རྒྱལ་ཕྱི་ནང་གི་ཡིག་ཆ་ཁག་གཞིར་བཟུང་སྟེ་སྙན་ཐོ་བཏོན་པ་ལྟར་ན་འདས་ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྔར་ལོ་ལས་ཇེ་སྡུག་ཏུ་ཕྱིན་ཡོད་འདུག
དེ་རིང་ཕྱི་དྲོའི་ཆུ་ཚོད་ ༣ པའི་ཐོག་དྷ་ས་གངས་སྐྱིད་དཔེ་མཛོད་ཚོགས་ཁང་དུ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བོད་རྒྱ་དབྱིན་གསུམ་ཐོག ཕྱི་ལོ་ ༢༠༡༤ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ལོ་འཁོར་སྙན་ཐོ་ཞིག་འགྲེམ་སྤེལ་གནང་སོང་། ཚོགས་ཐོག་ཏུ་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས། འདས་ལོར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་ཕྱིན་མེད་པ་མ་ཟད། དྲག་གནོན་བྱེད་ཤུགས་ཆེ་རུ་ཕྱིན་ཡོད་སྐོར་བརྗོད་སོང་།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་རྒྱ་ནག་ཚོགས་ཆུང་གི་ཉམས་ཞིབ་སྙན་ཐོ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག གསར་འགྱུར་བརྒྱུད་ལམ་ནས་ཐོན་པའི་གནས་ཚུལ་བཅས་གཞི་རྩར་བཟུང་སྟེ། འདས་ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་སྙན་ཐོ་བཏོན་པ་ལྟར་ན། ཆབ་སྲིད་ཉེས་མིང་འོག་དེང་སྐབས་རྒྱ་གཞུང་གི་བཙོན་འོག་ཏུ་བོད་མི་བཙོན་པ་ཁྱོན་ ༢༡༡༠ ཡོད་པ་དང་། དེའི་ནང་འདས་ལོ་གཅིག་པུར་བཙོན་འཇུག་ཁྲིམས་ཐག་བཅད་པའི་བཙོན་པ་ ༡༣༧ ཡོད་འདུག དེ་བཞིན། ཕྱི་ལོ ༢༠༠༩ ནས་བཟུང་ད་ལྟའི་བར་བོད་ཕྱི་ནང་གཉིས་ནས་བོད་མི་སེར་སྐྱ་ ༡༣༦ གིས་བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་བའི་ནང་ནས་མི་ ༡༡༧ སྐུ་གྲོངས་ཡོད་པ་དང་། གསོན་པོར་ལུས་པ་ ༤། ཤི་གསོན་གང་ཡིན་མི་ཤེས་པ་ ༡༥ ཡོད་འདུག
སྙན་ཐོའི་ནང་བོད་མི་མང་པོ་འཇུ་བཟུང་བཀག་ཉར་འོག་འདས་གྲོངས་དང་བོད་མི་སྤྱི་ཡོངས་ལ་སྡུག་སྦྱོང་ཁྲིམས་གཅོད་བཏང་བ། བོད་མིའི་འདུ་འཛོམས་རང་དབང་ལ་བཀག་སྡོམ་བྱས་པ་བཅས་གནད་དོན་གསུམ་གཙོ་བོར་བཀོད་ཡོད་པའི་དང་པོའི་ནང་། ༢༠༡༤ ལོ་ནས་བོད་ཁུལ་དུ་དོན་མེད་དུ་བཀག་ཉར་བཙན་བཟུང་བྱས་པ་དང་། ཆབ་སྲིད་ཀྱི་ལྟ་བ་རྒྱ་གཞུང་དང་མ་མཐུན་པའི་དབང་གིས་དམར་གསོད་བཏང་བའི་བོད་མིའི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་ཡོད་པ་དཔེར་ན། འདི་ལོར་བོད་མི་བཞི་བཀག་ཉར་གྱི་བརྒྱུད་རིམ་ཁྲོད་རྒྱ་གཞུང་གིས་མནར་གཅོད་རབ་དང་རིམ་པ་བཏང་བས་འདས་གྲོངས་སུ་གྱུར་ཡོད་པ་རེད། བརྒྱུད་རིམ་འདིའི་ཁྲོད་ང་ཚོས་དོ་སྣང་བྱེད་དགོས་པ་ཞིག་ལ་མནར་གཅོད་མྱངས་བའི་བོད་མི་མང་ཆེ་བ་ཞིག་རང་ཡུལ་དུ་ལོག་རྗེས་འདས་གྲོངས་སུ་གྱུར་བཞིན་ཡོད་པ་དེ་རེད། དེའི་ཐད་ལ་རྒྱ་གཞུང་གིས་རང་གི་བྱས་ཉེས་མེད་པར་བཟོ་ཆེད། བཀག་སྐྱིལ་བྱས་པའི་བོད་མིའི་ཚེ་སྲོག་ཆད་ལ་ཉེ་སྐབས་ད་གཟོད་ནང་མིར་རྩིས་སྤྲོད་བྱེད་བཞིན་ཡོད་པ་རེད། དེ་ནི་གོང་དུ་བརྗོད་པ་ལྟར་སྲིད་གཞུང་གིས་རང་གི་བྱས་ཉེས་འགེབ་སྲུང་བྱེད་པའི་ཐབས་ལམ་ཞིག་ཡིན་པའི་ཁར། འབྲེལ་ཡོད་ཀྱི་བཙོན་ཁང་དང་ངལ་རྩོལ་བསྒྱུར་བཀོད་ལྟེ་གནས། དེ་མིན་བཀག་ཉར་ཁྲོད་རྡུང་རྡེག་གཏོང་མཁན་གྱི་ལག་དམར་བ་དག་ལ་སྲུང་སྐྱོབ་བྱེད་པའི་ཐབས་ལམ་ཞིག་ཀྱང་ཡིན་པ་རེད། གནས་སྟངས་གཞན་ཞིག་ནི་སྲིད་གཞུང་གིས་འདས་གྲོངས་སུ་གྱུར་བའི་བོད་མི་དག་གི་ནང་མིར་གནས་ཚུལ་ཕྱིར་བསྒྲགས་མི་བྱེད་པའི་ཆེད་དུ་འཇིགས་སྐུལ་དང་གཉའ་གནོན་བྱེད་བཞིན་ཡོད་པ་དེ་རེད། མདོར་ན་རྒྱ་གཞུང་གིས་གནས་ཚུལ་ཁག་བཀག་སྡོམ་བྱས་པའི་རྐྱེན་གྱིས་བཀག་སྐྱིལ་ཁྲོད་འདས་གྲོངས་སུ་གྱུར་བའི་བོད་མིའི་གྲངས་འབོར་དང་གནས་ཚུལ་སྐོར་ང་ཚོས་ཟུར་ཙམ་ལས་ཤེས་ཀྱི་ཡོད་པ་མ་རེད། ཅེས་བཀོད་འདུག
ཡང་སྙན་ཐོའི་ནང་གནད་དོན་གཅིག་ལ་རྐྱེན་བྱས་ཏེ་བོད་མི་ཐུན་མོང་ལ་སྡུག་སྦྱོང་ཁྲིམས་གཅོད་བཏང་བའི་སྐོར་ལ། ༢༠༡༤ ལོར་རྒྱ་གཞུང་གིས་བོད་ནང་དུ་ཐུན་མོང་ལ་སྡུག་སྦྱོང་ཁྲིམས་གཅོད་གཏོང་བའི་བྱེད་ཐབས་འདྲ་མིན་སྣ་ཚོགས་ལག་བསྟར་བྱས་ཡོད། གནས་ཚུལ་དེ་དག་མང་ཆེ་བ་ནི་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་དང་། ཆོས་ལུགས་ཀྱི་བྱེད་སྒོ། ཞི་བའི་འདུ་འཛོམས་ངོ་རྒོལ་སོགས་རྒྱུ་མཚན་དུ་དྲངས་ཏེ། གནས་ཚུལ་ལ་འབྲེལ་བ་མེད་པའི་ཉེས་མེད་མང་ཚོགས་སྤྱི་ལ་སྡུག་སྦྱོང་ཁྲིམས་གཅོད་བྱས་པ་ཞིག་ཆགས་ཡོད། དེ་ཡིས་རྒྱ་གཞུང་དང་ས་གནས་དཔོན་རིགས་ཚོས་སྤྱི་ཚོགས་ཁྲོད་རྣམ་པ་འདྲ་མིན་གྱི་ངོ་རྒོལ་གནས་ཚུལ་བྱུང་སྐབས། གནས་ཚུལ་གྱི་གཞི་རྩའི་འབྱུང་རྐྱེན་ལ་བསམ་ཞིབ་བྱེད་ཀྱིན་མེད་པ་གསལ་འདོན་བྱས་ཡོད་ལ། དེ་ནི་རྒྱ་གཞུང་གིས་བོད་མིའི་ཐོག་དྲག་གནོན་བྱ་ཐབས་ཀྱི་སྲིད་ཇུས་ཤིག་ཀྱང་ཆགས་ཡོད། གནས་སྟངས་དེ་དག་གིས་མི་ཚང་མར་འདྲ་མཉམ་དང་དྲང་བདེན་གྱི་སྒོ་ནས་ཁྲིམས་གཅོད་བྱ་དགོས་པ་དང་། གང་བྱུང་འཇུ་བཟུང་བཀག་སྐྱིལ་མི་ཆོག་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྡལ་བཤིག་བཏང་ཡོད། ཅེས་དང་།
བོད་ཁུལ་གྱི་འཕྲོད་བསྟེན་དང་སློབ་གསོའི་གནས་སྟངས་རྒྱ་ནག་རྒྱལ་ཡོངས་ནང་སྐྱོ་ཤོས་ཆགས་ཡོད་པའི་སྐོར་ལ་སྙན་ཐོའི་ནང་། རྒྱ་གཞུང་གིས་བསྡོམས་རྩིས་བྱས་པའི་མི་འབོར་ཞིབ་བཤེར་ཡིག་ཆར་དབྱེ་ཞིབ་བརྒྱུད་ཤེས་རྟོགས་བྱུང་བ་ལྟར་ན། བོད་ཁུལ་ཡོངས་སུ་མང་ཚོགས་ཀྱི་འཕྲོད་བསྟེན་གནས་སྟངས་ནི་རྒྱ་ནག་རྒྱལ་ཡོངས་ཁྲོད་ཆེས་སྐྱོ་ཤོས་དང་། བོད་རིགས་བྱིས་པ་རྣམས་སློབ་ཞུགས་ཀྱི་གོ་སྐབས་ཧ་ཅང་ཉུང་བའི་རྐྱེན་གྱིས། བོད་ཁུལ་གྱི་བྱིས་པའི་སློབ་ཞུགས་ཚད་ནི་ཧ་ཅང་དམའ་བོ་ཆགས་ཡོད། རྒྱ་གཞུང་གི་ཡིག་ཆ་གཞིར་བཟུང་ཞིབ་འཇུག་བྱས་པའི་གྲུབ་དོན་དེ་དག་དང་། རྒྱ་གཞུང་གིས་ནམ་རྒྱུན་བོད་ཁུལ་གྱི་འཚོ་བའི་གནས་ཚད་ཡར་རྒྱས་ཆེན་པོ་ཕྱིན་ཡོད་སྐོར་དྲིལ་སྒྲོག་བྱེད་པ་གཉིས་ཕན་ཚུན་རྒྱབ་འགལ་ཆགས་ཡོད། དངོས་ཡོད་གནས་སྟངས་ཐོག་ནས་བོད་ཁུལ་གྱི་སློབ་གསོ་དང་འཕྲོད་བསྟེན་གནང་སྟངས་ནི། རྒྱ་ནག་རྒྱལ་ཡོངས་ཀྱི་ཞིང་ལྗོངས་གཞན་པ་དག་ལས་ལྡབ་འགྱུར་གྱིས་རྗེས་སུ་ལུས་ཡོད། ཅེས་བཀོད་འདུག
་་་་་་་་ འདས་ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་སྙན་ཐོ་བཏོན་པ་ལྟར་ན། ཆབ་སྲིད་ཉེས་མིང་འོག་དེང་སྐབས་རྒྱ་གཞུང་གི་བཙོན་འོག་ཏུ་བོད་མི་བཙོན་པ་ཁྱོན་ ༢༡༡༠ ཡོད་པ་དང་། དེའི་ནང་འདས་ལོ་གཅིག་པུར་བཙོན་འཇུག་ཁྲིམས་ཐག་བཅད་པའི་བཙོན་པ་ ༡༣༧ ཡོད་འདུག དེ་བཞིན།
ཕྱི་ལོ ༢༠༠༩ ནས་བཟུང་ད་ལྟའི་བར་བོད་ཕྱི་ནང་གཉིས་ནས་བོད་མི་སེར་སྐྱ་ ༡༣༦ གིས་བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་བའི་ནང་ནས་མི་ ༡༡༧ སྐུ་གྲོངས་ཡོད་པ་དང་། གསོན་པོར་ལུས་པ་ ༤། ཤི་གསོན་གང་ཡིན་མི་ཤེས་པ་ ༡༥ ཡོད་འདུག ་་་་་་་་་་་