མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རང་ཉིད་ལ་གང་ཡོད་པ་དང་གཞན་ལ་གང་མེད་པ་རྐྱང་བཤད་བསྡད་ན་ཡར་རྒྱས་མེད།

བོད་ཀྱི་དུས་བབ།
༢༠༡༥/༠༢/༢༢
Share on FacebookShare on TwitterShare on EmailShare on Whatsapp

སཱ་ར་མཐོ་སློབ་ཀྱི་སློབ་དཔོན་ཆེན་མོ་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་ལགས་སུ།  བཙན་བྱོལ་བོད་མིའི་ཤེས་ཡོན་སློབ་གསོའི་གནས་བབ་དང་དེའི་གྲུབ་འབྲས།  མ་འོངས་པར་འགྱུར་བ་གཏོང་ཕྱོགས། དེ་བཞིན་ཤེས་ཡོན་པའི་འགན་འཁྲི་སོགས་ཀྱི་ཐད་བཅར་འདྲི་ཞུས།

དྲི་བ།  འདས་པའི་ལོ་ངོ་ལྔ་བཅུ་ལྷག་རིང་བཙན་བྱོལ་བོད་མིའི་ཤེས་ཡོན་ཐོག་གྲུབ་འབྲས་དེ་ ཙམ་ཐོན་མི་འདུག་ཟེར་གྱིན་ཡོད་པའི་ཐད་སྐུ་ཉིད་ལ་ངོས་འཛིན་གང་འདྲ་ཡོད་པ་དང་། གྲུབ་འབྲས་འཐོན་མེད་ན་རྒྱུ་རྐྱེན་གང་ལ་ཐུག་ཡོད་པར་དགོངས་ཀྱི་ཡོད་དམ།

ལན།  ལོ་ངོ་ལྔ་བཅུ་ལྷག་གི་ལོ་རྒྱུས་ཆ་ཚང་ལ་བསྐྱར་ཞིབ་ཅིག་བྱེད་དགོས་པ་རེད། བཙན་བྱོལ་བོད་མིའི་ཆབ་སྲིད་དང་ཆོས་ལུགས། དེ་བཞིན་རིག་གནས་བཅས་ལ་བསྐྱར་ཞིབ་ཅིག་བྱས་ན། ང་ཚོའི་སྤྱི་ཚོགས་ཐོག་གླེང་སློང་འབྱུང་བཞིན་ཡོད་པ་ལྟར། ཤེས་ཡོན་ཐོག་གྲུབ་འབྲས་འབུར་དུ་ཐོན་པ་ཞིག་ལེན་ཐུབ་མེད་པ་ཡོངས་གྲགས་དང་། སྤྱི་ཚོགས་ཁྱོན་ཡོངས་ནས་ཁས་ལེན་པའི་གནད་དོན་ཞིག་རེད། ག་རེ་བྱས་ནས་འདོད་པ་མ་ཁེངས་བ་རེད་ཟེར་ན། མིའི་ལུང་པར་གནས་པའི་གནད་དོན་ཕྲན་བུ་ཡིན་སྲིད་ཀྱང་། གཙོ་བོ་སྤྱི་ཚོགས་ཀྱིས་འགྲོ་ལུགས་ཏག་ཏག་བཟོ་མ་ཐུབ་པས་རེད། འཛིན་རིམ་དང་པོ་ནས་བཅུ་གཉིས་བར་དུ་བོད་ཡིག་སློབ་ཁྲིད་བྱེད་ཀྱི་ཡོད་པ་དང་། དེའི་རྗེས་སཱ་ར་མཐོ་སློབ་དང་ཝར་ཎ་གཙུག་ལག་སློབ་གཉེར་ཁང་། ནོར་གླིང་མཐོ་སློབ། ཏཱ་ལའི་བླ་མའི་མཐོ་སློབ་བཅས་སུ་མཐོ་རིམ་རིག་གནས་རབ་འབྱམས་དང་གཙུག་ལག་རབ་ འབྱམས་འགྲོ་བཞིན་ཡོད་ཀྱང་དེ་ལ་འབྲས་བུ་ཏག་ཏག་ཅིག་འཐོན་ཐུབ་ཀྱི་ཡོད་པ་མ་རེད། དེའི་རྒྱུ་མཚན། སློབ་གྲྭ་ཞིག་ཡིན་ན་ཐོག་མའི་རྨང་གཞི་ཡག་པོ་ཞིག་འཇོག་རྒྱུ་ཧ་ཅང་གལ་ཆེན་པོ་ རེད། ང་ཚོའི་སློབ་གྲྭ་ཁག་ཏུ་དགེ་རྒན་ཚད་ལྡན་མ་རག་པའི་རྐྱེན་གྱིས་སློབ་མ་ཚད་ལྡན་ སྐྱེད་སྲིང་བྱེད་ཐུབ་ཡོད་པ་མ་རེད།

གནད་དོན་གཙོ་བོ་གཅིག་བསླབ་གཞི་ཡག་པོ་ ཞིག་གཏན་འབེབས་བྱེད་མ་ཐུབ་པས་རེད། དཔེར་ན། བཙན་བྱོལ་སྤྱི་ཚོགས་ནང་དགོན་སྡེའི་ཤེས་ཡོན་དང་སློབ་གྲྭའི་ཤེས་ཡོན་བཅས་སྡེ་ ཚན་གཉིས་ཡོད་པའི་ནང་ནས། དགོན་སྡེའི་ཤེས་ཡོན་ནང་ཆོས་དེ་དེང་སང་འཛམ་གླིང་གི་ཡང་རྩེར་སོན་ཡོད་ཀྱང་། སློབ་གྲྭའི་བསླབ་གཞི་བརྟན་འབེབས་བྱེད་སྐབས། དགོན་པ་གྲྭ་སའི་སློབ་སྦྱོང་ལམ་ལུགས་དེ་སློབ་གྲྭའི་ནང་བཙུགས་ཏེ། དགོན་པའི་འཁྲིད་གཞི་དང་དགེ་རྒན་གྱི་འཁྲིད་སྟངས། སློབ་མའི་སྦྱོང་སྟངས་སོགས་ལག་བསྟར་བྱས་ཏེ་ལོ་མང་པོ་བསྐྱལ་བའི་རྐྱེན་གྱིས། སློབ་གྲྭ་ཞིག་ལ་དགོས་པའི་འབྲས་བུ་དེ་བྱུང་ཡོད་པ་མ་རེད། འཛིན་གྲྭ་དང་པོ་ནས་བཅུ་གཉིས་བར་སློབ་ཕྲུག་གི་ལོ་ཚད་དང་བསམ་བློ། རིག་པ་དང་མཐུན་པའི་བསླབ་གཞི་གཏན་འབེབས་བྱེད་དགོས་ཀྱི་ཡོད་ཀྱང་དེ་བྱེད་ཐུབ་ ཡོད་པ་མ་རེད།

དྲི་བ། སྤྱི་ཡོངས་ཀྱི་ཐོག་ནས་ད་ལྟ་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་སྒྲིག་གཞི་དང་ སློབ་མའི་ཀུན་སྤྱོད་སློབ་གསོའི་ཐོག་གཟིགས་སྟངས་གང་འདྲ་ཡོད།

ལན། སྤྱིར་བཏང་ཚོགས་སྡེ་དང་མི་སྒེར་གང་ཞིག་ཡིན་ནའང་སྒྲིག་གཞིར་བརྟེན་ནས་འགྲོ་ དགོས་ཀྱི་ཡོད་པ་རེད། ཡིན་ནའང་སྒྲིག་གཞི་དེ་འོས་འཚམ་ཡིན་མིན་ལ་ལྟ་དགོས། ལྷག་པར་དུ་སློབ་གྲྭའི་སྒྲིག་གཞི་ཟེར་བ་འདི་མི་གསོ་སྐྱོང་ཆེད་རེད། ངས་གོ་བ་ལྟར་ན་ཕྱི་རྒྱལ་གྱི་སློབ་གྲྭ་ཆེན་མོ་ཚད་ལྡན་དག་ཏུ། ལག་འཁྱེར་དང་ཤེས་ཡོན་ཆུ་ཚད་མཐོ་ཤོས་གཉིས་སློབ་འཁྲིད་བྱེད་མཁན་མིན་པར། གཅིག་གིས་སློབ་གྲྭའི་དཔེ་མཛོད་ཁང་བདག་པོ་རྒྱག་གི་ཡོད་པ་དང་། གཅིག་གིས་ཤེས་ཡོན་འཛིན་སྐྱོང་ལྷན་ཚོགས་ནང་ལས་ཀ་བྱེད་ཀྱི་ཡོད་པ་རེད་ཟེར། དེའི་འོག་གི་སློབ་དཔོན་ཆེན་མོ་ཚོ་སློབ་འཁྲིད་གནང་མཁན་ཡིན་ས་རེད། འགྲོ་སྟངས་འདི་ཧ་ཅང་གལ་ཆེན་པོ་རེད། སློབ་གྲྭའི་སྒྲིག་གཞི་དང་སློབ་ཁྲིད་འཆར་འགོད་སོགས་འཛིན་སྐྱོང་གིས་གཏན་ འབེབས་བྱེད་ཀྱིན་ཡོད་པ་རེད། ང་ཚོའི་སློབ་གྲྭ་ཁག་ལ་མཚོན་ན་སྒྲིག་གཞི་འགྲིག་གི་མེད་པ་འོག་གི་སློབ་མ་དང་ སྒང་གི་དགེ་ལས། སྤྱི་ཚོགས་ནང་བཅས་སུ་གླེང་སློང་བྱེད་ཀྱི་ཡོད་ཀྱང་བསྒྱུར་བཅོས་གཏོང་ཐུབ་ཀྱི་ ཡོད་པ་མ་རེད། གཅིག་བྱས་ན་འདི་ལ་རྒྱུ་མཚན་གཞན་པ་ཡོད་རྒྱུ་རེད་དེ། གང་ལྟར་སྤྱི་ཚོགས་ཁྱོན་ཡོངས་ཀྱི་ཤེས་ཡོན་ཡར་རྒྱས་ལ་འཐུས་ཤོར་འགྲོ་གཞི་གཅིག་ འདི་རེད། སྤྱིར་སློབ་གྲྭའི་སྒྲིག་གཞི་ཟེར་བ་དེ་སློབ་གསོའི་ཆེད་དུ་བཙུགས་པ་ཡིན་ཡང་། ང་ཚོའི་སློབ་གྲྭ་ཁག་གི་ནང་སྒྲིག་གཞིའི་ཆེད་དུ་སྒྲིག་གཞི་བཙུགས་ཏེ། སློབ་གྲྭ་ཁག་གི་སྒྲིག་གཞི་དེ་དམག་གི་སྒྲིག་གཞི་ལྟ་བུ་ཞིག་བཟོས་ཡོད།

དྲི་བ། བོད་ཕྱི་ནང་གཉིས་སུ་སྐད་ཡིག་ཉམ་ཆག་སྐོར་གླེང་སློང་ཆེན་པོ་རེད། ལྷག་པར་དུ་བཙན་བྱོལ་སྤྱི་ཚོགས་ནང་མཚོན་ན་བོད་སྐད་ཉམ་ཆག་དེ་ཅུང་མངོན་གསལ་ རེད། འདིའི་ཐད་དགོངས་ཚུལ་ག་འདྲ་ཡོད།

ལན། དེ་ངས་བགྲོ་གླེང་མང་པོའི་ནང་དུ་བཤད་མྱོང་། ངས་བལྟས་ན་རིག་གནས་ཟེར་བ་འདི་ཁྱབ་བརྡལ་གཏོང་དགོས་ན། དང་པོ་སྤྱི་ཚོགས་ཁྱོན་ཡོངས་ནས་བྱེད་དགོས་པ་དང་། གཉིས་པ་ཤེས་ཡོན་པས་བྱེད་དགོས་པ། གསུམ་པ་རིག་གནས་ནང་འདྲེན་གྱི་ལས་ཀ་བཅས་རེད། བཙན་བྱོལ་ནང་སྐྱེས་པའི་ཕྲུ་གུ་ཆུང་ཆུང་སྐད་ཆ་བཤད་ཤེས་མཁན་ནས་རྒན་པའི་བར་ཕ་ སྐད་གཙང་མ་བཤད་མཁན་གྱི་མི་གཅིག་ཀྱང་ཡོད་པ་མ་རེད། དེང་སང་གི་འཕྲུལ་ཆས་སོགས་ཀྱི་ཐ་སྙད་གསར་པ་རིགས་བེད་སྤྱོད་བྱེད་མ་ཐུབ་ནའང་སྐྱོན་མི་འདུག ནམ་རྒྱུན་བཤད་ཤེས་པའི་སྐད་ཆ་མང་པོ་ཞིག་བེད་སྤྱོད་གཏོང་གི་ཡོད་པ་མ་རེད། དཔེར་ན། སྤྱི་སྤྱོད་རླངས་འཁོར་ནང་དུ་འགྲོ་བ་དང་བརྙན་འཕྲིན་ལ་ལྟ་བ་ལྟ་བུར་སྐད་བསྲེ་ ལྷད་བྱེད་དགོས་དོན་མི་འདུག འདི་རང་གི་བོད་སྐད་བེད་སྤྱོད་གཏོང་དང་མི་གཏོང་གི་གནད་དོན་རེད་མ་གཏོགས་ཤེས་ དང་མ་ཤེས་ཀྱི་སྐད་ཆ་ཡོད་པ་མ་རེད།

གཉིས་པ་ཤེས་ལྡན་པའི་ཁྲོད་དུ་རང་གི་སྐད་ཡིག་རིག་གཞུང་ཡར་རྒྱས་གཏོང་ཐུབ་ཀྱི་ ཡོད་པ་མ་རེད། ཡར་རྒྱས་གཏོང་བ་ཟེར་བ་དེ་རང་ཉིད་ལ་ཡོད་ས་ནས་བསམ་བློ་གཏོང་རྒྱུ་མིན་པར་མེད་ ས་ནས་བསམ་བློ་གཏོང་དགོས་པ་རེད། ཡིན་ནའང་ང་ཚོས་རང་ཉིད་ལ་ག་རེ་ཡོད་པ་དང་གཞན་ལ་ག་རེ་མེད་པ་དེ་ཤེས་ནས་རང་ཉིད་ ལ་ཡོད་པ་རྐྱང་རྐྱང་དང་། གཞན་ལ་མེད་པ་རྐྱང་རྐྱང་བཤད་དེ་སྤོབས་པ་དང་ང་རྒྱལ་བྱས་ནས་བསྡད་ན་ཡར་རྒྱས་ འགྲོ་ཡི་མ་རེད། དེང་སང་བཀའ་འགྱུར་བསྟན་འགྱུར་སོགས་སྐད་ཡིག་གཞན་གྱི་ནང་བསྒྱུར་ཏེ་རང་གི་རིག་ གནས་ཕྱིར་གཏོང་མང་པོ་བྱེད་ཀྱི་ཡོད་ཀྱང་། གཞན་པའི་རིག་གནས་ནང་འདྲེན་བྱེད་མཁན་མི་འདུག གལ་སྲིད་འཛམ་གླིང་གི་རིག་པའི་སྡེ་ཚན་རེ་རེ་བྱས་ནས་བོད་རང་གི་སྐད་ཡིག་ནང་ བསྒྱུར་ཐུབ་པ་ཡིན་ན། བོད་སྐད་ཡིག་ལ་གསོན་ཤུགས་གསར་པ་ཞིག་རྒྱས་ཡོང་གི་རེད་བསམ་གྱི་འདུག

དྲི་བ། ཝར་ཎ་དང་སཱ་ར་སོགས་བོད་པའི་མཐོ་སློབ་ཁག་ཐོན་ན་ལས་ཀ་ཡག་པོ་རག་དཀའ་བ་དང་། རྒྱ་གར་མཐོ་སློབ་ཁག་ཐོན་ན་བོད་སྐད་བོད་ཡིག་ཡག་པོ་མེད་པའི་འགལ་བ་འདི་དངོས་ ཡོད་རེད། ཡིན་ནའང་བོད་པའི་ལ་ཞེན་མ་ཡལ་བ་ཞིག་དང་། བོད་པའི་སྤྱི་ཚོགས་ལ་ཞབས་ཞུ་བསྒྲུབ་ཐུབ་པའི་ཐབས་ལམ་ཞིག་ཡོད་དམ།

ལན། རིག་གནས་ཤིག་གིས་ཞབས་ཞུ་ཞུས་ཟེར་ན། དོན་རྡོག་རྡོག་ཆེད་ལས་ཤིག་གིས་ཞབས་ཞུ་ཞུས་ཟེར་གྱི་ཡོད་པ་རེད། བོད་ནང་ཡིན་ན་རྒྱའི་སློབ་གྲྭའི་ནང་འགྲོ་མཁན་མང་པོ་རེད། དེ་ཚོ་ཕྱིར་འཁོར་ནས་ངས་བོད་པའི་སློབ་གྲྭའི་ནང་རིག་གནས་ཞབས་ཞུ་བསྒྲུབ་རྒྱུ་ ཡིན་ཟེར་ན་ཁག་པོ་རེད། དེའི་ཐད་ནས་བོད་ཕྱི་ནང་གཉིས་གཅིག་པ་འདྲ་བོ་རེད། ང་ཚོས་ཆེས་ཐོག་མའི་གདམ་ཀར་བོད་ཡིན་ན་ཡིན་གཅིག་མིན་གཉིས་བོད་ཡིག་སྦྱོང་དགོས་ པ་དང་། བོད་རང་གི་སྐད་ཡིག་གི་ཐོག་ནས་ཁ་ལག་ཟོས། འཚོ་བ་སྐྱེལ། དེའི་སྒང་ནས་ཞིབ་འཇུག་གི་གྲུབ་འབྲས་ལེན་དགོས་སྐོར་རྗོད་ཀྱི་ཡོད་ཀྱང་། ངས་བལྟས་ན་བོད་པ་ཞིག་ཡིན་ན་ངེས་པར་དུ་དེ་འདྲ་བྱེད་དགོས་པ་ཞིག་མ་རེད་བསམ་ གྱི་འདུག རང་གི་རིག་གནས་ཐོག་ལ་བྱུང་ན་རབ་རེད། དེ་མ་བྱུང་བ་ཡིན་ནའང་དབྱིན་ཡིག་དང་རྒྱ་ཡིག་ཐོག་གྲུབ་འབྲས་བླངས་ནའང་བོད་རང་ གི་རིག་གནས་ལ་མཐོང་ཆུང་དང་དམའ་འབེབས་བྱས་པ་དེ་འདྲ་ཞིག་མ་རེད། བོད་པ་ཞིག་གིས་གྲུབ་འབྲས་དེ་འདྲ་བླངས་བ་ཡིན་ན་མི་རིགས་འདིའི་སྤོབས་པ་སྐྱེ་ གཞི་ཞིག་རེད། ཡིན་ནའང་། བོད་རིགས་ཤིག་གིས་སྐད་ཡིག་གཞན་ཤེས་ཀྱི་ཡོད་པ་དང་། དེའི་ཐོག་ནས་ཆེད་ལས་ཐོན་ཚེ་སྤོབས་པ་ཆེན་པོ་ཞིག་ལ་བལྟ་གིན་མི་འདུག དཔེར་ན། ནུབ་ཕྱོགས་ནས་སློབ་སྦྱོང་ཐོན་མཁན་ཟླ་བ་ནོར་བུ་ལྟ་བུར་མཚོན་ན། ནུབ་ཕྱོགས་ནས་སློབ་སྦྱོང་ཚད་ལྡན་ཐོན་རྗེས་འདི་ནས་ལས་ཀ་མ་རག་པར་རྒྱ་གར་གྱི་ མཐོ་སློབ་སྐད་གྲགས་ཆེ་ཤོས་ཤིག་གི་ནང་འབུམ་རམས་ངེས་སྟོན་པའི་དགེ་རྒན་བྱས་པ་རེད།

མི་ཞིག་གིས་ལས་ཀ་བྱ་རྒྱུ་ཡིན་ཟེར་ན་གོམ་པ་རྒྱག་ཤེས་པ་དང་སྟོབས་ཤུགས་ཤིག་གི་ སྒང་ནས་ལས་དགོས་ཀྱི་ཡོད་པ་རེད། ད་ལྟའི་ཤེས་ཚད་འདི་འདྲ་ཞིག་འཁྱེར་ནས་སྤྱི་ཚོགས་ཐོག་ལས་ཀ་བྱ་རྒྱུ་ཡིན་ཟེར་ན་ ཞབས་ཞུ་སྒྲུབ་ཐུབ་ཀྱི་མ་རེད། ངས་དོན་དག་རྡོག་རྡོག་ག་རེ་ཤོད་ཀྱི་ཡོད་པ་རེད་ཟེར་ན། བཙན་བྱོལ་བོད་མིའི་སློབ་གྲྭའི་བརྒྱུད་རིམ་ནང་འཛིན་རིམ་བཅུ་གཉིས་བར་དང་། དེ་ནས་རིག་གནས་རབ་འབྱམས་པ་དང་། རབ་འབྱམས་པ། འབུམ་རམས་པ་བཅས་འདི་ཆ་ཚང་བ་ཞིག་འགྲོ་ཐུབ་ཀྱི་ཡོད་པ་མ་རེད། འདི་ཆ་ཚང་བ་ཞིག་འགྲོ་ཐུབ་པ་ཡིན་ན་མི་ཞིག་འཐོན་རྒྱུ་ཡོད་པ་རེད་བསམ་གྱི་འདུག

དྲི་བ། བཙན་བྱོལ་བོད་མིའི་སློབ་གྲྭ་མང་པོ་ཞིག་ཏུ་སློབ་ཕྲུག་མངོན་གསལ་གྱིས་ཉུང་དུ་ འགྲོ་བཞིན་ཡོད་པ་དང་། སློབ་གྲྭ་རེ་ཟུང་སྒོ་རྒྱག་དགོས་ཐུག་ཀྱི་ཡོད་པ་འདིར་དགོངས་ཚུལ་གང་འདྲ་ཡོད།

ལན། བཙན་བྱོལ་གྱི་ལས་ཀ་མང་པོ་ཞིག་རྗེས་ལུས་ཐེབས་སོང་བ་རེད། དཔེར་ན། སྣེ་ལེན་ཁང་ལྟ་བུར་མཚོན་ནའང་། སྔོན་མ་མི་སྟོང་ཕྲག་འགའ་ཤས་ཡོང་བའི་སྐབས་སུ་སྡོད་ས་དང་གནས་སྟངས་འདི་འདྲ་ ཞིག་མེད་པ་དང་། གསར་པ་འདི་བརྒྱབ་ཚར་བའི་རྗེས་ལ་མི་ཡོད་པ་མ་རེད། སྣེ་ལེན་ཁང་གཅིག་པུ་མ་རེད་གཞན་ག་རེ་ཡིན་ནའང་ཆ་ཚང་རྗེས་ལུས་ཐེབས་སོང་བ་རེད། རྗེས་ལུས་ཐེབས་ཟེར་ན་དེ་འདྲ་ཞིག་རེད་མ་གཏོགས། ཐེབས་སྟངས་གཞན་ཞིག་ཡོད་པ་མ་རེད། སློབ་གྲྭའང་དེ་འདྲ་རེད། ད་ལྟ་འདིར་ཞིབ་འཇུག་གི་སློབ་མ་འཛུགས་ཀྱི་ཡོད་པ་རེད་དེ་ཕྱི་དྲགས་སོང་བ་རེད། འདིའི་སྔོན་གྱི་ལོ་བཅོ་ལྔ་ཉི་ཤུའི་སྔོན་ནས་ཡོད་པ་ཡིན་ན་ད་ལྟ་བར་དུ་དངོས་ གནས་ཡག་པོ་ཞིག་ཆགས་ཡོད་པ་རེད།

ད་ལྟ་བཙན་བྱོལ་གྱི་གནས་སྟངས་ལ་མི་ཚུར་ཡོང་བ་ལས་ཕར་འགྲོ་མཁན་མང་བ་དང་། ལྷག་པར་དུ་ཤེས་ལྡན་པ་དང་དགེ་རྒན་མང་པོ་ཞིག་ཡོང་བ་ལས་འགྲོ་བ་མང་བའི་གནས་ སྟངས་འདི་ལ་བལྟས་ཡོང་ན། གལ་སྲིད་ང་ཚོས་བཙན་བྱོལ་སྤྱི་ཚོགས་ནང་གི་སློབ་གྲྭའི་ཤེས་ཡོན་སློབ་གསོ་དེ་ སྐྱོབ་དགོས་ན། སློབ་གྲྭ་མང་པོ་ཞིག་ཟླ་སྒྲིལ་གཏོང་རྒྱུ་དེ་རེད། དཔེར་ན། སྨན་རྩིས་ཁང་གི་སྨན་གྱི་མཐོ་སློབ་དང་ནོར་གླིང་བོད་ཀྱི་མཐོ་སློབ། བོད་ཀྱི་ཟློས་གར་ཁང་སོགས་ཟླ་སྒྲིལ་བཏང་སྟེ་སློབ་གྲྭ་གཅིག་གི་ནང་སྨན་རྩིས་ ཀྱི་ཚན་ཁག་དང་། སྒྱུ་རྩལ་ཚན་ཁག་བཅས་འཛུགས་ཐུབ་ན། ཕྱོགས་མང་པོ་ཞིག་གིས་གྲུབ་འབྲས་འཐོན་པར་རེ་བ་ཅུང་ཙམ་ཡོད་པ་རེད་བསམ་གྱི་འདུག

སྤྱིར་བཏང་མི་ཟེར་བ་དེ་དུད་འགྲོ་ལས་ལྷག་པའི་ཁྱད་ཆོས་ཤིག་ཡོད་པ་རེད། ལྷག་པར་དུ་མི་དང་མིའི་བར་དགའ་ཕྱོགས་དང་། ནུས་ཕྱོགས། བསམ་ཕྱོགས་ཁྱད་པར་ཅན་ཞིག་ཡོད་ཀྱང་། ཁྱད་པར་གྱི་ལམ་ཁ་དེར་འགྲོ་མ་ཐུབ་པ་ཡིན་ན། མི་མང་པོ་ཞིག་དེ་ནས་འཕྲོ་བརླག་ཏུ་འགྲོ་བཞིན་ཡོད་པ་རེད། མིའི་དགའ་ཕྱོགས་ལྟར་སློབ་གྲྭའི་ནང་ཆེད་ལས་ཚན་ཁག་ཡོད་ན། མི་དེ་ཆེད་ལས་རང་བཞིན་ཞིག་བཟོ་ཐུབ་ཀྱི་ཡོད་པ་རེད། སློབ་གྲྭའི་ནང་རིག་གནས་རྒྱུན་འཛིན་ཁོ་ནར་སློབ་སྦྱོང་བྱས་ཡོང་ན། སྤྱི་ཚོགས་ནང་སླེབ་སྐབས་མི་དེར་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད། གང་ཡིན་ཟེར་ན་སྤྱི་ཚོགས་ཀྱིས་རིག་གནས་རྒྱུན་འཛིན་བྱེད་ཀྱི་ཡོད་པ་མ་རེད། ལས་ཁུངས་ཤིག་ལ་མཚོན་ནའང་རིག་གནས་རྒྱུན་འཛིན་གྱི་ལས་ཁུངས་ཉུང་ཉུང་རེད། རིག་གནས་རྒྱུན་འཛིན་བྱས་ནས་དཔལ་འབྱོར་མཁོ་སྒྲུབ་བྱེད་ཐུབ་ཀྱི་ཡོད་པ་མ་རེད། ང་ཚོ་འདི་ལྟར་མུ་མཐུད་དེ་བསྡད་ན། ཉིན་ཞིག་ང་ཚོ་འུ་ཐུག་ནས་ཟླ་སྒྲིལ་གཏོང་གི་རེད། སྐབས་དེར་ཕྱི་དྲགས་ཏེ་ཟླ་སྒྲིལ་བཏང་ཡང་གྲུབ་འབྲས་འཐོན་ཁག་པོ་རེད།

དྲི་བ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་ཤེས་ཡོན་པ་དང་ཆབ་སྲིད་པ། ཆོས་ལུགས་པ་བཅས་ཚང་མ་དབྱེ་མཚམས་གསལ་བོ་མེད་པ་ལྟ་བུ་ཆགས་ཡོད་པ་དེར་ལེགས་ཉེས་ ཀྱི་གཟིགས་སྟངས་གང་འདྲ་ཡོད།

ལན། སྤྱིར་བཏང་ཤེས་ཡོན་སྦྱངས་བའི་རྗེས་ལ་ཤེས་ཡོན་པ་ཤེས་ཡོན་གྱི་ལམ་ཁར་འགྲོ་ དགོས་པའི་བཅད་ཐིག་གསལ་པོ་ཞིག་ཡོད་པ་མ་རེད། ཤེས་ཡོན་པས་ཤེས་ཡོན་སྦྱངས་བའི་རྗེས་ལ་ཆབ་སྲིད་ཀྱི་ལམ་ཁར་ཕྱིན་ན་འགྲིག་གི་ རེད། ཡང་བསྐྱར་ཤེས་ཡོན་རྒྱུན་འཛིན་དང་། ཡང་ན་ཞིབ་འཇུག་གི་ལམ་ཁར་སོང་ནའང་འགྲིག་གི་རེད། དེ་ལས་གཞན་པའི་དཔལ་འབྱོར་དང་ཚན་རིག་སོགས་ཀྱི་ལམ་ཁར་ཞུགས་ནའང་འགྲིག་གི་རེད། ཡིན་ནའང་ལམ་ཁ་དེར་མ་ཞུགས་སྔོན་ལ་ལམ་ཕྱོགས་དེའི་སྐོར་གྱི་ཤེས་ཡོན་ཚད་གཞི་ ལོངས་པ་ཞིག་དགོས་པ་དེ་གལ་ཆེན་པོ་རེད། ནུབ་ཕྱོགས་པ་དེ་ཚོའི་ནང་དུ་མཚན་ཉིད་རིག་པ་བ་ཡིན་པ་གང་ཞིག་ལ་ཆབ་སྲིད་པ་དང་ སྤྱི་ཚོགས་ཀྱི་སྣེ་ཁྲིད་པ། དཔལ་འབྱོར་རིག་པ་བ་ཡིན་པ་དེ་འདྲ་འདུག ཡིན་ནའང་། ང་ཚོ་བོད་པ་དེ་འདྲ་མ་རེད། དང་པོ་ཤེས་ཡོན་སློབ་སྦྱོང་གི་སྐབས་སུ་ཤེས་ཡོན་ཚད་ལྡན་ཞིག་སྦྱོང་ཐུབ་མེད་པ་ དང་། དེ་ནས་གོམ་པ་གཉིས་པ་ཆབ་སྲིད་དང་དཔལ་འབྱོར་སོགས་སུ་རྒྱག་སྐབས། ཆབ་སྲིད་དང་དཔལ་འབྱོར་གྱི་ཤེས་ཚད་ཀྱང་འདང་གི་མེད་པ་བཅས་ལ་བརྟེན་ཏེ་ལས་ཀ་ཚང་ མ་འཐུས་ཤོར་གཏོང་གི་ཡོད་པ་རེད། ལས་ཀ་དེ་འཐུས་ཤོར་ཙམ་དུ་མ་ཟད་མི་སོ་སོ་ཡང་འཕྲོ་བརླག་ཏུ་འགྲོ་བཞིན་ཡོད་པ་ རེད།

ཁྱོད་ཀྱིས་ལྟོས་དང་། ང་ཚོའི་ཤེས་ཡོན་པ་རེ་ཟུང་ག་ལེར་ཆབ་སྲིད་ནང་འཛུལ། ཆབ་སྲིད་ནང་གོ་སྐབས་ཤིག་རག་ཡོང་སྐབས། ཆབ་སྲིད་བཞག་སྟེ་དཔལ་འབྱོར་འཚོལ་དུ་རྒྱུག་གི་ཡོད་པ་རེད། དེ་དག་ལ་ཐོག་མ་ནས་ཤེས་ཡོན་རང་སྐྱ་ཐུབ་པ་ཞིག་མེད་སྟབས། ཤེས་ཡོན་པའི་སྐབས་སུ་ལག་རྗེས་གང་ཡང་འཇོག་ཐུབ་མེད་པ་མ་ཟད། ཆབ་སྲིད་པའི་སྐབས་ལའང་ནུས་པ་འཐོན་ཐུབ་མེད་ལ། རྗེས་སུ་དཔལ་འབྱོར་འཚོལ་དུ་རྒྱུག་སྐབས་ཀྱང་མི་རྗེས་ཟིན་གྱི་ཡོད་པ་མ་རེད། འདི་ལ་བསམ་བློ་ཡག་པོ་གཏོང་དགོས་པ་རེད། སྤྱིར་བཏང་ཤེས་ཡོན་གྱི་རྨང་གཞི་ཡག་པོ་ཡོད་ན་ཆབ་སྲིད་པ་དང་དཔལ་འབྱོར་བ་ག་རེ་བྱས་ཀྱང་འགྲིག་གི་ཡོད་པ་རེད།

དྲི་བ། བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་ཆབ་སྲིད་མི་སྣ་དང་ལས་འགུལ་སྣེ་ཁྲིད་པའི་ཁྲོད་ དུ་ཤེས་ཡོན་གྱིས་སྤྱི་ཚོགས་སྣེ་འཁྲིད་ཐུབ་མཁན་དང་། མི་མང་གི་བསམ་བློར་ཤུགས་རྐྱེན་སྤྲོད་ཐུབ་མཁན་མེད་པའི་མཐོང་ཚུལ་ཡོད་དམ།

ལན། ང་ཚོ་ཚང་མ་སྐྱབས་བཅོལ་བ་ཡིན་པའི་ནང་ནས་ཀྱང་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་རེད། ཆབ་སྲིད་སྐྱབས་བཅོལ་བ་ཞིག་ཡིན་ན། ཚང་མས་ཆབ་སྲིད་ཀྱི་བསམ་བློ་བཟུང་སྟེ་ཆབ་སྲིད་ལ་དོ་སྣང་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་དང་ལྟ་བ་བརྟན་པོ་ཡོད་དགོས་པ་རེད། ཡིན་ནའང་ཆབ་སྲིད་ཀྱི་ལྟ་བ་ལངས་ཕྱོགས་བརྟན་པོ་ཡོད་པ་དེས་སློབ་སྦྱོང་གི་ བརྒྱུད་རིམ་ལ་ཕན་མ་ཐོགས་པར་གནོད་བསྐྱལ་ན་འགྲིག་གི་ཡོད་པ་མ་རེད། ངས་བཙན་བྱོལ་ནང་གི་ལས་ཀ་དབྱེ་དགར་མ་བྱས་པར་ཚང་མ་འདྲེས་བསྡད་ཡོད་པ་རེད་ཟེར་ གྱིན་ཡོད། ཆབ་སྲིད་པས་རིག་གནས་བཤད། རིག་གནས་པས་ཆབ་སྲིད་བཤད། ཚོང་པས་ཆབ་སྲིད་བཤད། ཆོས་ལུགས་པས་ཆབ་སྲིད་བཤད། ཆབ་སྲིད་པས་ཆོས་ལུགས་བཤད་དེ་དབྱེ་དགར་བྱས་ཡོད་པ་མ་རེད།

ང་ཚོའི་ཆབ་སྲིད་པ་མང་ཆེ་བ་ལས་འགུལ་བ་རེད། སྤྱིར་ཆབ་སྲིད་པ་ཟེར་བ་ནི་དེ་འདྲ་ཞིག་མ་རེད། ཆབ་སྲིད་པར་ཆབ་སྲིད་པའི་ལས་ཀ་ཡོད་པ་རེད། ཆབ་སྲིད་པ་ཚོའི་ལས་ཀའི་ཁྲོད་ཀྱི་ཆ་ཤས་ཙམ་ལས་འགུལ་ཡིན་རྒྱུ་རེད། ང་ཚོའི་ཆབ་སྲིད་པ་མང་ཆེ་བ་ནི་ལས་འགུལ་བ་ཆགས་ཡོད་སྟབས། ལས་འགུལ་མེད་པའི་ཉིན་མོར་ཁོང་ཚོར་ལས་ཀའང་མེད་པར་ཁོམ་བསྡད་ཡོད་པ་རེད། ངས་བལྟས་ན་དེ་འདྲ་ཞིག་མ་རེད། དངོས་གནས་དྲང་གནས་ཆབ་སྲིད་པ་ཞིག་བྱེད་རྒྱུ་ཡིན་ན། ཐོག་མར་ཆབ་སྲིད་སྦྱོང་དགོས་པ་རེད། སྔོན་མ་ནུབ་ཕྱོགས་པའི་སྤྱི་ཚོགས་སྣེ་ཁྲིད་མཁན་ཚང་མས་ཐོག་མར་སོ་སོས་ཆབ་སྲིད་ ཐོག་སྦྱོང་བ་ངེས་ཅན་ཞིག་བྱས་རྗེས། བསམ་བློ་ངེས་ཅན་ཞིག་སད་ནས་དེའི་ནུས་པས་སྤྱི་ཚོགས་ལ་སྒུལ་ཤུགས་གཏོང་རྒྱུ་དེ་ རེད། ང་ཚོའི་སྤྱི་ཚོགས་ནང་ཆབ་སྲིད་པས་མི་མང་ལ་བཟོ་ལྟ་བཟོ་མ་ཐུབ་པར། མི་མང་གིས་ཆབ་སྲིད་པར་བཟོ་ལྟ་བཟོ་བཞིན་ཡོད་པ་རེད།

གསར་འགོད་པ། པདྨ་མཚོ།

མཆན། 2

  1. ཇོ་རུ་ཚེ་རིང་། says:
    ལོ་ 8 སྔོན།

    བོད་ཀྱི་དུས་བབ་གསར་ཁང་གིས་དྲ་བརྙན་གསར་འགྱུར་སྤེལ་མགོ་ཚུགས་པར་བཀྲ་ཤིས་བདེ་ལེགས་ཞུ། འདི་ནི་ཡར་རྒྱས་ཀྱི་གོམ་སྟབས་ཤིག་རེད། རྗེས་སུ་རངས་ཞུའོ།

    Reply
  2. ཡེ་ཤེས། says:
    ལོ་ 8 སྔོན།

    སྤྱི་ལོ་ ༢༠༠༧ ལོར་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྡ་ས་བོད་ཁྱིམ་མཛད་སྒོའི་སྟེང་བཀའ་སློབ་གསུང་བཤད་གནང་སྐབས། བཙན་བྱོལ་ནང་ནས་འདས་པའི་ལོ་ངོ་སུམ་ཅུའི་རིང་ཤེས་ཡོན་ཐོག་ཏན་ཏན་འཐུས་ཤོར་བཏང་འདུག ད་འགན་འཁུར་ཡོད་མཁན་ཚོས་རི་བོང་རྡོ་རྫིས་བྱས་ཏེ་མ་འདུག་རོགས། ཞེས་བཀའ་སློབ་གནང་བ་ལྟར། བཙན་བྱོལ་བོད་གཞུང་དང་སློབ་གྲྭ་ཁག་ནས་ཤེས་ཡོན་ཐོག་འཐུས་ཤོར་བཏང་བ་དེ་མ་འོངས་པ་འི་ལོ་ལྔ་བཅུའི་རིང་ལའང་གསབ་ཐུབ་པ་ཞིག་མ་རེད། ཡིན་ནའང་དགོན་སྡེ་ཁག་གིས་ལག་རྗེས་གཡུར་དུ་ཟ་བ་བཞག་ཡོད་པ་རེད།
    ང་རང་གིས་བསམ་བློ་བཏང་ན་བཙན་བྱོལ་བོད་གཞུང་གི་མི་སྣ་ཁག་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་བཅས་ཀྱིས་ཆབ་སྲིད་ཐོག་ཞེ་བོ་ཅིག་གནང་གི་ཡོད་མདོག་མདོག་གིས་ཤེས་ཡོན་འཐུས་ཤོར་བཏང་བ་རེད་བསམ་གྱི་འདུག ད་ལྟ་ཆབ་སྲིད་ཐོག་གྲུབ་འབྲས་རྐང་གཅིག་སྟོན་རྒྱུ་མེད་པ་ཤེས་ཡོན་ཐོག་རྗེས་ལུས་ཐེབས་པ་ཞིག་ཆགས་ཡོད་པ་རེད་དྲན་གྱི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist