ་ཉེས་ཆད་ཕོག་ཡོད་པ་བསྒྲགས་པ་དང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་དང་ཕྱི་སྡོད་བོད་མིའི་སྒྲིག་འཛུགས་ཁག་ལ་རྒྱབ་སྐྱོར་བྱེད་མཁན་ཚོར་ཉེས་ཆད་ལྕི་མོ་གཅོད་རྒྱུ་ཡིན་པའི་ཉེན་བརྡ་བཏང་བ་དེས། ད་དུང་རྒྱ་ནག་གཞུང་གིས་བོད་རིགས་ཏང་ཡོན་ཚོས་༧གོང་ས་མཆོག་ལ་དད་ཞེན་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་གསལ་སྟོན་བྱས་ཡོད་སྟབས། ད་ལྟ་རྒྱ་ནག་གཞུང་གིས་བོད་མི་ཚོས་བློ་གཅིག་སེམས་གཅིག་གིས་ཏཱ་ལའི་བླ་མར་དད་ཞེན་བྱེད་པའི་ཚབ་ཏུ་རྒྱ་ནག་གཞུང་ལ་ལར་ཞེན་བཅང་རྒྱུར་རེ་བ་རྒྱག་གི་ཡོད་པ་རེད” བརྗོད་འདུག
དེ་བཞིན། ཁ་ཉིན་རྒྱ་ནག་མི་དམངས་དྲ་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ༢༠༡༤ ལོར་བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་ལས་ཁུངས་གཞན་དང་མཉམ་འབྲེལ་བྱས་ཏེ། གཞུང་དངུལ་སྤྱད་དེ་བཟའ་བཏུང་ལ་རོལ་བ་དང་ལག་རྟགས་སྤྲོད་པ། ཡུལ་སྐོར་དུ་སྐྱོད་པ་སོགས་ཀྱི་ཁྲིམས་འགལ་གནད་དོན་ཁག་ལ་ཞིབ་བཤེར་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་ ༨ དང་འགལ་བའི་གྱོད་དོན་ ༢༤༠ རྩད་ཆོད་བྱུང་སྟེ་མི་ ༡༣༨ ལ་ཆད་པ་བཅད་ཡོད་འདུག
དེ་དག་ཁྲོད་ལྷ་ས་གྲོང་ཁྱེར་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་དེ་སྔའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་ཀྲུའུ་རེན་གཞོན་པ་ཧོང་ཡུས་ཐེན་དང་། རང་སྐྱོང་ལྗོངས་བཟོ་ལས་དང་ཆ་འཕྲིན་ལས་ཁུངས་ཀྱི་དེ་སྔའི་རྟོག་ཞིབ་གཞོན་པ་ཀྲུའུ་ཐའེ་ཀྲུང་། བོད་རང་སྐྱོང་ལྗོངས་ཚྭ་ལས་སྤྱི་ཁྱབ་ཁེ་ལས་ཀྱི་དེ་སྔའི་སྤྱི་ཁྱབ་ཅིང་ལི་ཁྲེང་རུན་ཧྲེ་ཡི་བཅས་ལ་ཆད་པ་ནན་མོ་བཅད་ཡོད། གཞན། གྲོང་གསེབ་ཀྱི་ལས་བྱེད་པ་ ༥༢ ལ་ཆད་པ་བཅད་ཡོད་པ་རེད། ཅེས་སོགས་འཁོད་འདུག
དེའི་ནང་མུ་མཐུད་སྤེལ་དོན། ལོ་གཅིག་རིང་རིམ་པ་ཁག་གི་སྒྲིག་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་སྔ་རྗེས་སུ “གཞུང་གྲོན་གསུམ” དོ་དམ་དང་བེད་སྤྱོད་བྱས་ཚུལ་ལ་ཞིབ་བཤེར་བྱས་ཏེ་སྒྲིག་འགལ་དངུལ་སྒོར་ཁྲི་ ༦༠༤༣ འདེད་ལེན་བྱས་པ་དང་། དམངས་ཕན་མ་དངུལ་ལྐོག་ཟ་དང་གཡོ་ལེན། སྒེར་སྤྱོད་སོགས་སྒྲིག་འགལ་གྱི་གནད་དོན་ཐོ་འགོད་བྱས་ཏེ་མི་ ༨ ལ་ཆད་པ་བཅད། གཞུང་འཁོར་སྒེར་སྤྱོད་ཀྱི་བྱེད་སྤྱོད་ཁག་ ༢༩༥ བཅོས་སྒྲིག་དང་གྲངས་ཚད་དང་ཚད་གཞི་ལས་བརྒལ་བའི་རླངས་འཁོར་ ༡༨ བསྡུས་པ་ཡིན་ཞེས་སོགས་བཀོད་འདུག
གསར་འགོད་པ། དོན་གྲུབ།
བྱམས་པ་ཕུན་ཚོགས་དང་པད་མ་འཕྲིན་ལས་གཉིས་ཀྱི་པར་བཀོད་པ་དེ་ཧ་ཅང་ཡག་བྱུང་།
གྲོང་པ་ཞིག་གི་ནང་མི་ཞིག་གིས་མི་གཞན་ཁ་ཤས་ལ་ཉེས་རྡུང་བཏང་བའི་གནས་ཚུལ་ལྟ་བུ་ཞིག་ལ་མཚོན་ན། ཉེས་རྡུང་གཏོང་མཁན་དང་ཉེས་རྡུང་གཏོང་ཡུལ། གྲོང་པ་དེའི་མགོ་དཔོན་གང་ཞིག་གི་པར་བསྟན་ཡང་མ་འགྲིག་པ་ཡོད་མ་རེད། འདི་དག་ཚང་མ་འབྲེལ་ཆགས་ཀྱི་མི་སྣ་རེད།
དེ་བཞིན་ཨ་རིའི་སྲིད་འཛིན་ཨོ་པ་མའི་སྲིད་ཇུས་དམ་དྲག་ཅིག་ལ་བརྟེན་ཏེ། ཨ་རིའི་རྒྱལ་སྲུང་བདེ་འཇགས་ལས་ཁུངས་ཀྱིས་རྒྱལ་ཁབ་ནང་གི་དཔོན་རིགས་ཁ་ཤས་འཇིགས་སྐུལ་དྲག་སྤྱོད་ཚོགས་པར་འབྲེལ་བ་ཡོད་པའི་དོགས་གཞིའི་འོག་ནས་འཛིན་བཟུང་བྱས་པ་ཡིན་ན། གསར་འགྱུར་ནང་འཛཱིན་བཟུང་བྱེད་མཁན་དང་འཛིན་བཟུང་བྱེད་ཡུལ། སྒང་ནས་བཏང་འཛིན་བྱེད་མཁན་གྱི་དབུ་ཁྲིད་གང་གི་པར་བཀོད་ནའང་འགལ་བ་ཡོད་པ་མ་རེད། མི་འདི་གསུམ་ཀ་འབྲེལ་ཆགས་རེད།
ལྷག་པར་དུ་བྱམས་པ་ཕུན་ཚོགས་དང་པདྨ་འཕྲིན་ལས་གཉིས་ལ་མཚོན་ན་བོད་རང་སྐྱོང་ལྗོངས་འོག་གི་བོད་པའི་དཔོན་རིགས་མཐོ་ཤོས་དེ་གཉིས་རེད། ཆབ་སྲིད་དབང་ཆའི་ཐད་ནས་དམར་ཤོག་དྲུང་ཆེ་ཁྲིན་ཅོན་ཀཱོ་ཡི་རྗེས་ནས་ཁོང་གཉིས་དབང་ཚད་མཐོ་ཤོས་ཆགས་ཡོད། ཁོ་གཉིས་དང་མགོན་པོ་བཀྲ་ཤིས་གསུམ་ནི་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་གཏོང་ཡུལ་གཙོ་བོ་གཉིས་ཆགས་ཡོད།
བྱམས་པ་ཕུན་ཚོགས་དང་། པདྨ་འཕྲིན་ལས་གཉིས་ལ་ཡང་། ཞིབ་གཤེར་བྱེད་བགྱིན་ཡོད་དམ། ལགས། གསར་འགྱུར་ནང་ལ་ཁ་གསལ་མི་འདུག
བྱུང་ན་ཉེས་ཆད་ཕོག་པའི་མི་བཅོ་ལྔའི་མིང་དེ་དག་འདིར་འཁོད་ཐུབ་ན། གཞིས་བྱེས་བོད་མིས་བསམ་གཞིགས་བྱ་ས་ལ་ཕན་ངེས་འདུག
རྒྱ་གཞུང་གིས་བོད་པ་ཚོར་རང་གི་མེས་པོ་ཚོའི་
ཚབ་ཏུ་ཁོར་ཡག་སྟོད་དང་བོད་རང་གི་དར་ཆ་ཡི་ཚབ་
ཏུ་ཁྲག་མདོག་སྐར་ལྔ་དར་ཆ་ཙུག་པ་དང་རྒྱལ་པ་རིན་པོ་ཆེ
ཡའི་སྐུ་པར་ཚབ་ཏུ་མ་འུ་དང་ཏིང་སོགས་རྒྱ་དཔོན་མགོ་པར་སྒྲིགས་དགོས་པ་བཅས་བདེན་རྫུན་དབྱེ་ཤེས་མཁན་བོད་པ་ཚོར་སྡུག་པོ་བཏང་ཡོད་ས་རེད།
བྱམས་པ་ཕུན་ཚོགས་དང་། པདྨ་འཕྲིན་ལས་གཉིས་ལ་ཞིབ་གཤེར་བྱེད་གིན་ཡོད་དམ། མེད་ན་ཁོང་གཉིས་ཀྱི་པར་རིས་བཀོད་དགོས་དོན་གང་ཡིན་ནམ།
བོད་མི་ས་ཡ་དྲུག་གི་ཤ་ཁྲག་ལ་སྔམས་ཟོས་བྱས་པར་མ་ཟད་བོད་ཀྱི་ཆོས་དང་རིག་གནས་སྐད་ཡིག་སོགས་ལ་མཐོང་ཆུང་དང་ཁྱད་གསོད་བྱས་པའི་ལས་རྒྱུ་འབྲས་ཐོག་ཏུ་བབས་པ་རེད། ཕྱི་མགོ་ནང་བཙོང་མཁན་འདི་ཚོའི་དགྲ་ལ་བློ་གཏད་ན་མཇུག་འབྲས་འདི་འདྲ་ལོས་འབྱུང་། ཧ་ཧ་ཧ
ད་རྒྱ་ནག་ཆབ་སྲིད་པ་མ་རབས་དང་། རྒྱ་ནག་གུང་བྲན་འཁྲེགས་འཛིན་པ་རྣམས་འུ་ཐུག་པ་བཟོ་ཐུབ་པའི་དུས་ཚོད་ཤར་ཟིནད་པ་འདྲ། ཀུན་གྱིས་མུ་མཐུད་ནས། སྤྱི་དོན་ལ་འབད་དགོས་འདུག
ཧ་ཧ་ཧ་་་་་ཡང་་་་་བྱམས་པ་བྱ་སྣ་དང་། པད་འཕྲིན་གླག་ངོ་གཉིས་སྨྱོ་ལ་ཁད་རེད་ལ། སྲོག་འཆད་རྒྱུ་གཉིས་ཀས་་་་་་་
་་་་་་་་་་་ ད་དུང་རྒྱ་ནག་གཞུང་གིས་བོད་རིགས་ཏང་ཡོན་ཚོས་༧གོང་ས་མཆོག་ལ་དད་ཞེན་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་གསལ་སྟོན་བྱས་ཡོད་སྟབས། ད་ལྟ་རྒྱ་ནག་གཞུང་གིས་བོད་མི་ཚོས་བློ་གཅིག་སེམས་གཅིག་གིས་ཏཱ་ལའི་བླ་མར་དད་ཞེན་བྱེད་པའི་ཚབ་ཏུ་རྒྱ་ནག་གཞུང་ལ་ལར་ཞེན་བཅང་རྒྱུར་རེ་བ་རྒྱག་གི་ཡོད་པ་རེད་་་་་་་་་་་