བོད་རིགས་ཏང་ཡོན་ལས་བྱེད་ཚོས་ཕྱི་ཕྱོགས་ལ་འབྲེལ་བ་བྱས་ཡོད་ན་དཔང་རྟགས་གསལ་བོ་སྟོན་རྒྱུ་དགོས། དེ་མ་གཏོགས་རྒྱ་ནག་གི་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་ཁྲིམས་འགལ་བྱེད་ཀྱིན་ཡོད་པར་ངོས་འཛིན་བྱེད་རྒྱུ་ཡིན་ཟེར།
ཕྱི་ཟླ་ ༢༨ ཉིན་ལྷ་སར་བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྐབས་བརྒྱད་པའི་ཚོགས་འདུ་ཐེངས་དྲུག་པ་ཟེར་བ་ཞིག་ཚོགས་པའི་སྟེང་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲིན་ཆོན་ཀའོ་ཡིས ཚོགས་འདུ་དབུ་འཛུགས་ཀྱི་གཏམ་བཤད་རིང་པོ་ཞིག་སྤེལ་བའི་ནང་། བོད་ནང་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་གཏོང་བ་དང་ཁ་བྲལ་ལ་རྒོལ་རྡུང་གཏོང་བ་གཉིས་ཟུང་དུ་འབྲེལ་ནས་ཞིབ་བཤེར་ཐག་གཅོད་བྱེད་དགོས་པ་དང་། ཁ་བྲལ་ལ་རྒོལ་རྡུང་ཤུགས་ཆེ་རུ་གཏོང་དགོས་པ་སོགས་བརྗོད། དེ་བཞིན། ཟླ་ ༡ ཚེས་ ༢༧ ཉིན་བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་འགན་འཛིན་ཝང་ཀང་གིས། “འདས་ལོར་བོད་རང་སྐྱོང་ལྗོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་ཏང་ཡོན་ལས་བྱེད་ཁྲོད་བོད་རང་བཙན་ཚོགས་ཁག་ལ་འབྲེལ་བ་བྱས་པ་དང་། ཏཱ་ལའི་བླ་མའི་ཤོག་ཁག་སོགས་ལ་གསང་བའི་གནས་ཚུལ་མཁོ་སྤྲོད་བྱས་པ། རྒྱལ་ཁབ་ཀྱི་བརྟན་ལྷིང་དང་བདེ་འཇགས་ལ་གནོད་པའི་ཁྲིམས་འགལ་བྱ་སྤྱོད་སྤེལ་མཁན་ཚོར་རོགས་དངུལ་སྤྲད་པ་བཅས་ཀྱི་དོགས་གཞིའི་འོག་ཞིབ་བཤེར་བྱས་ཏེ། ཏང་ཡོན་ལས་བྱེད་༡༥ཡི་ནག་ཉེས་ར་འཕྲོད་དེ་ཉེས་ཆད་བཅད་ཡོད་”ཅེས་སོགས་བརྗོད་ཡོད།
གནད་དོན་དེའི་ཐད་འདི་གའི་གསར་འགོད་པས་བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་མི་སྣར། བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་ཚོའི་སྐད་ཆ་དེར་ངོས་འཛིན་དང་། ཁུངས་ལུང་ཅི་ཙམ་ཡོད་མེད་བཅར་འདྲི་ཞུས་པར། ཕྱི་འབྲེལ་རྒྱ་ཡིག་ཚན་པའི་འགན་འཛིན་བསོད་ནམས་རྡོ་རྗེ་ལགས་ཀྱིས། རྒྱ་ནག་གཞུང་ཕྱོགས་ཀྱི་གསར་འགྱུར་ནང་ཐོན་པ་ལྟར་ང་ཚོར་དོ་སྣང་བྱུང་། ཡིན་ན་ཡང་ད་ལྟའི་ཆར་ཞིབ་བཤེར་བྱེད་བཞིན་པའི་སྒང་ཡིན་ལབ་ཡོད་དུས། གནས་ཚུལ་ཁ་གསལ་མིན་པའི་ཐོག་གནས་ཡོད་སྟབས། ང་ཚོར་དེའི་ཐོག་བསམ་འཆར་དམིགས་བསལ་ཞུ་རྒྱུ་མེད།
ང་རང་གིས་བལྟས་ན། གསར་འགྱུར་ནང་གསལ་བའི་མི་གྲངས་ ༡༥ པོ་དེ་དག་གིས་ནག་ཉེས་གང་བསགས་ཡོད་མེད་དང་། ས་གནས་གང་དུ་དུས་ཚོད་ནམ་ཞིག་ལ་ཁྲིམས་འགལ་བྱ་བ་ཅི་ཞིག་བྱས་པ། དེ་དག་རེ་རེ་བཞིན་དཔང་རྟགས་དང་བཅས་གསལ་བོ་སྟོན་རྒྱུ་ཡོད་ན། ད་གཟོད་ཁྲིམས་ཀྱི་ནུས་པ་ལྡན་པ་རེད་བསམ་གྱི་འདུག དེ་མ་གཏོགས་ཉེས་མིང་ཆེན་པོ་བཏགས་ཏེ་ཆད་པ་ལྕི་མོ་ཞིག་བཅད་ན། རྒྱ་ནག་གི་ཁྲིམས་འཛིན་ལས་ཁུངས་དེ་དག་གིས་ཁྲིམས་འགལ་བྱེད་ཀྱིན་ཡོད་པར་ངོས་འཛིན་མི་བྱེད་ཐབས་མེད་རེད། དཔེར་ན། ༢༠༠༨ ལོར་ལྷ་ས་ནས་མགོ་བཙུགས་ཏེ་བོད་ནང་ཞུ་བའི་ངོ་རྒོལ་གཞི་རྒྱ་ཆེན་པོ་ཞིག་བྱུང་སྐབས་ཀྱང་། རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་དེའི་སྲིད་བློན་ཝུན་ཅཱ་པའོ་ཡིས། ལྷ་སའི་ཟིང་ཆ་དེ་ཏཱ་ལའི་རུ་ཚོགས་ཀྱིས་བརྒྱུད་སྐུལ་བྱས་པའི་ཁུངས་འཕེར་དཔང་རྟགས་ཡོད་སྐོར་འུད་སྒྲོག་བྱས་པ་རེད། ཡིན་ནའང་ད་བར་རྒྱལ་སྤྱིའི་ཐོག་དཔང་རྟགས་གཅིག་ཀྱང་སྟོན་ཐུབ་ཡོད་པ་མ་རེད། ཅེས་བརྗོད་བྱུང་།
བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲིན་ཆན་ཀོ་ཡིས་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་དང་ཁ་བྲལ་ལ་རྒོལ་རྡུང་ཟུང་འབྲེལ་བྱེད་དགོས་སྐོར་ཞིག་བརྗོད་པའི་སྐོར་དྲིས་པར། ཁོང་གིས། རྒྱ་ནག་གི་ཞིང་ཆེན་དང་གྲོང་ཁྱེར་ཕལ་མོ་ཆེའི་ནང་༼ཀྲུང་དབྱང་གི་སྐོར་གཟིགས་དང་དག་ཐེར༽ཞེས་ལྐོག་ཟ་རུལ་སུངས་རྒོལ་རྡུང་ལས་འགུལ་ཞིག་སྤེལ་བ་རེད། རྒྱ་ནག་གི་གསར་ལམ་ཁག་ཏུ་གནས་ཚུལ་དེ་དག་ཚང་མ་དཔལ་འབྱོར་དང་འབྲེལ་བ་ཡོད་པ་ཤ་སྟག་རེད། ཡིན་ནའང་བོད་མི་གནས་སྡོད་བྱ་སའི་ས་ཁུལ་ནང་གཙོ་བོ་དཔལ་འབྱོར་ཐོག་ནས་མ་ཡིན་པར་བརྟན་ལྷིང་ཟེར་བ་དང་། ཁ་བྲལ་རིང་ལུགས་ཟེར་བའི་མིང་ཐོག་ནས་བོད་མིའི་ཐོག་རྒོལ་རྡུང་གཏོང་གི་ཡོད་པ་གསལ་པོ་རེད། རྒྱ་ནག་དབུས་མཐོ་རིམ་དཔོན་རིགས་ཁྲོད་ལྐོག་ཟ་རུལ་སུངས་མང་པོ་དེ་འདྲ་ཡོད་དུས། ས་གནས་ཁག་ནང་དེ་བས་ཡོད་ཡོད་པ་རེད། ད་རེབ་ཀྱི་གནས་ཚུལ་དེ་དག་ཀྱང་། བོད་ནང་གི་རྒྱའི་མཐོ་རིམ་དཔོན་རིགས་ཚོས་རང་ཉིད་ཀྱི་ནག་ཉེས་འགེབས་ཆེད། བོད་ནང་བརྟན་བརླིང་མེད་པ་དང་ཁ་བྲལ་བར་གདོང་ལེན་ཆེན་པོ་བྱེད་ཀྱིན་ཡོད་མདོག་མདོག་གིས་བོད་པའི་ལས་བྱེད་ཚོར་དཀའ་ངལ་སྤྲོད་པ་དང་ཁ་བྲལ་ལ་རྒོལ་རྡུང་གི་མིང་ཐོག་ནས་ཁེ་སང་ཟ་བཞིན་ཡོད་པ་ཞིག་ལ་མཐོང་སོང་། ཞེས་བརྗོད་བྱུང་།
ཁོང་གིས་མུ་མཐུད་དུ་བརྗོད་དོན། རྒྱ་ནག་གཞུང་ཕྱོགས་ཀྱི་ཡིག་ཆ་ནས་ལུང་དྲངས་ན།༼ཀྲུང་དབྱང་གཟིགས་སྐོར་ཚོགས་ཆུང་བཞི་པས་བོད་རང་སྐྱོང་ལྗོངས་ལ་སྐོར་གཟིགས་གནང་བ།༽ཞེས་པའི་སྙན་ཐོའི་དོན་ཚན་ཆེ་བ་དང་པོའི་ནང་༼གཅིགཚད་མཐོའི་མཐོང་ཆེན་དང་བཀོད་སྒྲིག་ཞིབ་ཚགས་བྱས་ནས་དག་ཐེར་དོན་འཁྱོལ་དེ་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་དམ་འཛིན་ནན་པོ་དང་ཏན་ཏིག་ཡག་པོ་བྱས་པ།༽ཞེས་གསལ་པོ་བཀོད་འདུག་པ་དང་། དོན་ཚན་ཆེ་བ་གཉིས་པ་ཕལ་ཆེ་བ་ཁ་བྲལ་ལ་རྡུང་རྡེག་གཏོང་བ་སྟེ་༼གཅིག་ནི་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཛ་དྲག་དུས་བབ་ལ་ནན་ཏན་དབྱེ་ཞིབ་བྱས་ཏེ་སྔ་ཕྱི་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་དང་། ཉེན་བརྡ་ཡུན་རིང་གཏོང་བ། ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་མཐའ་གཅིག་ཏུ་སྤེལ་ནས་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་རང་འགུལ་དབང་ཆ་ནན་པོར་བཟུང་ཡོད།༽ཅེས་གསལ་འདུགགནས་ཚུལ་འདི་དག་ལ་བལྟས་ཡོང་ན། རྒྱ་ནག་གཞུང་གིས་ས་གནས་ཁག་ཏུ་ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་གཏོང་རྒྱུ་དེ་རྒྱ་རིགས་མཐོ་རིམ་དཔོན་རིགས་ཁྲོད་མ་ཡིན་པར་ས་གནས་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་ཚོ་ཆགས་འདུག་པ་གསལ་པོ་རེད། ཅེས་བརྗོད་བྱུང་།
བསོད་ནམས་རྡོ་རྗེ་ལགས་སུ། རྒྱ་ནག་གཞུང་གི་སྲིད་བྱུས་དེས་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན་ཟེར་བ་དེ་དག་ལ་དོ་ཕོག་འགྲོ་མིན་དྲིས་པར། ཁོང་གིས་བརྗོད་དོན། བོད་ནང་ད་ལྟའི་སྲིད་བྱུས་མུ་མཐུད་ལག་བསྟར་བྱས་ན། སྤྱི་ཚོགས་འཆམ་མཐུན་ཟེར་བ་དུས་ནམ་ཡང་ཡོང་ཐབས་པ་མ་རེད། དཔེ་མཚོན་ཞིག་ཞུས་ན། བོད་ནང་གི་རྒྱ་གཞུང་ལས་ཁུངས་ཤིག་ཏུ་བོད་པའི་ལས་བྱེད་པ་དང་། རྒྱ་རིགས་ལས་བྱེད་པ་བཅས་ཡོད་ཀྱང་། རྒྱ་རིགས་ལས་བྱེད་ཚོས་རྒྱལ་གཅེས་དང་མི་རིགས་མཐུན་སྒྲིལ། ཁ་བྲལ་ལ་ངོ་རྒོལ་སོགས་ཀྱི་རྣམ་འགྱུར་གང་ཡང་སྟོན་དགོས་ཀྱི་མེད་པ་དང་། བོད་པའི་ལས་བྱེད་ཚོས་ངེས་པར་དུ་རྣམ་པ་གསལ་པོ་སྟོན་དགོས་པ་མ་ཟད། གལ་སྲིད་རྣམ་འགྱུར་ཡག་པོ་མེད་ན་ཉེས་པ་ཚབས་ཆེན་ལ་ངོས་འཛིན་བྱེད་ཀྱིན་ཡོད་པ་རེད། འདི་དངོས་ཡོད་གནས་ཚུལ་ཞིག་རེད། སྲིད་བྱུས་འདིའི་འོག་ནས་མི་རིགས་འཆམ་མཐུན་ཟེར་བ་ཞིག་ཡོང་ཐབས་ཡོད་པ་མ་རེད། ཅེས་བརྗོད་བྱུང་།
ཁོང་གིས་བོད་ནང་གི་གནས་སྟངས་སྤྱི་ཡོངས་ཀྱི་མཐོང་ཚུལ་བརྗོད་དོན། བོད་ནང་གི་གནས་སྟངས་ཇེ་སྡུག་ལས་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ད་ལྟའི་ཆར་མཐོང་གི་མི་འདུག རྒྱུ་མཚན་ཡོད་པའི་ཐོག་ནས་ཞུ་བཞིན་ཡོད། ཉེ་ཆར་བོད་རང་སྐྱོང་ལྗོངས་སྐབས་བཅུ་པའི་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་གསུམ་པ་ཟེར་བ་ཞིག་ཚོགས་པ་རེད། ཚོགས་འདུ་དེའི་སྟེང་ ༢༠༡༥ ལོའི་ལས་དོན་འཆར་གཞི་དོན་ཚན་དྲུག་ཡོད་པ་ཞིག་བསྒྲགས་འདུག དོན་ཚན་དྲུག་པ་དེའི་མགོ་བརྗོད་ནི་༼མི་རིགས་མཐུན་སྒྲིལ་དང་། སྤྱི་ཚོགས་བརྟན་ལྷིང་གི་རྨང་གཞི་གཉིས་བརྟན་དུ་གཏོང་བ། མི་རིགས་མཐུན་སྒྲིལ་སྔར་བས་སྲ་བརྟན་དུ་གཏོང་བ་དང་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱས་ཏེ་བརྟན་ལྷིང་སྲུང་སྐྱོབ་བྱེད་ཐབས་ཁག་བཅུ་དོན་འཁྱོལ་བྱེད་པ་བཅས་རེད།༽ཞེས་འཁོད་འདུག་པ་སོགས་ལ་བལྟས་ཡོང་ན། ལོ་གསར་པ་འདིའི་ནང་བོད་ནང་གི་གནས་སྟངས་ཛ་དྲག་ཏུ་འགྲོ་རྒྱུ་དང་། འཆམ་མཐུན་དང་བརྟན་ལྷིང་གི་སྤྱི་ཚོགས་ཤིག་ཡོང་ཐབས་མེད་པ་གསལ་བོ་རེད་བསམ་གྱི་འདུགཅེས་བརྗོད་བྱུང་།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་སུ་བཅར་འདྲི་ཞུས་པར། ཁོང་མོས། རྒྱ་གཞུང་གིས་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་གཏོང་བའི་སྲིད་བྱུས་ལག་བསྟར་བྱས་པ་ནས་བཟུང་ང་ཚོས་ག་རེ་བཤད་ཀྱི་ཡོད་ཟེར་ན། སྲིད་བྱུས་དེ་ཁ་ཡོད་ལག་ཡོད་ཀྱིས་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་ལས་ལྷག་ཆབ་སྲིད་ལག་ཆར་བེད་སྤྱོད་གཏོང་གི་འདུག་ལབ་ཀྱིན་ཡོད། སྤྱིར་བཏང་རྒྱ་གཞུང་གིས་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་གཏོང་བ་དེ་རྒྱལ་ཁབ་དང་སྤྱི་དམངས་ཀྱི་ཁེ་ཕན་ཆེད་དུ་ཡིན་སྐོར་རྗོད་ཀྱི་ཡོད་ཀྱང་། དམར་ཤོག་ཚོགས་པ་ནང་ཁུལ་གྱི་དབང་ཆའི་འཐབ་རྩོད་ཀྱི་དབང་གིས་ཁྲིམས་དང་མི་མཐུན་པའི་ནང་ཁུལ་གྱི་ཐག་གཅོད་སྣ་ཚོགས་བྱེད་བཞིན་ཡོད་སྟབས། རྒྱལ་ཁབ་སྤྱི་ཡོངས་ལ་ཕན་པའི་སྲིད་བྱུས་ཤིག་ཡིན་མིན་ཐེ་ཚོམ་རེད། རྒྱ་ནག་གཞུང་གིས་རྒྱལ་ཡོངས་ནང་ལག་བསྟར་བྱས་པའི་སྲིད་བྱུས་ཤིག་བོད་ནང་ལག་བསྟར་བྱེད་སྐབས། ས་གནས་སྲིད་གཞུང་གི་མགོ་ཁྲིད་ཚོས་ལམ་སང་ཆབ་སྲིད་ལག་ཆར་བེད་སྤྱོད་བཏང་སྟེ་བོད་མི་ཚོར་དཀའ་ངལ་མང་པོ་བཟོ་བཞིན་འདུག བོད་མི་ཉེས་མེད་མང་པོར་ཆབ་སྲིད་ཀྱི་ཞྭ་མོ་སྣ་ཚོགས་གཡོག་གི་འདུགཅེས་བརྗོད་བྱུང་།
བོད་རིགས་ཏང་ཡོན་ལས་བྱེད་མང་པོ་ཞིག་ལ་ཆབ་སྲིད་ཉེས་འཛུགས་བྱེད་ཀྱིན་ཡོད་པའི་ཐད་ཁོང་མོས། ༢༠༡༡ ཟླ་ ༡༠ པ་ཡས་མས་ལ་རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ནང་སྲིད་བྱུས་གསར་པ་མང་པོ་ཞིག་ལག་བསྟར་བྱེད་མགོ་བརྩམས་པ་རེད། དཔེར་ན། དགོན་སྡེ་ཁག་གི་ནང་དམར་ཤོག་ཚོགས་པའི་དཔོན་རིགས་ཀྱིས་ཐད་ཀར་སྟངས་འཛིན་བྱེད་པའི་སྲིད་བྱུས་ལྟ་བུ་རེད། ས་གནས་ཀྱི་བོད་རིགས་མགོ་ཁྲིད་དང་ལས་བྱེད་ཚོ་གནས་རིམ་ཕབ་པ་དང་ཕྱིར་འཕུད་གཏོང་བ་སོགས་བྱུང་ཡོད། ཉེ་སྔོན་ཐག་གཅོད་བྱས་པའི་བོད་རིགས་ལས་དེ་དག་ལའང་ཆབ་སྲིད་བསམ་བློ་གཙང་མ་མིན་པ་དང་། དམར་ཤོག་ཚོགས་པའི་ལྟ་གྲུབ་དང་འགལ་བ་སོགས་ཁོ་རང་ཚོས་བརྗོད་པ་རེད། དེ་ཚོ་ཚང་མར་ལྟ་ཡོང་དུས་སྲིད་དོན་རང་གི་གནད་དོན་ཞིག་ཆགས་འདུག ཅེས་བརྗོད་བྱུང་།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བཀྲ་ཤིས་ལམ་བཟང་ལགས་སུ། བོད་ནང་གི་ཏང་ཡོན་ལས་བྱེད་ཁག་ཅིག་གིས་ཕྱི་ཕྱོགས་ཀྱི་བོད་རང་བཙན་ཤོག་ཁག་ལ་འབྲེལ་བ་བྱས་ཚུལ་བརྗོད་པའི་སྐོར་བཅར་འདྲི་ཞུས་པར། ཁོང་གིས། བོད་རིགས་ཏང་ཡོན་ལས་བྱེད་དེ་དག་གིས་བོད་རང་བཙན་ཤོག་ཁག་ལ་འབྲེལ་བ་བྱས་པ་དང་། ༧གོང་ས་མཆོག་ལ་གསང་བའི་གནས་ཚུལ་སྤྲད་པའི་དཔང་རྟགས་ཤིག་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ཁོ་རང་ཚོ་ལའང་སྟོན་རྒྱུ་ཡོད་པ་མ་རེད་བསམ་གྱི་འདུག རྒྱ་ནག་གཞུང་གིས་བོད་མི་རིགས་ལ་ཤ་ཚ་དང་ཞེན་ཁོག་ཡོད་པའི་ཏང་ཡོན་ལས་བྱེད་འགའ་ཤས་ཤིག་ལ། རང་བཙན་ཤོག་ཁག་ལ་འབྲེལ་བ་ཡོད་སྐོར་ལག་པ་ཕྱི་ས་བྱས་ཏེ་ལས་གནས་ནས་ཕྱིར་འཕུད་དང་། བོད་པའི་སྐད་ཡིག་རིག་གཞུང་ལ་ཤ་ཚ་ཡོད་མཁན་གཞན་དག་ལ་འཇིགས་སྣང་སྐུལ་གྱི་ཡོད་པ་དེ་རེད། ཅེས་བརྗོད་བྱུང་།
ཁོང་གིས་མུ་མཐུད་དུ་བརྗོད་དོན། གལ་སྲིད་བོད་རིགས་ཏང་ཡོན་ལས་བྱེད་དེ་དག་གིས་བོད་རང་བཙན་ཤོག་ཁག་ལ་འབྲེལ་བ་བྱས་པ་དང་། ༧གོང་ས་མཆོག་ལ་གསང་བའི་གནས་ཚུལ་ཕུལ་བ་བདེན་ན། ང་ཚོར་དྲན་སྐུལ་ཆེན་པོ་ཞིག་བཏང་བ་རེད། བོད་ནང་གི་ཏང་ཡོན་ལས་བྱེད་ཚོས་ཀྱང་བོད་རང་བཙན་གྱི་བདེན་དོན་འཐབ་རྩོད་ཆེད་སོ་སོའི་ལྟོ་གོས་དང་། དབང་ཆ་སོགས་ཀྱང་བློས་གཏོང་གི་ཡོད་པ་དང་། བོད་ཕྱི་ཕྱོགས་ལ་བཟུང་བའི་ཡིད་ཆེས་དང་༧གོང་ས་མཆོག་ལ་དད་པ་དམ་ཚིག་སོགས་བསྟན་པ་རེད་ལ། གནས་ཚུལ་དེ་བརྒྱུད་ནས་ང་ཚོར་ཡང་འགན་འཁུར་ཆེན་པོ་ཞིག་སྤྲད་ཡོད་པ་རེད། ཅེས་བརྗོད་བྱུང་།
བོད་ནང་བོད་མི་ལས་བྱེད་ཚོས་བོད་རང་བཙན་ཤོག་ཁ་དང་ཏཱ་ལ་བླ་མར་རྒྱབ་
སྐྱོར་དང་འབྲེལ་པ་བྱས་པ་དཔང་རྟགས་ངེས་པར་དུ་དགོས།
་་་་་་་་་་ ད་གཟོད་ཁྲིམས་ཀྱི་ནུས་པ་ལྡན་པ་རེད་བསམ་གྱི་འདུག དེ་མ་གཏོགས་ཉེས་མིང་ཆེན་པོ་བཏགས་ཏེ་ཆད་པ་ལྕི་མོ་ཞིག་བཅད་ན། རྒྱ་ནག་གི་ཁྲིམས་འཛིན་ལས་ཁུངས་དེ་དག་གིས་ཁྲིམས་འགལ་བྱེད་ཀྱིན་ཡོད་པར་ངོས་འཛིན་མི་བྱེད་ཐབས་མེད་རེད། ་་་་་་་་་་
བཙན་བྱོལ་བོད་གཞུང་གི་སྐུ་ཚབ་ཀྱིས་གསུངས་པ་དེ་ཧ་ཅང་གནད་ལ་འཁེལ་འདུག ལྐོག་ཟ་རུལ་སུངས་དང་ཁ་བྲལ་རྒོལ་རྡུང་གཉིས་མཉམ་བསྲེས་བྱས་པ་དེ་རྒྱ་ནག་གི་གཡོ་རྒྱུ་ཆེན་པོ་ཞིག་རེད